འབྲོག་མྱི།

        བོད་རིགས་ཁེ་ལས་པ་ཞིག་གི་ནང་མིས་ཁོང་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་དང་བཀག་ཉར་བྱས་ནས་ཟླ་གཅིག་དང་ཕྱེད་ཀ་ཕྱིན་སོང་ཟེར། ཁེ་ལས་པ་དེས་དེ་སྔོན་འཛེམ་ཟོལ་མེད་ཀྱང་ཞི་བའི་རྣམ་པས་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་སྐད་གཉིས་སློབ་གསོ་སྤེལ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།  
ཁེ་ལས་པ་དེས་མིང་ལ་བཀྲ་ཤིས་དབང་ཕྱུག་ཟེར་ཞིང་། ལོ་ན ༣༠རེད། ཕ་མ་དང་མཉམ་དུ་སྒ་སྐྱེ་རྒུ་མདོ་རུ་འཚོ་གནས་བྱས་ཡོད་ཅིང་། ནམ་རྒྱུན་ཝེ་པའོ་སོགས་སུ་སྐད་ཡིག་སྲིད་ཇུས་སྐོར་སོ་སོའི་ལྟ་ཚུལ་བརྗོད་མཁན་ཞིག་རེད། ཁོང་གིས་བོད་ཁུལ་དུ་གཏིང་ཟབ་པའི་སྐད་ཡིག་སློབ་གསོ་མེད་པའི་གནས་སྟངས་དེ་ནན་བརྗོད་དང་ཆབས་ཅིག བོད་རིགས་བྱིས་པ་མང་པོས་བོད་སྐད་དག་མ་ཞིག་བཤད་མི་ཤེས་པའི་གནས་སྟངས་ལ་སེམས་ཁུར་བྱས་ཡོད་ལ། དེ་ནི་བོད་མི་སྤྱི་བོའི་སེམས་ཁུར་ཞིག་ཀྱང་ཡིན།

        བཀྲ་ཤིས་དབང་ཕྱུག་ལགས་ད་ལོའི་སྤྱི་ཟླ ༡ ཚེས ༢༧ ཉིན་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་བཀག་ཉར་བྱས་ཤིང་། ད་བར་དུ་ཉིན ༤༥ ཕྱིན། རྒྱ་ནག་གི་ཁྲིམས་ལུགས་ལྟར་ན། ཉེན་རྟོག་པས་མི་ཞིག་ཉིན ༣༠ ལས་བཀག་མི་ཆོག དེའི་རྗེས་སུ་ཞིབ་བཤེར་ལས་ཁང་གིས་གིས་ཉིན་བདུན་གྱི་ནང་ཚུན་དུ་ཁྲིམས་གཏུག་བྱེད་དགོས། དེ་མིན་གློད་བཀྲོལ་གཏོང་དགོས་པ་རེད།

        བཀྲ་ཤིས་དབང་ཕྱུག་གི་ནང་མས་སྒ་སྐྱེ་རྒུ་མཁོའི་ཉེན་རྟོག་ལས་ཁང་དང་དེ་བཞིན་ས་གནས་ལྟ་སྲུང་བཀག་ཉར་ཁང་ལ་འབྲེལ་བ་བྱེད་ཐབས་བྱས་ཡོད་པ་དང་། ཁོང་ཚོས་བཀྲ་ཤིས་དབང་ཕྱུག་དེ་གར་བཀག་ཉར་བྱས་ཡོད་པར་ཡིད་ཆེས་བྱས་འདུག འོན་ཀྱང་། ཉེན་རྟོག་པས་བཀྲ་ཤིས་དབང་ཕྱུག་ཅིའི་ཕྱིར་བཀག་ཉར་བྱེད་དགོས་དོན་ཁོང་གི་ནང་ མིར་གསལ་བཤད་བྱས་མེད་པ་མ་ཟད། ནང་མིར་ཐུག་གི་ཡང་བཅུག་མེད་པ་རེད།

