__སྙུག་བཅུད་ལེན།
གླེང་གཞི།
སྤྱིར་གློག་བརྙན་འདི་ནི་ངོ་བོའི་ཆ་ནས་དགོད་བྲོ་བ་དང་ཁྱད་མཚར་ཅན་ཞིག་ཡིན་མོད། འོན་ཏེ། གློག་བརྙན་འདིའི་ཁྲོད་དུ་ཆོས་ལུགས་སྣ་ཚོགས་ལ་ཁ་གཡར་ཏེ་མི་རྣམས་ལ་མགོ་སྐོར་གཏོང་གིན་ཡོད་མཁན་དང་། རྨོངས་དད་རིང་ལུགས་པ་དག་ལ་དགག་རྒྱག་དང་སུན་འབྱིན་ཆེས་ཆེར་བྱས་ཡོད་པའི་བརྙན་མིག་ཅིག་གོ།
གློག་བརྙན་འདི་ནི་བལྟས་མ་ཐག་ནས་ངོས་གཙང་ཞིང་རོལ་མོའི་འཇིགས་ཉམས་བརྗིད་པ་དང་ཅུང་ཁྱད་མཚར་རང་བཞིན་ཅན་གྱི་བརྙན་མིག་ཞིག་མཐོ་རླབས་ཀྱིས་འཕྱུར་འོང་བ་ཞིག་རེད་ལ། སྐར་མའི་གོ་ལ་གཞན་ཞིག་ནས་སླེབས་མ་ཐག་པའི་ཕེའུ་ཁི་ནི་ཐོག་མར་སྐེར་རྡོ་རྗེ་ཕ་ལམ་ཞིག་ལས་ལུས་ཡོངས་སུ་གྱོན་གོས་སོགས་ཅི་ཡང་མེད་པར་གཅེར་བུ་ཡིན་ཞིང་། རྡོ་རྗེ་ཕ་ལམ་དེ་ནི་ཁོང་ཚོའི་གོ་ལའི་སྟེང་གི་མི་རྣམས་ཀྱི་རེ་རེའི་སྐེར་བཏགས་ཡོད་པའི་ཁོང་ཚོའི་དང་རྟེན་མཚོན་བྱེད་ཀྱི་དངོས་པོའམ་རིན་པོ་ཆེ་ཞིག་རེད། དེ་ལྟར་ཁོ་རང་སྐར་མའི་གོ་ལ་གཞན་ཞིག་ནས་སའི་གོ་ལའི་སྟེང་དུ་སླེབས་མ་ཐག་རྒྱ་གར་གྱི་གནས་ཤིག་ཏུ་སླེབས་པ་དང་། ཐོག་མར་ཁོ་རང་སའི་གོ་ལའི་སྟེང་གི་ཁོར་ཡུག་དང་མི་རྣམས་ལ་རྒྱུས་མངའ་ཅི་ཡང་མེད་སྟབས་ཏག་ཏག་དབང་བོ་མི་ཚང་མཁན་ཞིག་གི་ཟོལ་ལམ་མགོ་སྐོར་གཏོང་སླ་བའི་མི་ཞིག་རེད། དེ་བས་ཁོ་རང་ས་སྟོང་ལུང་སྟོང་དེ་ནས་ཐོག་མར་འཕྲད་པའི་རྒྱ་གར་པའི་སྨྲ་ར་དཀར་པོ་ཅན་གྱི་མི་ཞིག་གིས་བསླུས་ཏེ་ཁོའི་སྐེར་བཏགས་ཡོད་པའི་རྡོ་རྗེ་ཕ་ལམ་དེ་གཡོ་བསྐོར་གྱིས་བསླུས་སོང་བ་རེད།
དེ་ནི་ཏག་ཏག་སའི་གོ་ལའི་སྟེང་གི་མགོ་སྐོར་མཁན་དང་གཡོ་སྦྱོར་མཁན་དག་གི་མཚོན་བྱེད་མི་སྣ་ཞིག་རེད་ལ། ཡང་ན་ཆོས་ལུགས་འདྲ་མིན་གྱི་བྱེད་སྟངས་རྫོབ་པོ་གང་ཞིག་གི་མངའ་འོག་ནས་འཚར་ལོངས་བྱུང་བའི་མི་དག་གི་མཚོན་བྱེད་ཅིག་ཀྱང་རེད་འདུག རིམ་པ་དེ་ནས་ཕེའུ་ཁི་ཁོ་རང་རྒྱ་གར་ལྡི་ལས་ཀྱི་གནས་སུ་འབྱོར་ཞིང་། དེ་ཀའི་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་མངའ་མེད་པའི་ཁོ་ལ་མཉེས་བཅོས་དང་གད་མོ་གཏོང་མཁན་མང་པོ་བྱུང་བས་ཁོ་རང་དང་ཐོག་ཅུང་དཀའ་ལས་དང་མནར་གཅོད་ཀྱི་འོག་ཏུ་འཚོ་དགོས་བྱུང་།
