རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས།

བོད་གངས་རིའི་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བ་གལ་ཆེ་བའི་བསམ་ཚུལ་ཕྲན་བུ།

རྩོམ་པ་པོ། རིག་པའི་ཁུ་བྱུག

      བོད་གངས་རིའི་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་གལ་ཆེ་ཚུལ་གྱི་སྐོར་ནས་རང་གི་བསམ་ཚུལ་མདོར་བསྡུས་ཙམ་ཞུ་ན། དེ་ཡང་གངས་ཅན་ལྗོངས་ནི་འཛམ་གླིང་གི་ཡང་རྩེར་གྱུར་པ་སྟེ།

      རིན་སྤུངས་པ་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པས།

ནོར་འཛིན་མ་འདིའི་རྒྱན་དུ་སྲིད་པ་ཡིས། །

བྱིན་པའི་གངས་རི་དཔལ་གྱི་དོ་ཤལ་ཅན། །

ལྟོ་བར་ཆོས་ཀྱི་རྒྱལ་སྲིད་བླ་ན་མེད། །


གླིང་རྣམས་ཀུན་གྱི་གཙུག་ཏོར་འདི་ཡིན་ནོ། །

          ཞེས་གསུངས་པ་ལྟར་གྱི་བསིལ་ལྡན་ཁ་བ་ཅན་ནི། གངས་རི་ར་བས་བསྐོར་ཞིང་། མཚོ་དང་མཚེའུས་བརྒྱན་པ། ཆུ་དང་གཙང་བོས་ཕྱུག་པ། ནགས་དང་སྤང་གིས་ཡོངས་སུ་སྤྲས་པའི་ཡུལ་ལྗོངས་འདི་ནི།
 འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་གནས་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞབས་ཀྱིས་བཅགས་པའི་གནས་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་དངོས་སུ་བཞུགས་ཤིང་རྗེས་སུ་བཟུང་བ་སོགས་ཀྱི་གནས་དང་། མ་ཎི་ཡིག་དྲུག་དང་གུ་རུ་སིདྔྷིའི་ཆོས་སྒྲ་ནི་སྐྱེ་བོ་རྒན་གཞོན་དང་། མི་སྐྱ་ཕོ་མོ། བན་ཇོ་སེར་སོགས་ཀྱི་ཁྱད་པར་གང་ཡང་མེད་པར་ཀུན་གྱི་ངག་ནས་དབྱར་དགུན་སྟོན་དཔྱིད་སོགས་དུས་བཞི་དབྱེར་མེད་ལ་མཐོན་པོའི་རྫ་རྩེ་ནས་དམའ་མོའི་སྤང་གཞུང་གི་བར་དུ་དབྱངས་ལ་དྲངས་ནས་མགུར་དུ་སྒྲོག་པའི་ཕན་ཡོན་དང་དགེ་བས་ཁྱབ་པའི་བསིལ་ལྡན་ལྗོངས་ཞེས་པའི་ཆོས་ལྡན་གྱི་ཞིང་ཁམས་སུ། ①ཞེས་པ་ལྟར། བོད་གངས་ཅན་ལྗོངས་ཀྱི་རྒྱ་ཁྱོན་ཡོངས་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི 250ལྷག་ཡོད་པ་དང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་ལ་རྨིས 4500ཡན་ཡོད་ཅིང་། ཆེས་མཐོ་ས་ལ་རྨིས 8848ལྷག་དང་། ཆེས་དམའ་ས་ལ་རྨིས 800ལྷག་ཡོད་པ་དང་། སྲིད་དུ་སྤྱི་ལེ 2900ལྷག་དང་། ཞེང་ལ་སྤྱི་ལེ2600ལྷག་ཡོད་པ། ལོ་འཁོར་མོར་ཉི་འོད་འཕྲོ་ཚད་ཆུ་ཚོད 3000ལྷག་ཙམ་ཟིན་པའི་འཛམ་བུ་གླིང་གི་ཡང་རྩེར་གྱུར་པའི་གནས་མཆོག་ནི་རང་ཅག་གངས་ཅན་པ་རྣམས་ཀྱི་ཕ་ས་གཅིག་པུ་ཡིན་ནོ། །