          ཨ་རིའི༼ནིའུ་ཡོག་དུས་བབ༽ ཀྱི་གསར་འགོད་པས་ས་གནས་ཉེན་རྟོག་ལས་ཁང་གི་འགོ་ཁྲིད་རུས་མིང་ཀྲང་ཟེར་བ་ཞིག་ལ་ཁ་པར་བརྒྱུད་གོང་ཞུས་གནས་ཚུལ་སྐོར་འདྲི་རྩད་བྱས་དུས། ཉེན་རྟོག་པ་དེས་རང་ཉིད་ཀྱི་རུས་མིང་ལས་གཞན་ཅི་ཡང་བཤད་མེད་པ་དང་། དེ་ཡང་རུས་མིང་ལ་ཀྲང་ཟེར་བས། ཁོ་རང་གཏོགས་སའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ལས་ཁང་གིས་གྱོད་དོན་དེ་རྩད་གཅོད་བྱེད་ཀྱིན་ཡོད་ལུགས་བརྗོད་འདུག

          འཛིན་བཟུང་བཀག་ཉར་མ་བྱས་པའི་གོང་དུ། བཀྲ་ཤིས་དབང་ཕྱུག་གིས་ཝེ་པའོ་ཡི་སྟེང་དུ་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་སྤེལ་ཡོད་པ་དང་། གཙོ་བོ་དེ་བོད་ཀྱི་རིག་གཞུང་ཉམས་དམས་སུ་འགྲོ་བཞིན་པའི་གནས་སྟངས་ཐད་ཀྱི་བློ་འཚབ་མཚོན་ཡོད་པ་རེད། དཔེར་ན། ད་ལོའི་སྤྱི་ཟླ ༡ ཚེས ༢༠ ཉིན། བཀྲ་ཤིས་དབང་ཕྱུག་གིས་དྲྭ་གྲོགས་ཤིག་གི་དཔྱད་བརྗོད་བརྒྱུད་གཏོང་བྱས་ཡོད་ཅིང་། ཐོག་མ་ཉིད་ཀྱི་དཔྱད་བརྗོད་དེས་ཁམས་པའི་བརྙན་འཕྲིན་ཁང་གིས་གཞུང་འབྲེལ་ཁམས་སྐད་ཀྱི་སྡེ་ཚན་དེ་མཚམས་འཇོག་དགོས་པ་གླེང་ཡོད་པ་དང་། དཔྱད་བརྗོད་དེའི་ནང་ཁྱོད་ཚོས་བརྗོད་ཀྱིན་པའི་བོད་ཀྱི་རིག་གཞུང་ནི། ཚོང་ཟོག་དང་ཡང་ན་འགྲེམས་སྟོན་དངོས་རྫས་རེད། ཅེས་བཀོད་འདུག

           བཀྲ་ཤིས་དབང་ཕྱུག་གི་ཆེས་མཐའ་མའི་ཝེ་པའོ་ནི་སྤྱི་ཟླ ༡ ཚེས ༢༤ ཉིན་གཞན་ཀྱི་དཔྱད་བརྗོད་བརྒྱུད་གཏོང་བྱས་པ་ཞིག་རེད། དང་ཐོག་གི་དཔྱད་བརྗོད་ནི་སྐྱེ་རྒུ་མདོ་གཏོགས་ཡུལ་མཚོ་སྔོན་ཞིང་ཆེན་ཁྲིམས་བཟོ་ལས་ཁུངས་དང་ཁྲིམས་བཟོ་གྲོས་འདྲི་སའི་ལས་ཁང་དག་གིས་སྐད་གཉིས་སློབ་གསོ་ལ་ཤེད་རྒྱག་རྒྱུ་དང་། སྐད་གཉིས་སྨྲ་བའི་ལས་བྱེད་པ་བསྡུ་ལེན་བྱེད་དགོས་པ་སོགས་བཀོད་ཡོད་པ་རེད།