སྤྱིར་རྒྱ་གར་ནི་ཆོས་ལུགས་འདྲ་མིན་གྱི་ཆོ་ག་སྣ་ཚོགས་ཀྱིས་འཚང་ཁ་བྱས་འདུག་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཆོས་ལུགས་ཁག་སོ་སོར་ལུགས་སྲོལ་མི་འདྲ་བ་སྣ་ཚོགས་དང་འཇིག་རྟེན་ལྟ་ཚུལ་མི་འདྲ་བ་དུ་མས་འཚང་ཁ་རྒྱབ་ནས་ཡོད་པའི་གནས་ཤིག་ཡིན་ཙང་། དེང་ཐོག་ཕེའུ་ཁི་ལ་མགོ་འཐོམས་པར་གྱུར་ཅིང་། ལམ་ལུགས་མི་འདྲ་བ་སྣ་ཚོགས་ཀྱི་ཉོག་འཛིང་དག་ལ་སུན་སྣང་སྐྱེས་ཏེ། མྱུར་དུ་ཁོ་རང་གི་དང་རྟེན་རྡོ་རྗེ་ཕ་ལམ་རྙེད་རྗེས་ཕྱིར་རང་གི་ཕ་ཡུལ་དུ་ལོག་པའི་གྲ་སྒྲིག་བྱས། དེ་ལྟར་ཁོས་རྡོ་རྗེ་ཕ་ལམ་འཚོལ་བའི་ལམ་བར་ནས་ཁོ་རང་སྐྱུག་རྫོབ་ཀྱི་ལས་རིམ་མང་པོར་འཕྲད་པར་གྱུར། དེ་རྗེས་རིམ་གྱིས་ཁོས་དེ་དག་གི་ལས་སྦྱོར་དང་དེའི་ལྟག་རྒྱབ་ཀྱི་གནད་དོན་མང་པོ་ཞིག་ལ་ཞིབ་འཇུག་དང་རྟོགས་ཞིབ་བྱས་མཐར། ཁོ་ལ་མཚར་སྣང་དང་སྐྱུག་མེར་བ་ངུ་ལྷུག་པའི་ཚོར་བ་དྲག་པོ་བྱུང་བས། ཁོས་རིམ་གྱིས་ཆོས་སྤེལ་མཁན་རྫུན་མ་དང་རྨོངས་དད་རིང་ལུགས་པ་དག་ལ་རྒོལ་བ་དང་དག་འབུད་བྱེད་འགོ་བརྩམས་པ་རེད།
གནས་དེ་ན་ཡེ་ཤེས་ཆོས་ལུགས་ཀྱི་ཁོངས་སུ་གཏོགས་པའི་གསར་འགོད་པ་བུ་མོ་ཞིག་ཡོད་ལ། མོའི་མིང་ལ་རྗེའུ་གོས་ཟེར། མོ་ནི་དངོས་ཡོད་ལ་དང་འདོད་བྱེད་མཁན་ཞིག་ཡིན་ཞིང་རྨོངས་དད་ཀྱི་ཆོས་སྤེལ་མཁན་དག་ལ་དད་གུས་མེད་མཁན་ཞིག་ཡིན་ཙང་། ཆོས་དད་ཆེ་བའི་མོའི་ཕ་རྒན་དང་ཁོང་གཉིས་ཀྱི་བར་དུ་འགལ་ཟླ་མང་པོ་འབྱུང་གིན་ཡོད།
ཉིན་ཞིག་མོ་རང་གསར་འགོད་ཀྱི་ལམ་བར་ཞིག་ནས་མོ་དང་ཆོས་ལུགས་མི་འདྲ་བའི་སྐྱེས་པ་ཞིག་ལ་འཕྲད། རིམ་གྱིས་ཁོང་གཉིས་ཀྱི་བར་དུ་འབྲེལ་ཐག་གཅོད་དཀའ་བའི་བརྩེ་དུང་གི་ས་བོན་བཏབ་ཅིང་ཟབ་པར་གྱུར། འོན་ཏེ་བུ་མོ་རྗེའུ་གོས་ཀྱི་ཕ་རྒན་གྱིས་དད་མོས་བྱེད་སའི་ཆོས་སྤེལ་མཁན་པོ་ཞིག་ཡོད་པ་དེས་བུ་མོ་རྗེའུ་གོས་དང་སྐྱེས་པ་དེ་གཉིས་ལ་མཉམ་རོལ་གྱི་སྐལ་བ་མེད་པར་བཤད། རྒྱུ་མཚན་ཁོང་གཉིས་ཀྱི་ཆོས་ལུགས་མི་འདྲ་བ་རྐྱེན་བྱས་ཏེ་ལས་སྐལ་མེད་པའི་སྐད་ཆ་ཐལ། ཕ་རྒན་གྱིས་ཀྱང་བླ་མས་གསུང་གི་རྗེས་སུ་འབྲང་སྟེ་གལ་ཏེ་བུ་མོ་རྗེའུ་གོས་ཆོས་ལུགས་མི་འདྲ་བའི་སྐྱེས་པ་དེ་ལ་གཉེན་སྒྲིག་བྱས་ཚེ་ཕ་བུའི་འབྲེལ་ཐག་ཀྱང་གཅོད་རྒྱུའི་ཐ་ཚིག་བསྒྲགས། བུ་མོ་རྗེའུ་གོས་ཀྱིས་ཆོས་སྤེལ་མཁན་དེའི་སྐད་ཆར་ཡིད་ཆེས་མེད་པའི་ངང་སྐྱེས་པ་དེ་ལ་མྱུར་དུ་གཉེན་སྒྲིག་བྱེད་རྒྱུའི་ཐག་བཅད་ཅིང་། གཉེན་སྡེབ་ཀྱི་ས་གནས་དང་དུས་ཚོད་གཏན་ཁེལ་བྱས་ཏེ་གྲོས་བཏབ།
འོན་ཏེ། མཚམས་འདི་ནས་ཀློག་པོ་ཚོའི་སེམས་པ་དྲག་ཏུ་དཀྲུག་པར་བྱེད་དེ། སྟབས་མ་ལེགས་པ་ཞིག་ལ་བུ་མོ་རྗེའུ་གོས་ཀྱིས་སྒུག་བཞིན་པའི་གནས་དེ་རུ་གཉེན་སྡེབ་གྲོས་ཆད་མཁན་གཞན་དག་ཀྱང་མང་པོ་འདུག་ལ། མི་གཞན་ཞིག་ལ་བསྐུར་བའི་འཕྲིན་ཡིག་ཅིག་མི་ནོར་བྱུང་སྟེ་བུ་མོ་རྗེའུ་གོས་ཀྱི་ལག་ཏུ་ཐོན། མོས་མྱུར་དུ་འཕྲིན་ཡིག་དེའི་ཁ་ཕྱེས་པ་ན་ནང་དུ ༼འུ་གཉིས་ཀྱི་ཆོས་ལུགས་དང་དད་མོས་མི་འདྲ་བས་རྐྱེན་གྱིས་འུ་གཉིས་ལ་འཇིག་རྟེན་འདི་ནས་གཉེན་སྒྲིག་གི་ལས་སྐལ་མི་འདུག དགོངས་པ་མ་ཚོམས། ༽ ཞེས་བྲིས་འདུག
མོས་ཏག་ཏག་འཕྲིན་ཡིག་དེ་ནི་མོས་རེ་སྒུག་བྱས་ནས་ཡོད་པའི་སྐྱེས་པ་ཁོས་སྟེར་བ་ཡིན་པར་རློམ་སྟེ་དེ་མ་ཐག་ནས་ཡིད་སེམས་སྡུག་གིས་མནར་ཏེ་སྒོ་རུ་ཕྱིན་སོང་། ཅུང་ཙམ་གྱིས་སྐྱེས་པ་དེ་གནས་དེར་སླེབས་པ་ན་བུ་མོ་རྗེའུ་གོས་མེད་ཅིང་ཤུལ་དུ་ལྷག་པ་ནི་གོང་གི་འཕྲིན་ཡིག་དེ་རེད། ཁོས་འཕྲིན་ཡིག་དེར་ཐེངས་གཅིག་བལྟས་པ་ན་ཁོས་ཀྱང་འཕྲིན་ཡིག་དེ་བུ་མོ་རྗེའུ་གོས་ཀྱིས་བྲིས་པ་ཡིན་པར་རློམ་དེ་སེམས་ཀྱི་རྒྱ་མཚོ་དྲག་ཏུ་སྐྱོམས་བཞིན་རང་གི་ཡུལ་དུ་ལོག་པར་བྱས། མ་གཞི་འཕྲིན་ཡིག་དེ་ནི་འཕྲིན་སྐྱེལ་བྱིས་པ་ཞིག་གིས་མི་ནོར་བྱུང་སྟེ་བུ་མོ་རྗེའུ་གོས་ལ་སྤྲད་པ་ཙམ་དུ་ལས། ཡིན་པ་ནི་ཉེ་འཁོར་གྱི་མི་གཞན་ཞིག་ལ་བསྐུར་བ་ཡིན་འདུག གང་ལྟར་སྟབས་ཀ་དེ་ལ་ཁ་གཡར་ཏེ། དེ་ནས་གོང་གི་ཆོས་སྤེལ་མཁན་པོས་ཀྱང་སྐད་ཆ་སྦོམ་པོས་ངང་ནས་ད་ནི་ཁོང་གཉིས་ལ་ཚེ་ཐོག་འདི་ནས་ཐུག་འཕྲད་འབྱུང་མི་སྲིད་པའི་ལུང་བསྟན་བཏབ་ཅིང་། ཁོང་ཚོའི་ཆོས་ལུགས་ནི་ཆོས་ལུགས་གཞན་དག་ལས་བླ་ན་མེད་པ་དེ་ཡིན་པའི་སྦོམ་སྐལ་ཐལ།
དེ་རྗེས་བུ་མོ་རྗེ་གོས་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་རང་གིས་རང་ལའང་འགྲེལ་རྒྱག་མི་ཤེས་པའི་ཚད་དུ་ལྷུང་སྟེ་སྲང་བར་དུ་འཁྱམ་ནས་སོང་། ལམ་བར་ནས་སྐར་མའི་གོ་ལ་གཞན་ནས་སླེབས་པའི་ཕེའུ་ཁི་ལ་འཕྲད། ཁོའི་བྱ་སྦྱོད་ཁྱད་མཚར་བ་དག་གིས་མོ་ལ་ཡ་མཚན་དུ་བཅུག་ཅིང་། རིམ་གྱིས་ཁོང་གཉིས་ཀྱི་འབྲེལ་འདྲེས་ཟབ་བརླིང་གི་གོ་རིམ་ཁྲོད་ནས་ཆོས་ལུགས་ཀྱི་ལམ་སྲོལ་རྨོངས་དད་ཅན་དག་དང་ཆོས་སྤེལ་མཁན་རྫུན་མ་སྟེ། མདོར་ན་ཆོས་ལུགས་ལ་ཁ་གཡར་ནས་འཇིག་རྟེན་འདིར་མགོ་སྐོར་དང་རྨོངས་པའི་ལས་སུ་འཁྲིད་ཀྱིན་ཡོད་མཁན་དག་ལ་དགག་རྒྱག་དང་ཁོང་ཚོའི་གཡོ་ཇུས་ཀྱི་གསང་བ་དག་གཏོར་བའི་ལས་སུ་ཞུགས། མཐའ་མཇུག་ཁོང་གཉིས་ཀྱིས་དཀའ་ལས་དང་ཉམས་ཞིབ་མང་པོའི་བརྩོན་པ་ལ་བརྟེན་ཅིང་། གནས་ལུགས་དང་ཁོངས་ལུང་རྒྱབ་ལྗོངས་སོགས་ཀྱི་ངོ་སྦྱོར་གང་མང་གི་འཐབ་རྩོད་ལ་བརྟེན་ནས་ཆོས་སྤེལ་མཁན་པོ་ཕམ་པར་རྒྱབ། ཁོང་ཚོས་གཡོ་སྦྱོར་དང་མགོ་སྐོར་གྱིས་བསླུས་པའི་འོག་ཏུ་འཇིག་རྟེན་འདིའི་དྭངས་གཙང་གི་མི་རྣམས་ཀྱི་བརྩེ་དུང་གི་སྐྱོ་གདུང་དྲག་པོ་ཞིག་ཀྱང་ངང་གིས་དཀྲོལ་བར་བྱས་འདུག་གོ།
མདོར་ན་གློག་བརྙན་འདི་ནི་ངོ་བོའི་ཆ་ནས་དགོད་བྲོ་བ་དང་ཁྱད་མཚར་བ་བརྩེ་དུང་གི་དཀའ་གནད་ཅིག་ལབ་པ་ཙམ་དུ་ངེས་མོད། ཞིབ་ཏུ་བལྟས་ཚེ་གློག་བརྙན་འདིས་ནི་ད་ལྟའི་དུས་འདིར་ཆོས་ལུགས་སྣ་ཚོགས་ལ་ཁ་གཡར་ནས་མིའི་རིགས་ལ་མགོ་སྐོར་གཏོང་གིན་ཡོད་མཁན་དང་། ཡང་ན་རྨོངས་དད་ཀྱི་གླེན་པའི་ཨུ་ཚུགས་ཁྲོད་མི་རྣམས་ཀྱི་གཉུག་གཤིས་ཀྱི་སེམས་པའི་གཙང་ས་སུ་འབག་བཙོག་གི་དྲི་མ་མང་པོ་བགོས་ཀྱིན་ཡོད་པའི་གནད་མང་པོ་ཞིག་ལ་དག་འབུད་དང་སུན་འབྱིན་བྱས་ཡོད་པ་ཞིག་གོ།
ཡོང་ཁུངས་བོད་ནང་གི་འཕྲིན་སྟེགས།