    གཞན་བོད་གངས་ཅན་ལྗོངས་ནི་འཛམ་གླིང་གི་ལྷོ་བྱང་སྣེ་གཉིས་ཕུད་པའི་འཁྱགས་ཀླུང་སྟོང་ཕྲག 46ཡོད་པའི་ནང་ནས་ཆུའི་འབྱུང་ཁུངས་མང་ཤོས་ཀྱི་ཡུལ་གྲུ་ཞིག་ཡིན་པའི་ཕྱིར་ན། དེང་སང་མི་མང་ཆེ་བས་བོད་གངས་རིའི་ལྗོངས་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཀྱིན་ཡོད་ཅིང་། དེ་ནས་ཨེ་ཤ་ཡའི་རྒྱལ་ཁབ་དག་གི་ཆུ་བོའི་བརྒྱ་ཆ 50ལྷག་དང་། རྒྱ་ཡུལ་གྱི་ཆུ་བོའི་བརྒྱ་ཆ 30ལྷག་གི་ཆུའི་འབྱུང་ཁུངས་ནི་བོད་གངས་ཅན་ལྗོངས་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར་རོ། །  དེས་ན་གྲང་བའི་ཞིང་ཁམས་དགོས་ན་ཁ་བའི་ལྗོངས་དང་། དྲོད་ཀྱི་ཞིང་ཁམས་དགོས་ན་ཉི་འོད་ཀྱི་འབྱུང་ཁུངས་ལྟ་བུར་གྱུར་པ་ནི་བོད་ཅེས་པའི་མི་རིགས་ཀྱི་མེས་པོར་གྱུར་པའི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ཀྱི་འབྱུང་གནས་དང་། དེ་གཉིས་ཀྱི་བུ་རབས་ཚ་རྒྱུད་ལས་འཕེལ་བའི་བོད་ཅེས་པའི་མི་རིགས་ཤིག་གི་བདེ་སྡུག་གི་འཚོ་བ་སྐྱེལ་ས་དང་། གནས་ས། ཁྱད་པར་དུ་བོད་གངས་ཅན་པ་རྣམས་ཀྱིས་སྣོད་བཅུད་གཉིས་དང་། ཡང་ན་ཕྱི་ནང་གཉིས་སོགས་གང་གི་མདུན་ལམ་དང་། འཕེལ་རྒྱས་སོགས་ཀྱི་ཆེད་དུ་འདྲ་མཉམ་དང་། དྲང་བདེན། རང་དབང་སོགས་རྩོད་ལེན་བྱ་བའི་གནས་ཤིག་སྟེ། གངས་ཅན་ཁ་བའི་ལྗོངས་ཞེས་གྲགས་པ་ནི་ང་ཚོ་སྒང་བ་བོད་ཀྱི་ཕ་ས་ཡིན་པའི་ཕྱིར་ན། ང་ཚོའི་ཕ་ས་དང་ཕ་ཡུལ་ལ་བོད་གངས་ཅན་ཞེས་ཐོགས་པའི་རྒྱུ་མཚན་ལའང་། དེ་ཡང་ཇི་སྐད་དུ་གྲགས་ན།

གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །

མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །

       ཅེས་གསུངས་པ་ལྟ་བུའོ། །
  བོད་ཁ་བ་ཅན་གྱི་ཁོར་ཡུག་གི་ས་ཁམས་ཆགས་ཚུལ་གྱི་དབྱེ་མཚམས་འབྱེད་སྟངས་ལ། སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་གྲགས་པ་དང་། དེ་ནས་ས་ཆུ་རི་གསུམ་གྱི་དབྱེ་བ་ལའང་གངས་ཅན་བཞི་དང་། ཆུ་ཆེན་བཞི། མཚོ་ཆེན་བཞི། ཐང་ཆེན་བཞི། རོང་ཆེན་བཞི་སོགས་ཀྱིས་ཁྲ་བཏབ་པ་ལྟར་གྱི་ཞིང་ཁམས་ནི།

ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །

གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །

མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །

གངས་དཀར་ཤེལ་གྱི་མཆོད་རྟེན་ཡོད། །

སྤང་སེར་བོ་གསེར་གྱི་ལྷུན་པོ་ཡོད། །

དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །

སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །

དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །

          ཅེས་གྲགས་པའི་ཁ་བ་ཅན་གྱི་མཛེས་ལྗོངས་འདི་ནི། སྟོད་ན་གཡའ་རི་དང་བྲག་རི། བར་ན་རྫ་རི་དང་སྤང་རི། སྨད་ན་རྩི་ཤིང་དང་ནགས་ཚལ་སོགས་ཀྱིས་ཡོངས་སུ་བརྒྱན་པའི་དབུས་སུ། རྩྭ་རྩི་ཤིང་རྒྱས་པ། རི་དྭགས་བག་གིས་རྒྱུ་བ། བྱ་བྱིའུ་འཕུར་ལྡིང་ལ་རྩེན་པ། ཆུ་ཕྲན་དལ་དུ་འབབ་པ་སོགས་ཀྱི་དབང་གིས་ཆར་ཆུ་དུས་སུ་འབབ་པ་དང་། རོང་གི་ལོ་ཏོག་ལེགས་པ། ཕྱུགས་ཀྱི་འཕེལ་ཁ་རྒྱས་པ། དུས་བཞིའི་འབྱེད་མཚམས་གསལ་བ། གནམ་གཤིས་དྲོ་བསིལ་སྙོམས་པ། ཡུལ་ལྗོངས་ལྟ་ན་སྡུག་པས་འཛམ་བུ་གླིང་གི་འགྲོ་བ་ཀུན་གྱིས་ཡིད་སྨོན་བྱ་བའི་ཡུལ་དུ་གྱུར་པའི་ས་སྤྱོད་ཀྱི་ཞིང་ཁམས་འདིའི་ཁོར་ཡུག་ཕུན་ཚོགས་པ་ནི་བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བློན་དང་། ལོ་པཎ། མཁས་གྲུབ་བགྲང་གིས་མི་ལོང་བའི་མི་རབས་ནས་མི་རབས་བར་དུ་བྱོན་པ་རྣམས་དང་། ཁྱད་པར་དུ་བོད་ཀྱི་མི་རེ་རེས་རང་རང་གི་ལུས་སྲོག་ལས་ཀྱང་གཅེས་པར་འཛིན་པའི་རྒྱུ་མཚན་ནི།

ཆུ་གཙང་མ་རྙོག་ན་ཀླུ་མི་དགའ། །

རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་། །

རི་བཟང་བོ་སློག་ན་ས་མི་དགའ། །

དྲི་ངན་པ་བདུག་ན་ལྷ་མི་དགའ། །

      ཞེས་པ་ལྟ་བུའི་ལྟ་གྲུབ་དང་། བསམ་སྤྱོད། གོམས་གཤིས་སོགས་ཀྱིས་སྲུང་སྐྱོབ་མཛད་པའི་གྲུབ་འབྲས་ལས་བྱུང་བ་ཡིན་ལ། ད་ལྟར་འཛམ་བུ་གླིང་དུ་ངོམ་བཞིན་པའི་ཀྲུང་གོའི་རྒྱལ་ནོར་དུ་གྲགས་པའི་དོམ་ཁྲ་ཞེས་པའང་བོད་གངས་ཅན་ལྗོངས་ནས་བྱུང་བ་ཡིན་ཞིང་། བོད་གངས་རིའི་ལྗོངས་མ་གཏོགས་ས་ཆ་གཞན་པ་གང་ནའང་མེད་པའི་འབྲོང་དང་། གཙོད། དོམ་ཁྲ་སོགས་ཀྱིས་མཚོན་པའི་རི་དྭགས་ཅི་རིགས་པ་ཞིག་ད་ལྟའི་འཛམ་བུ་གླིང་གི་མི་རྣམས་ཀྱིས་བོད་གངས་རིའི་ལྗོངས་ནས་མཐོང་ཐུབ་པ་འདི་ནི། བོད་ལྟ་བུ་ཆོས་ལྡན་ཞིང་ཁམས་ཀྱི་བུ་རབས་ཚ་རྒྱུད་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཡིན་པར་སེམས་སོ། །