          ༼ ནིའུ་ཡོག་དུས་བབ༽ཀྱིས་ལོ་སྔོན་མའི་སྤྱི་ཟླ ༡༡ པའི་ནང་དུབཀྲ་ཤིས་དབང་ཕྱུག་གི་ལྟ་བ་བརྗོད་པ་རྩོམ་ཡིག་ཏུ་བཀོད་ཡོད་ཅིང་། ནིའུ་ཡོག་དུས་བབ་ཀྱིས་ཡུན་ཚད་ལ་སྐར་མ་དགུ་ཅན་གྱི་བརྙན་པར་ཞིག་ཕབ་ལེན་བྱས་པ་བརྒྱུད། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁྲིམས་ལུགས་ལག་ཆ་བྱས་ནས་བོད་ཀྱི་སློབ་གསོ་སྐུལ་འདེད་ཇི་ལྟར་བྱེད་རྒྱུའི་སྐོར་གླེང་ཡོད་པ་རེད། ལོ་སྔོན་མའི་སྤྱི་ཟླ ༡༢ པའི་རྩོམ་ཡིག་ཅིག་གི་ནང་། ཁོང་གིས་སྐྱེ་རྒུ་མདོའི་རྒྱ་ནག་གི་དཔོན་རིགས་ཚོས་ཇི་ལྟར་རྟ་རྒྱུགས་དགའ་སྟོན་བེད་སྤྱད་ནས་དྲིལ་བསྒྲགས་ཀྱི་དམིགས་ཡུལ་འགྲུབ་ཐབས་བྱེད་ཀྱིན་པའི་སྐོར་འགྲེལ་བརྗོད་བྱས་འདུག

          ལོ་སྔོན་མའི་བཅར་འདྲི་ཞིག་གི་སྐབས་སུ། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ངས་བོད་རང་བཙན་གྱི་ལྟ་བ་བཟུང་མེད། ངས་སེམས་ཁུར་བྱེད་ས་དེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཡིན་ཞེས་བརྗོད་འདུག ལོ་སྔོན་མར་ཁོང་པེ་ཅིང་དུ་སོང་ནས་ཁྲིམས་ལུགས་ཀྱི་རོགས་འདེགས་འཚོལ་གྲུབ་བྱས་ ཤིང་། ས་གནས་དཔོན་རིགས་ཚོ་ཁྲིམས་ལ་གཏུག་འཆར་ཡོད་ཀྱང་། ད་དུང་ཁྲིམས་ལ་དངོས་སུ་གཏུག་མེད།

          བཀྲ་ཤིས་དབང་ཕྱུག་ལགས་གིས། སློབ་གྲྭ་ཁག་ཏུ་མིང་དོན་མཚུངས་པའི་སྐད་གཉིས་སློབ་གསོ་ལག་ལེན་དུ་བསྟར་ཆེད། ཁོང་གིས་ཁྲིམས་ལུགས་ཀྱིས་དཔོན་རིགས་ཚོར་གནོན་ཤུགས་ཤིག་སྤྲོད་ཐུབ་རྒྱུའི་རེ་བ་ཡོད་ཟེར། བོད་ཁུལ་གྱི་སློབ་གྲྭ་མང་ཆེ་བར་བོད་ཡིག་ཁོ་ན་ལས་གཞན་བསླབ་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་ཀྱིན་ཡོད། དེ་ནི་ཨ་རིའི་ཕྱིའི་སྐད་ཡིག་སློབ་གསོ་དང་འདྲ་བོ་རེད། ད་ལྟའི་བོད་ཁུལ་ཡོངས་ཀྱི་སློབ་ཁྲིད་ཀྱི་སྐད་ཡིག་གཙོ་བོ་དེ་རྒྱ་ཡིག་རྒྱ་སྐད་ཡིན།

         ངའི་དམིགས་ཡུལ་ནི་འགྱུར་བ་ཕྲན་བུ་ཙམ་གཏོང་ཐུབ་ན་ང་ཚོའི་མི་རིགས་ཀྱི་རིག་གཞུང་སྐོར་ཞིག་ལ་སྲུང་སྐྱོབ་ཐུབ་རྒྱུ་དེ་ཡིན། ཞེས་བཀྲ་ཤིས་དབང་ཕྱུག་གིས་བརྗོད་འདུག ཡང་ཁོང་གིས་བོད་རིགས་ཧྲིལ་བོ་དང་རིག་གཞུང་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁར་ཐུག་ཡོད་ཟེར།  དེ་མིན་ཁོང་གིས་བཤད་རྒྱུར། དོན་དངོས་སུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་རྒྱ་རིགས་ཚོར་ངས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ཟེར། གཞན་ཁོང་གིས་ཞི་ཅིན་ཕེང་གིས་རྒྱལ་ཁབ་ཀྱི་དམངས་གཙོ་དང་ཁྲིམས་ལུགས་ལ་སྐུལ་འདེད་བྱས་པར་བསྟོད་བསྔགས་ཀྱང་ཁྱས་འདུག

