རློམ་འདུག
ཨ་ལགས་མཁན་པོ་ཕུན་ཚོགས།
༧ཆོས་དང་འཇིག་རྟེན་བསྲེས་པའི་འདི་སྣང་གི་ཟློས་གར།།
སྣང་བ་སྣ་ཚོགས་ཤར་བའི་ཚོར་འདུ་ཡི་རང་བཞིན།།
རྣམ་དཔྱོད་རིག་པས་རྙེད་པའི་གྲུབ་དོན་དུ་འཛིན་པར།།
ང་དང་ང་འདྲའི་སྐྱེ་བོས་མཁས་མདོག་ཏུ་རློམ་འདུག།
ངེས་དོན་དམ་ཚིག་གཙང་མའི་ཚུལ་ཁྲིམས་དང་བྲལ་ཏེ།།
ནང་གི་ཉམས་རྟོགས་ཆུ་ཡི་དབུ་བ་རུ་གྱུར་ཀྱང་།།
ཕྱི་ཡི་ཆ་ལུགས་མཛེས་མཛེས་ཚུལ་འཆོས་འདྲ་ཡོང་ན།།
ང་དང་ང་འདྲའི་སྐྱེ་བོས་ཞི་དུལ་དུ་རློམ་འདུག།
གུ་ཡངས་བསམ་རྒྱ་ཆེ་བའི་འདུ་ཤེས་ཤིག་བཟུང་སྟེ།།
ངན་སྤྱོད་རྒྱན་དུ་ངོམ་པའི་མི་ཚོགས་ཀྱི་སྤྱོད་པར།།
ཅི་ཡང་མི་སྨྲའི་བྱབ་ཆུང་རྟུལ་ཞུགས་ཀྱི་ལས་ལ།།
ང་དང་ང་འདྲའི་སྐྱེ་བོས་བཟང་སྤྱོད་དུ་རློམ་འདུག།
ཡ་གིར་ལྷ་ཆོས་དཀར་པོའི་སྣང་བ་དེ་གསལ་ཡང་།།
མ་གིར་མི་ཆོས་ནག་པོའི་གྲིབ་གཟུགས་དེ་མཐུག་པས།།
རང་སེམས་རྣམ་རྟོག་ཧྲིལ་པོ་མོག་མོག་ཏུ་སོང་བར།།
ང་དང་ང་འདྲའི་སྐྱེ་བོས་སྒོམ་པ་རུ་རློམ་འདུག།
ཕྲ་ཞིབ་གནས་ལུཊ་འཚོལ་བའི་རྣམ་དཔྱོད་ཀྱིས་དབུལ་ཡང་།།
བདེན་རྫུན་སྣ་ཚོགས་འདྲེས་པའི་གཏན་ཚིགས་ཤིག་དྲངས་ཏེ།།
ལོག་རྟོག་ངེས་ཤེས་འདྲ་བའི་བདེན་ཞེན་རེ་སྐྱེས་པར།།
ང་དང་ང་འདྲའི་སྐྱེ་བོས་བསམ་བྱུང་དུ་རློམ་འདུག།
གཞུང་བརྒྱའི་ཚིག་དོན་ཟབ་མོར་དཔྱོད་ཤེས་ནི་མེད་པར།།
དོན་དམ་སྙིང་པོས་དབེན་པའི་དཔེ་ཀློག་འདྲ་བྱས་ནས།།
འདི་སྣང་རྣམ་རྟོག་མང་པོའི་འཁོར་ལོ་ཞིག་བསྐོར་པར།།
ང་དང་ང་འདྲའི་སྐྱེ་བོས་ཐོས་བྱུང་དུ་རློམ་འདུག།
ཡུན་རིང་རྨོངས་པས་བརླན་པའི་བཟི་ཁ་དེ་བཙན་པས།།
རྣམ་གཡེང་ལེ་ལོའི་གྲོང་ལ་ལྷ་ཡུལ་དུ་འཁྲུལ་ནས།།
ཀྱག་ཀྱོག་འཚོ་བའི་ཁ་ཕྱོགས་ངེས་མེད་དུ་གྱུར་པར།།
ང་དང་ང་འདྲའི་སྐྱེ་བོས་བྱ་བྲལ་དུ་རློམ་འདུག།
ཁྲ་ཁྲའི་འདུ་འཛི་རྒོད་པའི་འཇིག་རྟེན་གྱི་བྱ་བར།།
བཟང་ངན་སྤུ་རིས་འབྱེད་པའི་བློ་མིག་ནི་མེད་ཅིང་།།
ཀུན་དང་མཐུན་པ་ལྟ་བུའི་བག་ཡངས་སུ་འཇུག་པར།།
ང་དང་ང་འདྲའི་སྐྱེ་བོས་ཡ་རབས་སུ་རློམ་འདུག།
རང་དོན་ཞེན་པ་གནག་པོ་རུམ་ཁུང་དུ་སྦས་ནས།།
སྤྱི་དོན་གཞན་དོན་ཟེར་བའི་ཁ་ཕོ་རེ་སྒྲོག་བཞིན།།
ངན་གཡོའི་འདུ་ཤེས་མོད་པའི་ལམ་བུ་ཞིག་འཚོལ་བར།།
ང་དང་ང་འདྲའི་སྐྱེ་བོས་འཇོན་ཐང་དུ་རློམ་འདུག།
རི་ཆུ་སྟོང་ཕྲག་བརྒལ་བའི་དཀའ་ཚེགས་དེ་བརྗེད་ནས།།
ཟང་ཟིང་འཁོར་བའི་ལྟད་མོར་ཅི་འདོད་དུ་རོལ་ཏེ།།
རྙེད་དཀའི་དལ་འབྱོར་བཟང་པོ་ཆུད་ཟོས་སུ་གཏོང་བར།།
ང་དང་ང་འདྲའི་སྐྱེ་བོས་བདེ་སྐྱིད་དུ་རློམ་འདུག།
ཡབ་མེས་རིགས་རུས་གཅིག་པའི་སྤུན་མཆེད་ཀྱི་འདུ་ཤེས།།
ཕྱོགས་ཞེན་དྲག་པོས་དཀར་ནག་གོ་ལྡོག་ཏུ་བྱས་ཏེ།།
རིགས་ཞེན་དུང་བ་དཀར་པོའི་རུས་རྐང་དེ་རྫོད་པར།།
ང་དང་ང་འདྲའི་སྐྱེ་བོས་ལ་རྒྱ་རུ་རློམ་འདུག།
ཕ་མར་བྱམས་ཀྱིས་སྐྱོང་བའི་ཡ་རབས་ཀྱིས་དབེན་ཡང་།།
འཛམ་གླིང་གང་སར་འགྲིམས་པའི་མྱོང་བ་ཞིག་ཡོད་ན།།
རང་མགོ་གར་ཐོན་བྱེད་པའི་ཕྱི་ཡུལ་གྱི་སྲོལ་ངན།།
ང་དང་ང་འདྲའི་སྐྱེ་བོས་ཡར་ཐོན་དུ་རློམ་འདུག།
མདོར་ན་འཚོ་བ་བཟང་པོའི་ཡར་སྣེ་རུ་ཡོད་དུས།།
སྣང་བ་མཐོན་པོས་དྲན་པ་རྒྱ་ཡན་དུ་བཏང་སྟེ།།
སེམས་ནས་གང་དྲན་སྨྲ་ཞིང་སྒྲོག་པ་རུ་དགའ་བ།།
ང་དང་ང་འདྲའི་སྐྱེ་བོས་སྤོབས་པ་རུ་རློམ་འདུག།
ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༡ ལ།
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག
མཆན་ཞོག