  བོད་ཁ་བ་ཅན་གྱི་མེས་པོ་རྣམས་ཀྱིས་ང་ཚོའི་ཕ་མའི་མི་རབས་ལ་བཞག་པའི་ཡུལ་ལྗོངས་ནི་ཅི་འདྲའི་གཙང་བ་དང་མཛེས་པ་ཡིན་མོད། འོན་ཀྱང་ད་ལྟའི་ང་ཚོའི་མི་རབས་རྣམས་ཀྱི་སེམས་ཤིན་ཏུ་སྐྱོ་དགོས་པ་ཞིག་ལ། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་ཡས་མས་ནས་བཟུང་། དམངས་གཙོ་བཅོས་བསྒྱུར་ནས་རིམ་པར་རིག་གནས་གསར་བརྗེ་ཆེན་པོ་དང་འབྲེལ་བའི་གྲལ་རིམ་འཐབ་རྩོད་སོགས་བྱུང་བའི་དུས་འགྱུར་ཆེན་པོའི་ནང་དུ་བོད་ཁ་བ་ཅན་ཞེས་པའི་ས་སྤྱོད་ཀྱི་ཞིང་ཁམས་ལྟ་བུར་གྱུར་པའི་ཡུལ་ལྗོངས་སྤྱི་དང་། བྱེ་བྲག་ཏུ་ལུང་བ་རེ་རེའི་ནང་དུ་ས་བརྐོ་རྡོ་སློག་དང་། རྩྭ་འབྲེག་ཤིང་གཅོད། ཆུ་བཀག་གཏེར་འདོན་སོགས་བདུད་ནག་གིས་ས་སྟེང་བརླག་པ་ལྟར་གྱིས་བོད་རང་སྐྱོང་ལྗོངས་གཙོས་པའི་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ཀྱི་ཁོངས་སུ་གཏོགས་པའི་བོད་རིགས་རང་སྐྱོང་ཁུལ་དང་རྫོང་སོགས་ཀྱི་ཁོར་ཡུག་གི་གཡང་བཅུད་སུ་གྱུར་པའི་གངས་རི་དང་། ཆུ་བོ། མཚོ། ནགས་ཚལ། སྤང་ལྗོངས། གཏེར་ཁ་སོགས་ཐམས་ཅད་ལོ་རེ་ནས་ལོ་རེ་བཞིན་དུ་ཉམས་ཀྱིན་ཡོད་པའི་གནད་དོན་ཚབས་ཆེན་པོ་ལ་བསམ་གཞིགས་ནན་ཆེན་ཞིག་དགོས་པའི་དུས་སུ་སླེབས་པ་མ་ཡིན་ནམ།

   དེ་སྔར་ཡོད་པའི་རི་ཆུ་ས་གསུམ་སོགས་ཕུན་སུམ་ཚོགས་པའི་ཁོར་ཡུག་རྣམས་མུ་མཐུད་དུ་སྲུང་སྐྱོབ་བྱ་དགོས་པར་མ་ཟད། འབྱུང་འགྱུར་གྱི་འགྲོ་བ་མིའི་འཚོ་གནས་དང་སྤྱི་ཚོགས་འཕེལ་འགྱུར་གྱི་དགོས་པར་ ལྟོས་པའི་མཛེས་ཤིང་གཙང་བའི་ཁོར་ཡུག་ཅིག་འཛུགས་བསྐྲུན་བྱ་བ་ལ། ལྗོན་ཤིང་སོགས་འཛུགས་དགོས་པའི་རེ་སྐུལ་དུ། ཏེང་ཞའོ་ཕིན་གྱིས། ལྗོན་པ་བཙུགས་ནས་ནགས་ཚལ་བཟོ། མེས་རྒྱལ་སྔོ་ལྗང་ཅན་དུ་བསྒྱུར། མི་རབས་རྗེས་མར་ཕན་རླབས་སྦྱིན། ② (植树造林,绿化祖国,造福后代。)ཞེས་ གསུངས་པ་ནི། ད་ལྟར་ང་ཚོས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་ནི་ང་ཚོའི་མི་རབས་ཙམ་དུ་མ་ཟད། ང་ཚོའི་མི་རབས་ནས་མི་རབས་རྗེས་མའི་བུ་རབས་ཚ་རྒྱུད་རྣམས་ཀྱི་འཚོ་བ་དང་གནས་སྡོད་བྱ་བའི་བདེ་སྐྱིད་དང་འབྲེལ་བ་དམ་ཟབ་ཆེན་པོ་ཡོད་པས་ན། ཁོར་ཡུག་སྲུང་སྐྱོབ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དོན་ཁོ་ན་ཙམ་མིན་པར་འགྲོ་བ་མིའི་རིགས་སུ་གྱུར་པ་ཞིག་ཡིན་ནས་བཟུང་སྟེ་ཁོར་ཡུག་སྲུང་སྐྱོབ་བྱ་བའི་དགོས་པ་དང་འོས་འགན་ནི་ཚང་མ་ལ་ཡོད་དོ། །