         བཀྲ་ཤིས་དབང་ཕྱུག་དང་ཁོང་གི་ནང་མས་བཤད་སྲོལ་ལྟར་ན། བཀྲ་ཤིས་དབང་ཕྱུག་ལགས་དེ་སྔོན་ཡང་ཐེངས་གཉིས་ལ་དུས་ཡུན་ཐུང་ངུའི་རིང་འཛིན་བཟུང་དང་བཀག་ཉར་བྱས་མྱོང་ཞིང་། ལོ ༡༠འི་ཡར་སྔོན་ཞིག་ལ། ཁོང་རྒྱ་གར་ལ་ཁྲིམས་འགལ་གྱི་འགྲོ་འཆར་ཡོད་པ་ཤེས་ནས་འཛིན་བཟུང་བྱས་པ་རེད།
 ༢༠༡༢ ལོར། བཀྲ་ཤིས་དབང་ཕྱུག་གིས་དྲྭ་ལམ་དུ་ས་གནས་གཞུང་གིས་ས་ཞིང་ཧམ་འཛིན་བྱས་པར་སྐྱོན་བརྗོད་བྱས་སྟབས་འཛིན་བཟུང་བཀག་ཉར་བྱས་འདུག དེའི་རིགས་ཀྱི་ཁེངས་ར་རྒྱ་ནག་ས་ཆེན་གང་ས་གང་དུ་ཡོད་ཡོད་པ་ཞིག་རེད།

        བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་འཱ་ལེ་པཱ་པཱ་གཏེར་འདོན་དྲྭ་རྒྱའི(阿里巴巴淘宝网)སྟེང་ཚོང་ལས་ཆུང་ཆུང་ཞིག་གཉེར་ནས་རྒྱ་ནག་ས་ཁུལ་ཁག་ལ་ས་གནས་ཀྱི་ཐོན་རྫས་རིགས་བཙོང་ཐབས་ཀྱིན་ཡོད། ཁོང་གི་བཙོང་བྱའི་ཚོང་རྫས་ནང་དབྱར་རྩྭ་དགུན་འབུ་ཡང་ཡོད་པ་རེད།

         ༢༠༡༤ལོར། འཱ་ལེ་པཱ་པཱ་ཡིས་ཐོག་དང་པོར་མ་རྐང་བསྡུ་རུབ་དང་མ་རྩ་འཛུགས་འཇོག་བྱེད་མཁན་ཚོར་ལམ་ཐིག་གསལ་བཤད་ཆེད་སྤྱི་བསྒྲགས་བྱས་པའི་བརྙན་པར་ནང་། བཀྲ་ཤིས་དབང་ཕྱུག་ཀྱང་བརྙན་པར་དེའི་ནང་བཏོན་ཡོད་པ་རེད།
རྒྱ་ནག་གི་དཔོན་རིགས་ཚོས་དགུན་དུས་དང་དཔྱིད་མགོའི་སྐབས་ནི་བོད་ཁུལ་གྱི་རྣོ་ཚོར་ཆེ་བའི་དུས་སྐབས་ལ་ངོས་འཛིན་བྱས་ཡོད། ཁོང་ཚོས་བོད་ལུགས་ལོ་སར་དང་གསུམ་བཅུ་དུས་དྲན་སྐབས་ངོ་རྒོལ་ལས་འགུལ་སླང་རྒྱུར་དོགས་ཟོན་བྱས་ཡོད། ༢༠༠༨ལོར་ཡོད་ཁུལ་ཡོངས་ལ་ཁྱབ་པའི་ཞི་བའི་ངོ་རྒོལ་ཆེན་པོ་ལངས་པ་དང་། དུས་དེ་ནས་བཟུང་བོད་མི་འཛིན་བཟུང་དང་བཀད་ཉར་རིགས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད། དེ་ནས ༢༠༠༩ ལོ་ནས་དེ་རིང་བར། བོད་ནང་ཁུལ་དུ་བོད་མི ༡༤༤ས་རང་ལུས་མེར་བསྲེགས་ནས་རྒྱ་ནག་གི་གཏན་འབེབས་དང་ལག་ལེན་དུ་བསྟར་གྱིན་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད།

