སྨྱུག་མདའི་སྙན་ངག་གསར་བ་འགའ།

 ___ སྨྱུག་མདའ།


༈ དུད་དྲེག

མེ་ལོང་ངོས་ཀྱི་མི་ཚོགས
ཚ་དྲོད་དང་རྨི་ལམ་གཞན་ཞིག་རྒུམ་སྟེ
སུ་ཞིག་གི་ར་མདའ་བཞིན་མངོན་ཡོང་ན
གྲིབ་མའི་འོག་ཏུ་གཟུགས་ཕུང་དང་མུན་པ་རེ་རེ་བྲིས་ཡོད

རྣག་གི་རི་མོ་སྣ་ཚོགས་ཤིག་གྲུབ་ཚར་རྗེས
ཡི་གེ་དག་ཁྲོག་ཁྲོག་ཏུ་འཆི་སྐར་ལ་སྒུག་ངེས་ཏེ
རྨི་ལམ་ནང་གི་བུ་མོ་དེ་བོར་འགྲོ་བ་རེད
དེ་དུས་དལ་ཅག་གེར་བཙོན་མར་གྱུར་ཚར་བ་རེད

དུས་ཚོད་འདི་དཔྱད་ཀ་ཞིག་ཏུ་ཁེལ་བས
ཁུ་བྱུག་གི་སྐད་དེ་གྲག་ཨེ་ཡོང་སེམས་ཏེ
ཟླ་བ་རྒས་ཀྱང    ཉི་མ་རྒས་ཀྱང
ངས་ད་དུང་རི་བོར་སྨོན་ལམ་གྱི་ཁ་ཕྱོགས་ཤིག་སྒྲིག་གིན་ཡོད

སེམས་ཁམས་ཀྱི་འོད་ཕྲ་བུ་དེའང
ས་དོག་མོ་འདིའི་མཐའ་ཡས་པའི་མཁའ་དབྱིངས་ཉིད་དེ
ཁྱོད་ཀྱི་རྒྱབ་རོལ་དུ་རྡོ་བ་ནག་པོ་ཞིག་རེད
འཁྱག་སིབ་སིབ་ཀྱི་རྡོ་བ་ནག་པོ་ཞིག

ལམ་འགྲོ་བ་ཚོ་སང་ཉིན་ཡང་སྔར་བཞིན
མིག་ཟུང་བཙུམ་སྟེ་མདུན་དུ་མཆོང་གིན་རེད
མདུན་ལྗོངས་ཀྱི་ལོ་ཟླ་ན་རེ
མེ་ཏོག་བྱེ་ཐང་ལ་འདྲུད་བཞིན་འཆི་འོ
ངས་དེ་ལྟར་སྙམ་སྟེ་འཆི་འོ

2016/3/20 མཚན་མོར།


ཡེ་འདྲོག

བར་སྣང་ལ་ལྷབ་ལྷུབ་ཏུ་འཕུར
ནམ་ཡིན་འཚང་ག་ཤིག་ཤིག
ཐ་རྡུལ་དལ་ཅག་གེར་སོང་དུས
སེམས་པ་སུན་སྣང་གིས་བཙིར

སྟོང་བ་ཉིད་ཀྱི་ཐ་སྙད་བར་ན
འདུ་ཤེས་ཤི་རོ་དག་འཚེམ་བཟོ་བྱས
སྒེའུ་ཁུང་གི་དྲ་མའི་ངོས་སུ
རང་ཉིད་ཀྱང་དྲ་མའི་དཔེ་རུ་བཀོད

སྒྲ་དང་རེག་བྱའི་བསླུ་བྲིད་འོག
སྟོང་བ་ཉིད་ཀྱི་ཆག་འཕྲོ
ང་ཚོ་སོང་སོང་བའི་ཁ་ཕྱོགས་དེར་གྱུར
རྐང་ལམ་དེར་གྱུར
དཀོན་མཆོག་གིས་གཟིགས་པ་ཨེ་བྱུང

མིའི་ལག་པ་རྩེ་མོ་ཅན་ཞིག་བཟོས
རླུང་གིས་ཡི་གེའི་གྲིབ་མ་ཡོར་ཡོར་བྱས
མཛེར་མ་ལྟ་བུའི་ས་གཞི་འང་ག་ལེར་འགུལ
སྨག་ཇེ་མཐུག་ནས་ཇེ་མཐུག་གྱུར

འོད་སྣང་དེ་ཅི་འདྲའི་རིང་ཨང
ཕྲ་ས་ཞིག་ཏུ་ངས་ཁྱོད་རང་རྙེད་བྱུང
སྲིབ་ངོས་ཀྱི་གྲིབ་ནག་དེར་རྙེད་བྱུང
ཁྱེད་དངོས་གནས་འོད་བཀྱེ་བ་ཞིག

2016/3/14 ཉིན།


༒སྲང་ལམ་ངོ་བཤུས།

སྡོང་ལོ་རླུང་གིས་སྐྱོམ་པའི་ཚེ།།
བྱ་ཁྱུ་རྡོ་སྒྲར་ཁད་ཀྱིས་འདྲོགས།།
སྨུག་པ་ལྷུང་བའི་ཉིན་ཞག་ལ།།
ཁ་དོག་བསྒྱུར་བའི་མིག་ཟུང་བབས།།
ནགས་ཚལ་མུན་པའི་བཙན་རྫོང་ན།།
ཝ་ཡེ་སྲིད་མོའི་མཆེ་བར་བལྡད།།
ངང་པ་འུར་གྱི་ཤོག་ཁ་ལ།།
རྨང་ནས་ཆད་པའི་རྒུད་པ་སྟེ།།
སྙིང་གི་སྒོ་རུ་མདུད་ལོག་བརྒྱབས།།

2016/2/28 ལ།


༒ཞེད་པ།

ས་སྲོད་འདི་རུ་ཁེར་རྐྱང་དུ།།
འཁོར་བ་རྡུང་ཞོར་ཞི་བ་འཐེན།།
སྒྲ་ཡི་ངོས་དག་འདོད་པ་འགུལ།།
མགྲིན་པ་རྒྱབ་ཏུ་བཞུར་པའི་ཚེ།།
མྱ་ངན་སྟོང་བའི་ཆོས་ཉིད་འདི།།
ཀུན་རྫོབ་གསེབ་ཏུ་སིག་སིག་འདར།།
ནམ་ཞིག་རུས་པ་སིལ་བུར་འཐོར།།
དེ་ལ་ཞེད་པའི་རྣམ་རྟོག་བསླངས།།
མཚན་སྨག་ཀློོང་དུ་ནགས་ཚལ་འབར།།
སྲོག་གི་སྙིང་བོ་ངོས་སུ་འཕྱོ།།
ཇི་ལྟར་བསམ་ཡང་རབ་རིབ་ཅིག།
གྱ་གྱུས་འཁྲིད་པའི་རྨི་ལམ་འདྲ།།

2016/3/3 ནམ་གུང་དུ།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s