   ང་ཚོའི་མི་རབས་འདི་ལ་བོད་ཀྱི་མེས་པོ་རྣམས་ཀྱིས་མཛེས་ཤིང་གཙང་བའི་ཁོར་ཡུག་ཅིག་མི་རབས་ནས་མི་རབས་བར་དུ་སྲུང་སྐྱོབ་བྱས་ནས་བཞག་ཡོད་ཅིང་། ང་ཚོའི་མི་རབས་འདིས་གངས་རིའི་ལྗོངས་ཀྱིས་མཚོན་པའི་བོད་ཁ་བ་ཅན་གྱི་ཁོར་ཡུག་ཕུན་སུམ་ཚོགས་པའི་ཞིང་ཁམས་ཤིག་གཏོར་བརླག་བཏང་དང་གཏོང་བཞིན་པའི་མཇུག་འབྲས་ལ། ཉེ་བའི་ལོ་ཤས་རིང་ནས་བོད་ཀྱི་འབྲི་ཆུ་དང་། རྨ་ཆུའི་སྨད་རྒྱུད་ཀྱི་ས་ཁུལ་སྤྱི་དང་བྱེ་བྲག་ལ་ཆུ་ལོག་དང་། ས་འགུལ། ཚ་བ་སོགས་མདོར་ན་མེ་ཆུ་ས་རླུང་སོགས་ཀྱི་འབྱུང་བས་འཇིག་པ་ཆེན་པོ་ཡོང་བའི་གནད་དོན་གཙོ་བོ་ནི། ང་ཚོའི་མི་རབས་འདིས་སྣོད་བཅུད་གཉིས་འདུས་པའི་ཁོར་ཡུག་གཏོར་བརླག་བཏང་བས་ལན་པ་ཡིན་པའི་ཕྱིར་ན། མའོ་ཙེ་ཏུང་གིས། གལ་སྲིད་རང་བྱུང་ཁམས་ལ་ངོས་འཛིན་ཐོབ་མེད་པ་དང་། ཡང་ན་ངོས་འཛིན་གསལ་པོ་ཐོབ་མེད་ཚེ་འགོག་རྐྱེན་ལ་ཐུག་ཡོང་གི་རེད་ལ། རང་བྱུང་ཁམས་ཀྱིས་ང་ཚོར་ཆད་པ་བཅད་ཡོང་གི་ཡིན་པ་དང་ངོ་བཟློག་བྱས་ཡོང་གི་རེད།  ③(如果对自然界没有认识,或者认识不清楚,就会碰钉子,自然界就会处罚我们,会抵抗。)ཅེས་གསུངས་པའང་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་གལ་ཆེ་ཚུལ་སོགས་ཤེས་དགོས་པའི་ ཆེད་དུ་གུས་པའང་དེ་རིང་གི་འཚོགས་འདུ་འདི་ལྟ་བུ་ལ་ཡོང་བ་ཡིན་ནོ། །

   དེ་རིང་གི་འཚོགས་འདུ་འདི་ལྟ་བུ་ལ་ཞུགས་ནས་ང་ཚོ་ཚང་མས་སྣོད་བཅུད་གཉིས་བར་གྱི་འབྲེལ་བ་གང་འདྲ་ཞིག་ཡིན་པ་གོ་དགོས་ཤེ་ན། འདས་ད་ལྟ་མ་འོངས་གང་དུའང་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ནི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་སུ་གོ་དགོས་ཏེ།

རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས།

སྣོད་ཀྱི་དགེ་མཚན་བཅུད་ཀྱི་གསོས་སུ་གྱུར། །

བཅུད་ཀྱི་དགེ་ཚོགས་སྣོད་ཀྱི་གཡང་དུ་འཁྱིལ། །

སྣོད་བཅུད་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས། །

འཕྲལ་ཡུན་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག  །

 ④ཅེས་གསུངས་པས་ཤེས་དགོས་སོ། །


  མཇུག་མཐར་གཉན་པོ་གཡུ་རྩེར་སྣོད་བཅུད་གླེང་བ་ལ་སྲོལ་རྒྱུན་དང་དེང་རབས་དབར་གྱི་ཁ་བརྡ་ཞེས་པའི་འཛམ་གླིང་ཡང་རྩེར་གྱུར་པའི་གངས་ཅན་ལྗོངས་ཀྱི་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གླེང་སྟེགས་འདི་འདྲ་ཞིག་ཐོག་མར་འཆར་གཞི་འཛིན་པ་ནས་གྲ་སྒྲིག་དེ་རིང་གཉན་པོ་གཡུ་རྩེའི་མདུན་དུ་དངོས་སུ་ཚོགས་ཐུབ་པ་བྱུང་བ་སོགས་ཀྱི་ཐད་ལ་ལྷག་བསམ་དང་། ཐབས་བཀོད། ནུས་པ། རྒྱུ་སོང་སོགས་རྩེ་གཅིག་ཏུ་སྒྲིམ་པའི་གཉན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ། རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་གཙོས་པའི་ཚོགས་པ་ཁག་དང་། མཁན་སྤྲུལ་རྣམས་གཙོས་པའི་སྐུ་མགྲོན་རྣམ་པ། ཁྱད་པར་དུ་གཉན་པོ་གཡུ་རྩེའི་འབངས་སྡེར་གཏོགས་པའི་ཡུལ་ལུང་འདིའི་སྐྱེ་ཕོ་མོ་རྒན་གཞོན་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཡང་ནས་ཡང་དུ་ཞུ་བ་དང་། བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གནས་སོགས་ཀྱི་དཔལ་ཡོན་ཐམས་ཅད་ཀྱང་གཉན་པོ་གཡུ་རྩེའི་དབུ་འཕང་མཐོ་བ་ལྟར་དར་ཞིང་རྒྱས་པར་གྱུར་ཅིག་གོ

  ཞེས་པ་ནི་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་ནས་བཏང་བའི་གཉན་པོ་གཡུ་རྩེར་སྣོད་བཅུད་གླེང་བ་ལ་སྲོལ་རྒྱུན་དང་དེང་རབས་དབར་གྱི་ཁ་བརྡ་ཞེས་པའི་འཚོགས་བརྡ་ཞིག་ཟླ་འདིའི་ཚེས་ ༧ ཉིན་གྱི་སྔ་དྲོར་གུས་པའི་ལག་ཏུ་འབྱོར་འཕྲལ་དུ་རང་ཅག་གངས་ཅན་པ་རྣམས་ཀྱི་ཕ་མེས་ཡང་མེས་ནས་ང་ཚོའི་མི་རབས་འདི་ལ་ཐུག་པ་རྣམས་ཀྱི་སྐྱེ་ཡུལ་དང་། ཆགས་ཡུལ། གནས་ཡུལ། དར་ཡུལ་དུ་གྱུར་པའི་བོད་གངས་རིའི་ལྗོངས་ཀྱི་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་ཁོར་ཡུག་ཡོད་དོ་ཅོག་སྲུང་སྐྱོབ་བྱ་བ་གལ་ཆེ་བའི་ཚུལ་ལ་བསམ་གཞིགས་དགོས་པའི་རེ་བ་དང་། ཡང་ན་སྐུལ་འབོད་ཀྱི་བསམ་ཚུལ་ཕྲན་བུ་ཙམ་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་རིག་པའི་ཁུ་བྱུག་ཏུ་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་བ་ལྔ་པའི་ཚེས་སུམ་ཅུའམ། སྤྱི་ལོ 2013ལོའི་ཟླ 7 པའི་ཚེས 8ཉིན་ལ་པེ་ཅིན་དུ་བྲིས་པ་དགེའོ། །


མཆན།
[1]  སྟུག་རྒྱའི་བཀའ་སྲུང་མགོན་པོས་བརྩམས། པཎ་ཆེན་རིན་པོ་ཆེ་རྗེས་དྲན་ལས་འཕྲོས་པའི་བོད་ཀྱི་སྐད་ཡིག་དང་རིག་གནས་སྐོར་གྱི་གནད་དོན་གླེང་བ་དུས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། ། ཤོག་ངོས34 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། སྤྱི་ལོ2010ལོའི་ཟླ11པའི་ཚེས24ཉིན་པེ་ཅིན་དུ་དཔར།
[2] མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིན། ཅང་ཙེ་རྨིན་བཅས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་སྐོར་གླེང་བ། ཤོག་ངོས51མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ11པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[3]མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིན། ཅང་ཙེ་རྨིན་བཅས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་སྐོར་གླེང་བ། ཤོག་ངོས26 མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ11པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[4] དཔལ་སྤྲུལ་སྙན་རྩོམ་གཅེས་བཏུས། ཤོག་ངོས200སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ7པར་པར་གཞི་དང་པོ་ཐེངས་དང་པོར་དཔར།

   ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s