          ཟླ་བ་འདིའི་ནང་རྒྱ་གཞུང་གིས་དེང་སྲོལ་ལྟར་ཚོགས་ཆེན་གཉིས་ཞེས་པ་བསྐོངས་ཡོད་པ་དང་། རྒྱ་ནག་གཞུང་གིས་གོ་སྐབས་དེ་དམ་འཛིན་གྱིས་མི་རིགས་འཆམ་མཐུན་གྱི་སྣང་བརྙན་ ཞིག་སྐྲུན་གང་ཐུབ་བྱེད་ཀྱིན་ཡོད། བོད་ལྗོངས་ཀྱི་འཐུས་མི་ཚོས་མི་རིགས་ཀྱི་ཁྱད་ཆོས་ཟེར་བ་བཏོན་ནས། ལུས་ལ་ཟམ་པགས་ཀྱི་ཁ་རྒྱན་ཅན་གྱི་ཕྱུ་པ་གོན་ཞིང་མགོ་ལ་ཝ་མོ་ཡུག་དཀྱིས༼དཀྲིས༽ བྱས་པའི་ཐོག རྒྱ་ནག་དམར་གཞུང་གི་དཔོན་རབས་མའོ་ཙེ་ཏུང་དང་། ཏེང་ཞོ་ཕེང་། ཅང་ཙེ་མེད། ཧའོ་ཅིན་ཐའོ། ཞི་ཅིན་ཕེང་གི་སྐུ་འདྲ་ཕབ་པའི་རྟགས་མ་ཕྱུ་པའི་གོང་བའི་སྟེང་ཕྲེང་བསྒྲིགས་ནས་བཏགས་ཏེ། ཏང་དང་དབུ་ཁྲིད་ལ་བློ་དཀར་བོ་ཡིན་པའི་ཚུལ་མཚོན་ཐབས་བྱས་འདུག སྤྱི་ཚེས ༢ཉིན། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་གཞུང་གིས་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་གཅིག་གི་མ་རྩ་བཀོལ་ནས་མདོ་དབུས་མཐོ་སྒང་གི་དུར་ཁྲོད ༡༥༦ བསྐྱར་སྐྲུན་དང་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལུགས་བསྒྲགས་འདུག
སྤྱི་ཚེས ༡ ཉིན། ཨ་རིའི་མགྱོགས་ཟས KFCསྟེ་ཁཱན་ཊ་ཁེ་བྱ་ཤ་སྲེག་མའི་ཟ་ཁང་དང་པོ་དེ་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྒོ་ཕྱེས་ཡོད་པ་དང་། བོད་མིའི་ཐོབ་ཐང་སྲུང་སྐྱོབ་རྩ་འཛུགས་ཀྱིས་བྱ་སྤྱོད་དེར་སུན་འབྱིན་དང་སྐྱོན་བརྗོད་བྱས་འདུག ༢༠༠༤ ལོར། ༧སྤྱི་ནོར ༧ གོས་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས KFC ལས་ཁུངས་ཨ་མར་ཕྱག་ཡིག་ཕུལ་ནས་་ཁྱིམ་བྱ་ས་ཡ་མང་པོ་གསོད་དགོས་པས་དེ་བོད་ཀྱི་ལྟ་བའི་རིན་ཐང་དང་འགལ་ཡོད་པས་ཚོང་ལས་དེའི་རིགས་བོད་དུ་མ་སྤེལ་ན་ཞེས་ཐུགས་རེ་བཏོན་ཕྱིན། KFCཡིས་ལས་འཆར་དེ་ཕྱིར་འགྱངས་བྱས་པ་རེད།

ཡོང་ཁུངས་ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading