རེབ་གོང་པ་འཇིགས་མེད་བསམ་གྲུབ།

       མཁས་གྲུབ་ཆེན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་མདོ་ཙམ་བརྗོད་པ་ཟུང་འཇུག་གྲུབ་པའི་དགའ་སྟོན་ཞེས་བྱ་བ།
      དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ།། གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་།།

རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས།། ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་བདུད།།

       ཞེས་འཇམ་མགོན་བླ་མའི་གསུང་གི་མཆོད་པར་བརྗོད་པའི་ཚིག་གི་མདུན་བསུས་ཏེ་འདིར་མཁས་གྲུབ་ཆེན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་པར་ཐར་བ་ཅུང་ཟད་ཅིག་བརྗོད་པ་ལ།  མཁས་གྲུབ་ཆེན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་ནི།  སྤྱི་ལོ་1309ས་བྱ་ལོར་ཡབ་བསེ་ཏོ་རི་ཉིན་དོན་གྲུབ་རྒྱལ་མཚན་དང་།  ཡུམ་ཤ་སྦྲང་བཟའ་རིན་ཆེན་འཚོ་གཉིས་ཀྱི་སྲས་སུ་འཁྲུངས།  ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་གསུམ་བྱུང་བའི་ཆེ་བ་རྒྱལ་མཚན་འབུམ།  འབྲིང་བ་པད་མ་འཚོ།  ཆུང་བ་ཤར་ཕྱོགས་པ་རིག་པའི་དཔའ་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་ཏེ་གསུམ་འཁྲུངས་པ་ཡིན།
       དགུང་ལོ་ལྔ་ནས་བཟུང་ཆོས་ཀྱི་བག་ཆགས་སད་དེ་བྱིས་པ་གཞན་དང་འགྲོགས་ནས་མི་རྩེ་བར་ཆོས་འདོན་པའི་ཉམས་དང་།  རྩོད་པའི་ཉམས།  ཕྱག་འཚལ་བའི་ཉམས།  ཕྱག་རྒྱ་འཆང་པའི་ཉམས་སོགས་མཛད་པས་ཡབ་ཀྱིས་བུ་ཆུང་འདི་བཟང་ངན་གང་ཡིན་མི་ཤེས་པའི་བླ་མ་རྟོགས་ལྡན་ཞིག་གི་མདུན་དུ་ཁྲིད་ནས་བརྟག་པར་བྱའོ་དགོངས་ནས། དེ་དུས་ཁོང་གི་ཕུ་བོ་ལྷུན་གྲུབ་རྒྱ་མཚོ་བྱ་བ་ཏོ་རི་དཔལ་ཀྱི་རི་བོ་ན་བཞུགས་པ་དེའི་དྲུང་དུ་ཁྲིད། དེའི་དགུང་མོ་གྲུབ་ཐོབ་པའི་མཚན་ལམ་དུ་ཁོང་ཉིད་མཚོ་ཆེན་པོ་ཞིག་གི་ཁར་བཞུགས་ཡོད་པའི་སྐབས་སུ། རྒྱ་གར་ཕྱོགས་ནས་ཡོང་བ་ཡིན་ཟེར་བའི་གྲུབ་ཐོབ་པ་ཆེན་པོ་སྐུ་ལུས་ཡོངས་ལ་གོས་དཀར་པོ་གྱོན་ཡོད་པ་ཞིག་གིས་ཕྱག་ཏུ་རྒྱལ་མཚན་ཡུ་བ་ཤིན་ཏུ་རིང་བོ་ཅན་ཞིག་བཟུང་ནས་ཁོང་གི་སྐུ་མདུན་དུ་ཡོང་སྟེ་ཡུན་རིང་བཞུགས་པའི་སྐབས་སུ། མཚོ་དེའི་དཀྱིལ་ནས་གྲུ་ཆེན་པོ་ཞིག་གི་ནང་དུ་མི་གསུམ་ཡོད་པ་བཅས་མཚོ་མཐར་སླེབས་སྐབས།  གྲུ་ནང་གི་མི་དེ་གསུམ་ནི་མི་གཅིག་ཏུ་གྱུར་ནས་གྲུ་ནང་དུ་ཡོད། གྲུབ་ཐོབ་པ་ཆེན་པོ་དེ་ཉིད་ཀྱིས་གསང་བ་ལྷུན་གྲུབ་རྒྱ་མཚོ་ལགས།  བདག་གི་ཡུན་རིང་བསྒུགས་པའི་མགྲོན་པོ་སླེབས་སོང་ཟེར་ནས་གྲུབ་ཐོབ་པ་ཆེན་པོ་དེའི་ཕྱག་གི་རྒྱལ་མཚན་རིང་བོ་དེ་གྲུ་ནང་གི་མི་དེའི་ཕྱག་ཏུ་ཕུལ་བ་རྨིས་བ་དང་མཉམ་དུ།  མཚོ་དེའི་ནང་ནས་མཚོ་རླབས་ཆེན་པོ་ཞིག་འུར་གྱིས་བྱུང་བས་ཁོང་གཉིད་ལས་སད།  རྨི་ལམ་ཡིན་ཡང་གང་ལྟར་དེ་རིང་ང་ལ་མགྲོན་པོ་ཞིག་ངེས་པར་ཡོང་དགོངས་ནས་བཞུགས་སྐབས།  ཁོང་གི་ནུ་བོ་དོན་གྲུབ་རྒྱལ་མཚན་གྱིས་རང་གི་བུ་ཆུང་ལོ་ལྔ་ལོན་པ་དེ་ཁོའི་རྒྱབ་ཏུ་ཁུར་ནས་ཡོང་བ་མཐོང་སྐབས།  བུ་ཆུང་དེ་ས་ལ་བབས་ནས་རྡོ་ཆེན་པོ་ཞིག་ཡོད་པ་ལ་མགོ་གཏད་ནས་མིག་ཆུ་དབང་མེད་དུ་ཤོར་བ་ལ། ཡབ་གྱིས་བུ་དེ་ཅི་ཡིན་དྲིས་པར།  བུ་ཆུང་གིས་སྔོན་གྱི་གྲུབ་ཐོབ་ཆེན་པོ་དག་གིས་རྡོ་འདི་ལ་ཞབས་རྗེ་བཞག་ནས་ཡུལ་ཕྱོགས་འདིའི་མི་ཕྱུགས་རྣམས་ལ་ཀླུ་བདུད་བཙན་གསུམ་གྱིས་མི་གནོད་པའི་ཕྱག་རྒྱས་བཅིངས་ཡོད་པས།  གྲུབ་ཐོབ་དེ་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་ལ་བདག་མི་བྱེད་པའི་དད་པ་ཆེན་པོ་སྐྱེས་ནས་མིག་ནས་ཆུ་མ་ཤོར་བ་ཡིན་ཞེས་གསུངས།

       གྲུབ་ཆེན་གསང་བ་ལྷུན་གྲུབ་རྒྱ་མཚོའི་གསུང་ལས། ནུ་བོ་ཁྱོད་ཀྱི་བུ་ཆུང་འདིས་གསུངས་ལུགས་དང་བདག་གི་རྨི་ལམ་དུ་ངོ་མཚར་ཅན་གྱི་བལྟས་བཟང་ཞིག་བྱུང་བ་བཅས་ལ་བརྟགས་ན།  ཁྱོད་ཀྱི་བུ་ཆུང་འདི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་འདྲ།  བྱིས་པ་ལོ་ལྔ་ལོན་པ་ཞིག་ལ་འདི་ལྟ་བུའི་སྙིང་རྗེ་བཟོད་ཀླགས་མེད་པ་ཞིག་འཁྲུངས་པ་ནི།  སྐྱེས་པ་མང་པོའི་བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གྲངས་མེད་པ་བསགས་པའི་བྱང་ཆུབ་སེམས་དཔའ་ཞིག་གི་སྐྱེས་པ་ཡིན་པ་འདྲ་གསུངས་ནས་དབང་བསྐུར་བྱིན་བརླབ་མཛད།

      གཞོན་དུས་ནས་ཆོས་ཀྱི་བག་ཆགས་མངོན་པར་སད་དེ་རབ་ཏུ་བྱུང་ཞིང་དབུས་གཙང་དུ་ཕེབས།  སྙེ་ཐང་བ་བཀྲ་ཤིས་སེང་གེ་སོགས་ལ་ཕར་ཕྱིན་དང་།  བྱམས་ཆོས་ཐམས་ཅད་མཁས་པར་བསླབས།  གཙང་གི་སྣར་ཐང་ཆོས་གྲྭར་བྱོན་ནས་བཅོམ་ལྡན་རིགས་རལ་གྱི་བུ་ཆེན། བཅོམ་ལྡན་པ་རང་གི་གདན་ས་བ་ལྡོང་སྟོན་རིག་པའི་སེང་གེ་ལ་ཚད་མ་རྣམ་ངེས་གསན།  ཡི་གེ་གཞན་དུ་འདི་ལ་མདོག་སྟོད་པ་རིན་ཆེན་སེང་གེ་ཞེས་ཟེར། དེའི་ཚེ་རིག་པའི་གནས་ཀྱི་དགག་སྒྲུབ་ཅུང་ཟད་འཆར་དཀའ་བ་བྱུང་བ་ལ།  ཞ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་། ཞབས་ལ་ཁྲག་རྡོལ་གྱི་བར་ཉིན་མཚན་དུ་སྐོར་བ་མཛད་པས་བློ་གྲོས་ཀྱི་ནུས་པ་ཡ་མཚན་འཁྲུངས་ཏེ་རིག་པའི་གནས་ལ་ཐོགས་པ་མེད་པར་གྱུར་ནས་རྩོད་པ་བཟང་བའི་མཆོག་ཏུ་གྲགས་པ་བྱུང་། མཐུན་རྐྱེན་དཀོན་པོ་བྱུང་ཡང་སྣར་ཐང་བའི་སྐྱོ་ཚུལ་ལ་བརྟེན་ནས་ལེགས་པར་སྦྱངས།

       བདག་ཆེན་བཟང་པོ་དཔལ་སོགས་བླ་མ་ལྔའི་མདུན་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་སྦྱངས་པ་དང་དབང་ལུང་རྗེས་གནང་མང་དུ་གསན། སྒམ་པོ་བ་ཆོས་ཀྱི་རྒྱལ་མཚན་གྱི་མདུན་ནས་སྡེབ་སྦྱོར་རིན་ཆེན་འབྱུང་གནས།  མཛོད་འགྲེལ་གནམ་ལྕགས་ཐོག་སེར།  སྐྱེས་རབས་དཀའ་འགྲེལ།  སྒྲའི་བསྟན་བཅོས་དབྱངས་ཅན་བྱཱ་ཀ་ར་ནའི་མཚམས་སྦྱོར་འགྲེལ་བ། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པ།  སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛོད།  སློབ་དཔོན་ཡེ་ཤེས་བཟང་པོས་མཛད་པའི་ཚད་མ་རྣམ་ངེས་འགྲེལ་བཤད།  སློབ་དཔོན་ལྷ་དབང་བློས་མཛད་པའི་ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ།  སློབ་དཔོན་ཤཱཀྱ་བློས་མཛད་པས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བའི་སྐོར་དང་།  སློབ་དཔོན་ཡོན་ཏན་འོད་དང་དཔལ་ལྡན་ཆོས་གྲགས།  དཔལ་ལྡན་ཟླ་བ་གྲགས་པ།  རྗེ་བཙུན་བྱམས་པ།  མེ་ཏྲི་པ་སོགས་རྒྱ་གར་མཁས་པའི་གཞུང་མཐའ་དག་ལ་ལེགས་པར་སྦྱངས།

       དེ་ནས་ཞ་ལུར་གྲྭ་སྐོར་ལ་བྱོན་པ་ན་བུ་སྟོན་ཐམས་ཅད་མཁྱེན་པ་ཡང་གདན་སར་ཕེབས་ནས་འདུག་པ་ལ།  ཚོགས་པ་ཆེན་པོའི་དབུས་སུ་བུ་སྟོན་ཐམས་ཅད་མཁྱེན་པ་ལ་བགྲོ་གླེང་མཛད་པས་ལེགས་པར་ཟིན་ཏེ།  ཚོགས་པ་ཀུན་གྱིས་ཤར་ཕྱོགས་པ་རིག་པའི་དཔའ་བོ་ཞེས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས།  དགུང་ལོ་ནི་བུ་སྟོན་ལས་ལོ་ཉི་ཤུས་གཞོན་ཀྱང་གསན་རྒྱ་དང་མཁྱེན་རྒྱ་ནི་བུ་སྟོན་དང་མཉམ་པར་གྲགས།  དེ་ནས་རོང་གི་བླ་མ་ཡེ་ཤེས་དཔལ་བའི་དྲུང་དུ་གཤེད་སྐོར་སྤྱི་དང་།  ཁྱད་པར་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་།  རྒྱུད་འགྲེལ་གྱི་བཤད་པ།  མན་ངག་ཐམས་ཅད་ལེགས་པར་གསན་ནས་ཐུགས་སུ་ཆུད།

  
    དེ་ནས་ཨ་མདོར་ཕེབས་ཏེ་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་དེ་ཡུལ་དེའི་སྐྱ་སེར་ཕོ་མོ་རྣམས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།  ཤིང་ཀུན་སྡེ་གསར་གྱི་གྲྭ་བ་སུམ་བརྒྱ་ལྷག་ལ་རྒྱལ་བའི་ལམ་ལ་འཇུག་པ་ཞེས་བྱ་བ་ནས་དབུ་བཙུགས་ཏེ་ཚད་མ་རྣམ་པར་ངེས་པའི་བར་འཆད་ཉན་ཤིན་ཏུ་འཕེལ་བའི་སྐབས་ཤིག་ལ། སྙེ་ཐང་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་ཡུལ་དེའི་སྐྱེས་བོ་རྣམས་ཀྱིས་ཟང་ཟིང་གི་འབུལ་བ་གྲངས་ལས་འདས་བ་ཕུལ་བ་རྣམས་བསྣམས་ནས་དབུས་སུ་ཕེབས།  འོན་ཀྱང་དེ་དུས་གདན་ས་པ་བསྐོས་ཚར་བས་གདན་སའི་སྟབས་མ་འཕྲོད་ཀྱང་།  ཡོ་བྱད་མང་པོ་བསྣམས་ནས་བྱོན་པ་རྣམས་ཀྱིས་བདེ་བ་ཅན་དང་།  སྣར་ཐང་སོགས་སུ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་རྣམས་ལ་སྲི་ཞུ་རྒྱ་ཆེར་བསྒྲུབས།

         དེ་ནས་རྟོགས་ལྡན་པ་ཆོས་རྗེ་བསམ་གཏན་དཔལ་གྱི་དྲུང་དུ་སྒྲུབ་པ་ལ་བྱོན།  ཕྱག་རྫས་གང་ཡོད་བླ་མ་ལ་ཕུལ།  སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཞི་གནས་གྱི་མྱོང་བ་ཁྱད་པར་ཅན་འཁྲུངས།  ཁྱད་པར་དུ་མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པའི་སྤྱན་སྔར་མདོ་སྔགས་ཀྱི་ཆོས་མང་དུ་གསན་པའི་སྐབས་ཤིག བླ་མའི་ཞལ་ནས།  ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད།  ཁྱད་པར་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་ཀྱི་བསྟན་པ་གང་འཕེལ་གྱིས།  སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་གཙོ་བོར་མཛོད།  དེ་དུས་ཁྱོད་ལ་སློབ་མ་མཁས་གྲུབ་གཉིས་འཛོམས་མང་པོ་འོངས་པའི་ནང་ནས་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་བས་དེ་རབ་ཏུ་བྱུང་དུས་བློ་བཟང་གྲགས་པ་ཞེས་ངའི་མིང་འདི་ཐོགས་ཞེས་གསུངས་པ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་གདམས་ངག་སྐོར་ལ་ཐུགས་འགྲུས་མཛད་པའི་སྐབས་ཤིག་ཡང་བླ་མ་དེ་ཉིད་ཀྱིས།  འཇམ་དཔལ་གཤིན་རྗེའི་གཤེད་དངོས་སུ་མཇལ་འདོད་ན་མདོ་སྨད་དུ་སོང་དང་མཇལ་འོང་ཞེས་ལུང་བསྟན་པ་བཞིན་སླར་ཡང་ཨ་མདོར་བྱོན།

       དེ་ནས་རེབ་གོང་སྟོད་ཀྱི་སྨན་རི་གཏེར་མཛོད་ཕྱུག་མོའི་མདུན་ངོས་སུ་ཕེབས་དུས། བྱིས་པ་ལོ་བཅུ་ཙམ་ལོན་པ་ཞིག་གི་ཕྱུགས་ཟོག་མང་པོ་ཆུ་ཁར་འདེད་པ་ཞིག་དང་འཕྲད་པས།  ཁོང་གིས་བྱིས་པ་དེ་ལ་ཁྱོད་སྡེ་བ་གང་ནས་ཡིན། ཁྱིམ་བདག་སུ་ཚང་གི་ཡིན།  ཁྱེད་ཀྱི་མིང་ལ་ཅི་ཟེར་གསུངས་པར།  བྱིས་པ་དེའི་ཕྱག་གཉིས་ཐལ་མོ་སྦྱར་ཏེ་བུས་མོ་གཉིས་ས་ལ་བཙུགས་ནས།  བདག་གི་སྡེ་ནི་གོའུ་བདེ་དང་ཁྱིམ་བདག་གི་མིང་ལ་གོའི་བདེ་དཔོན་པོ་ཨག་ཚོམ་དམར་པོ་ཅན་ཟེར།བདག་གི་མིང་ལ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ཟེར་ཞུས་པས།  ཁོང་གིས་རྟེན་འབྲལ་དུ་དགོངས་ནས།  རྒྱལ་བའི་བསྟན་པ་སྟོབས་དང་ལྡན།། འགྱུར་བ་མེད་པ་བཛྲའི་མཚན།། དམ་ཆོས་རིན་ཆེན་ཚངས་བའི་དབྱངས།། ཆོས་དབྱིངས་སྟོབས་ལྡན་བདེ་ལེགས་སམ།། ཞེས་གསུངས་ཏེ་ལུང་བ་དེའི་མིང་ལ་བཛྲ་ལུང་བ་དང་།  ཆུ་དེའི་མིང་ལ་བཛྲ་ཆུ་ཁ་ཞེས་མིང་བཏགས།  བྱིས་པ་དེ་ལ་རྟེན་གསུམ་འགའ་གནང་།

       དེ་ནས་གསེར་ལྗོངས་རྒྱལ་ཐང་གི་བཀའ་གདམས་དགོན་ཆེན་དུ་ཕེབས་ནས་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་གཙོས་སློབ་མ་འགའ་ལ་བཀའ་གདམས་ལྷ་བཞིའི་རྗེས་གནང་དང་ཆོ་ག  མགོན་པོ་གུར་གྱི་ཟོར་ཀའི་ཆོ་ག  གུར་ལྷ་བརྒྱད་ཀྱི་རྗེས་གནང་།  ཨ་ར་པ་ཙ་ནའི་སྒྲུབ་ཐབས།  སྤྱོད་འཇུག་གི་བཤད་ལུང་སོགས་ཆོས་བཀའ་མང་དུ་གནང་།  ཚོགས་མང་ལ་བྱམས་པའི་མདོ།  འོད་སྲུངས་ཀྱི་མདོ་སོགས་ཆོས་རྒྱུན་མང་དུ་གསུངས་ཀྱང་ཐུགས་བཞེད་མ་ཁེངས།  དེ་ནས་ཁོང་བྱ་ཁྱུང་གི་གནས་འཚོལ་བར་ཕེབས་སྐབས་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཁོང་ལ་གསེར་ལྗོངས་རྒྱལ་ཐང་གི་བྱང་ཕྱོགས་ཀྱི་གདོང་སྣ་ཞིག་ཏུ་ཕེབས་སྐྱེལ་མཛད་པས།  ས་དེ་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཀྲ་ཤིས་ཚིག་བཞི་ཞིག་གསུངས་པས།  ས་དེའི་མིང་ལ་བཀྲ་ཤིས་གདོང་སྣ་ཞེས་གྲགས།
  དེ་ནས་བྱ་ཁྱུང་གི་གནས་འཚོལ་བར་རི་བྱ་ཁྱུང་གི་མདུན་ངོས་སྒོ་ཆུ་དང་བ་ཆུ་གཉིས་ཀྱི་སུམ་མདོར་ཕེབས་སྐབས་ཧོར་མིའི་རུས་སུ་གཏོག་པའི་མི་ཁྱིམ་འགའ་ཡོད་པ་དེ་ནི་ཁོང་གི་མ་ཡུམ་ཀྱི་འཁྲུངས་ཡུལ་ཡང་ཡིན་པས།  སྡེ་དེའི་རྒན་པོ་ཞིག་གིས་ཁོང་གདན་དྲངས་ནས་རི་དྭགས་ཤ་བའི་བྲང་ཞིག་གསོལ་བར་ཕུལ་བ་དང་།ལྷ་ཁང་ཞིག་བཞེངས་པའི་རྒྱབ་རིའི་ཕག་ན་བྲག་སྣ་ཕུག་ཟེར་བ་ཞིག་ཡོད་པས་རྟེན་འབྲལ་མ་ལེགས་པར་དགོངས་ཏེ་ཞལ་ནས་ཀྱང་།

ཤ་བྲང་གིས་གུང་ཚིགས་མི་བྱེད།  བྲག་སྣ་ཕུག་ལ་རྒྱབ་མི་གཏོད།
རི་ངོ་སྡུག་ལ་མདུན་རི་མི་ཉན།  ཧོར་མི་གླེན་པ་ལ་སྦྱིན་བདག་མི་བྱེད།

     ཅེས་གསུངས་ནས་ཤ་སྦྲང་གི་གནས་དེར་ན་བཟའ་ཆ་ཚང་གཅིག་གནང་བ་ནང་རྟེན་བྱས་པའི་མཆོད་རྟེན་བཞེངས་པ་དེང་སང་གི་བར་ས་འབུར་ཞིག་ཏུ་ཡོད།ཡང་ངག་རྒྱུན་ལ།  རེབ་གོང་སེ་གུ་བྱ་ཁྱུང་དུ་རི་ཁྲོད་བཟུང་།  སྒྲོལ་མའི་ཞལ་གཟིགས་ཏེ་ལུང་བསྟན་གྱི་གནས་འདི་མིན།  ཞེས་བསྐུལ་བ་བཞིན་དགོན་གནས་འཚོལ་བར་ཕེབས་སྐད།
དེ་ནས་གསེར་ལྗོངས་རྒྱལ་ཐང་གི་བླ་རི། ཆོས་རྗེ་ཉིད་ཀྱི་འཁྲུངས་ཡུལ་དང་ཉེ་བའི་གནས་ཏོ་རི་དཔལ་གྱི་རི་བོའི་གྲུབ་གནས་སུ་ཕེབས་ཏེ།  ཁོང་ལ་སྐུ་གཞོན་ནུའི་དུས་སུ་ཡི་གེ་ཀློག་སློབ་པའི་སློབ་དཔོན།  ཉིད་ཀྱི་མེས་པོ་གྲུབ་ཆེན་གསང་བ་ལྷུན་གྲུབ་རྒྱ་མཚོ་དང་མཉམ་དུ།  རེབ་གོང་གསེར་མོ་ལྗོངས་ཀྱི་ས་ཕྱོགས་ཀུན་ལ་ཡུལ་ཁྲུས་དང་གནས་སྟོད། ས་བཤད་བྱིན་རླབས་སོགས་མཛད་སྐབས།  བསེ་མཁར་གོང་བྱམས་པ་རྒྱ་མཚོ་སྤུན་གསུམ་ཡོང་ནས།  སྔོན་མཁར་གོང་ཀླད་སྟེང་དུ་འབོར་ཀྱི་བྱང་ཆུབ་སེམས་དཔའི་དུས་སུ་བཞེངས་པའི་ལྷ་ཁང་ནང་དུ་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བཞེངས་ཤུལ་གྱི་གྱང་ར་ད་ལྟའང་དངོས་སུ་མཐོང་རྒྱུ་འདུག  དེ་ཕྱིར་ལྷ་ཁང་དེའི་ཤུལ་དུ་བདག་ཅག་སྤུན་གསུམ་གྱིས་ཡང་བསྐྱར་བྱམས་སྐུ་ཞིག་བཞེངས་འདོད་ཆེ་བས།  ཆོས་རྗེ་དང་གྲུབ་ཆེན་རྣམ་གཉིས་ནས་རྟེན་གསུམ་དང་མནབས་བཟའ་འགའ་ནང་བཞུགས་སུ་གནང་བར་ཞུ་ཞུས་པས།  ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དབུས་གཙང་ནས་གདན་དྲངས་པའི་བྱིན་རྟེན་མང་པོ་དང་།  ཁོང་གི་ཕྱག་དཔེ་བྱམས་པའི་སྨོན་ལམ་དང་།  མནབས་བཟའ་ཆ་ཚང་བཅས་གནང་།  གྲུབ་ཆེན་པ་གསང་བ་ལྷུན་གྲུབ་རྒྱ་མཚོས་རང་གི་བསྙེན་ཕུར་དང་།  ཕྱག་ཕྲེང་བཅས་གནང་བར།

       མཁར་གོང་བྱམས་པ་རྒྱ་མཚོ་སྤུན་གསུམ་གྱིས་བོད་རབ་བྱུང་དྲུག་པའི་བགྲང་བྱ་ཉི་ཤུ་བ་མེ་ཁྱི་ལོར།  སྔོན་འབོར་ཀྱི་བྱང་ཆུབ་སེམས་དཔའི་བཞེངས་པའི་མཁར་གོང་བྱམས་པ་ཞེས་གྲགས་པའི་ལྷ་ཁང་གི་ཤུལ་དུ།  རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་མཐོ་ཚད་ལ་ཁྲི་བཅོ་བརྒྱད་ཡོད་པ་ཞིག་ཡང་བསྐྱར་བཞེངས་ཏེ་ནང་རྟེན་རྣམས་སྐུའི་གཟུངས་བཞུགས་སུ་ཕུལ།  བྱམས་ཁང་གི་སྟོད་ཕྱོགས་སུ་ཇོ་སྐུ་བྱིས་པ་ལོ་ལྔའི་སྐུ་ཚད་ཅན་ཞིག་བཞེངས་ཏེ་ནང་བཞུགས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དབུ་ཞ་དང་རྗེ་ས་པཎ་གྱི་བསྙེན་ཕུར་སོགས་བྱིན་རྟེན་མང་དུ་བཞུགས་སུ་གསོལ།  དེ་ལ་མཁར་གོང་བྱམས་པ་དང་མཁར་གོང་ཇོ་བོ་ཞེས་རེབ་གོང་ཕྱོགས་སུ་ཤིན་ཏུ་གྲགས་ཆེའོ།།

       དེ་ནས་རི་རྡོ་རྗེ་འདྲ་བའི་སྐེད་པ་དགོན་ཁུག་ཏུ་ཕེབས་པར་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་རེབ་གོང་བྱང་སྐྱོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་ཉམས་གསོ་མཛད་སྐབས།  མཆོད་རྟེན་ནང་བཞུགས་སུ་ལྷ་རྗེ་བྲག་སྣ་བའི་གདུང་རུས་ཚ་ཚ་བདུན་དང་།  ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་ཉིད་ཀྱི་སྐུ་ཤམས་བཅས་གནང་དེ་ནང་བཞུགས་སུ་ཕུལ།   མཆོད་རྟེན་ལ་རབ་གནས་ཆེན་མོ་མཛད་དེ་རེབ་གོང་གི་ཡུལ་ཕྱོགས་རྣམས་ལ་ཡུལ་ཁྲུས་བྱིན་བརླབས་མཛད།
     དེ་ནས་བྱ་ཁྱུང་གི་གནས་འཚོལ་བར་དགུ་རོང་དང་ཤིང་འགུར་རྒྱུད་ནས་ཕེབས་སྐབས།  ཟོམ་དཀར་ཐང་སྨད་ཞེས་པའི་ས་ཞིག་ཏུ་ཕེབས་པར།  ཡུལ་དེའི་ཕྱུག་འཚོ་བའི་མི་རྒན་གཞོན་ལྔའི་གུང་ཇ་འཐུངས་བཞིན་ཡོད་པ་དང་འཕྲད་པས།  ཁོ་ཚོའི་ཆོས་རྗེ་དོན་གྲུབ་རིན་ཆེན་སྐུ་འཁོར་གསུམ་པོ་སུ་ཡིན་མི་ཤེས་ཀྱང་།  རྣལ་འབྱོར་བ་གོས་ངུར་སྨིག་གྱོན་པ་ཞིག་གིས་འཁོར་དུ་བཙུན་པ་གཉིས་ཁྲིད་ནས་ཕེབས་པ་མཐོང་བར།  ས་པ་དང་བཅས་ཁོང་གསུམ་ལ་གསོལ་ཇ་དྲངས།  ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྫི་བོ་རྣམས་ལ་སྐྱབས་འགྲོ་དང་། སྒྲོལ་མ་དཀར་སྔོན་སོགས་ཀྱི་ལུང་འགའ་གནང་ནས་ཕེབས་ཤུལ་དུ།  ཆོས་རྗེ་ཉིད་ཀྱི་དབུ་ཞྭ་བརྗེད་ནས་ལུས་པའི་ཤུལ་དུ།  རྫི་བོ་དེ་རྣམས་ཀྱིས་ལབ་རྩེ་ཞིག་བརྩིགས་པས།  ཤིང་འགུར་ལབ་རྩེ་ཞེས་གྲགས།

      དེ་ནས་དགུ་སྟེང་བརྒྱུད་ནས་བྲག་བྱ་ཁྱུང་མཐོང་བའི་སྣང་རིའི་གྲོང་རི་རྩ་ཞེས་པའི་སྡེར་ཕེབས།  ཨ་མྱེས་དོན་གྲུབ་སེང་གེ་ཞེས་པའི་ཁྱིམ་དུ་ཕེབས།  སྡེ་དེའི་ཕོ་མོ་རྒན་གཞོན་རྣམས་ལ་སྐྱབས་འགྲོ་དང་།  ཕྱག་སྟོང་སྤྱན་སྟོང་གི་གཟུགས།  པད་མ་སྙིང་པོའི་མདོ།  བཅུ་གཅིག་ཞལ་གྱི་མདོ།  དོན་ཞགས་ཕྱི་མ། པད་མ་མཆོགདབང་བསྒྱུར་འཁོར་ལོ།  ཆོ་ག་སྔགས་ཀྱི་རྒྱུད།  ཡི་གེ་དྲུག་པའི་མདོ།  དམ་ཆོས་པད་མ་དཀར་པོའི་མདོ།  བགེགས་སེལ་བའི་གཟུངས།  སེང་གེ་སྒྲའི་གཟུངས།ཁ་སར་པ་ནིའི་གཟུངས།  ལྷ་མོ་ནོར་རྒྱུན་མའི་གཟུངས།  ལྷ་མོ་ཁྲོ་གཉེར་ཅན་དང་འོད་ཟེར་ཅན་མའི་གཟུངས།  གདུགས་དཀར་གྱི་དབང་སོགས་གནང་བའི་རྗེས་སུ།  གནས་ཚང་དེའི་རྒན་མོ་བཞིན་མི་སྡུག་པ་ཞིག་ཡོད་པ་དེའི་རང་གི་བྲན་མོ་ལ།  དེ་རིང་བྲག་བྱ་ཁྱུང་ནས་ཡུལ་སྣ་འོང་བར་འདུག་པས་ཐང་མ་མྱུར་དུ་སྡུས་ལ་གད་དར་མཛོད་ཅིག་ཟེར།  ཆོས་རྗེ་ཉིད་ཀྱིས་རྒན་མོ་ལ་བྲག་བྱ་ཁྱུང་ཟེར་བ་གང་ཡིན་དྲིས་པས།  རྒན་མོ་དེ་ཁྲོ་ཚུལ་གྱིས་ཅི་བྱེད་རྒྱུ་ཡིན།  རྨ་ཆུ་རྒྱ་མཚོ་འདྲ་བའི་ཕ་གི་རེད་ཅེས་སྡིགས་མཛུབ་དང་བཅས་ཁྲོ་བ་འབར་བཞིན་དུ་བསྟན།  རྒན་མོ་དེ་ཁྲོ་གཉེར་ཅན་མའི་སྤྲུལ་བ་ཡིན་པས་ས་འདུལ་དང་ངོ་སྤྲོད་ལྷན་ཅིག་ཏུ་བྱས་སྙམ་པ་ཕྱིས་སུ་དགོངས་པར་ཤར།  དེར་ཚོགས་པ་མང་པོར་ས་སྡེའི་བཤད་པ་གནང་སྐབས་ཆོས་རྗེ་ཉིད་ལ་ཤངས་ཁྲག་མང་པོ་བྱུང་བ་དེས་དམ་ཅན་གྱི་རྟེན་ཐང་ཞིག་བཞེངས།  དོན་གྲུབ་སེང་གེས་སྦྱིན་བདག་བྱས་ཏེ་ལྷ་ཁང་ཆུང་ངུ་ཞིག་བཞེངས་པར་དེར་དུས་གསུམ་སངས་རྒྱས།  ཉེ་སྲས་བརྒྱད།  མི་གཡོ་བ་སྔོན་པོ།  རྟ་མགྲིན་བེ་ཅོན་ཅན་རྣམས་བཞུགས།  དམ་ཅན་སྲུང་མར་བསྐོས་ཏེ་རྟེན་ཐང་ཆོས་རྗེའི་ཤངས་ཁྲག་གིས་བཞེངས་པ་དེ་གཉན་ཆ་ཤིན་ཏུ་ཆེ།

   
   དེ་ནས་རྨ་ཆུ་བརྒྱུད་ནས་ཡར་ཕེབས་སྐབས།  རྨ་ཆུའི་ལྷོ་འགྲམ་ན་གྲོང་ཁྱིམ་གསུམ་ཡོད་པ་དབང་ཕྱུག་ནོར་བུ་ཟེར་བའི་གཞོན་ནུ་བཟའ་མི་གཉིས་ཡོད་པ་དེའི་ཁྱིམ་དུ་ཕེབས། གསུངས་མགུར་མང་པོ་གསུངས་ནས་ཕེབས་ཁར་ཇོ་སྐུ་མཐོ་གང་ཙམ་ཡོད་པ་ཞིག་གནང་བས།  རྗེས་ནས་དབང་ཕྱུག་ནོར་བུས་སྦྱིན་བདག་བྱས་ཏེ་ལྷ་ཁང་དང་ནང་དུ་ཇོ་སྐུ་ཞིག་བཞེངས་པའི་རྟེན་གཙོ་ཇོ་སྐུ་མཐོ་གང་ཙམ་ཡོད་པ་དེ་བཞུགས་སུ་གསོལ་བས་མགུར་ལྷ་ཁང་ཆེན་མོའི་ཇོ་སྐུ་ཞེས་གྲགས།  དེ་ནས་ཡར་ཕེབས་ནས་བྱ་ཚང་ཟེར་བའི་སྡེར་དེར་རང་གི་ཕ་ཡུལ་རེབ་གོང་ཏོ་རི་ཉིན་ནས་ཡོང་བས་དོན་ཉིན་བཟའ་མཁར་སྐྱིད་ཟེར་བའི་ཉེ་ཚན་བུད་མེད་ཅིག་ཡོད་པས་གསོལ་ཚིགས་དྲངས།  མོ་ཡུར་ལས་ཀྱི་མནར་བ་ལ་ཐུགས་བརྩེ་བས་ཡུར་མནན་གྱི་མཆོད་རྟེན་བརྩིགས་པ་ད་ལྟ་སོ་ཕག་གིས་བཏུམས་ཤིང་ཡུལ་དེར་དེང་སང་ ཡང་ཡུར་མ་ཡུར་མི་དགོས་པར་གྲགས། མོས་ཟར་རྩ་ཆུན་པོ་འགའ་དང་ར་ཕྱར་གྱི་བཞུགས་སྟན་ཕུལ་བ་ཕྱིས་སུ་གསེར་གདུང་ནང་རྟེན་དུ་ཕུལ་ཟེར། ཇུ་ནང་གདན་རབས་སུ་སྣམ་བུ་གྲོ་གྲོ་ཞིག་ཕུལ་བ་ད་ལྟ་ཡང་སེང་ཁྲི་ཁང་གི་བཞུགས་ཁྲིའི་འོག་ན་ཡོད་པར་གསུངས།

      དེ་ནས་བྲག་བྱ་ཁྱུང་ལ་ཕེབས་དགོངས་ནས་ཉེ་གནས་བུ་མོ་དེའི་ཁྱོ་ཀ་ལ་ཁྱོད་སོང་ལ་རྨ་ཆུ་ལ་དར་ཆགས་ཡོད་དམ་ལྟོས་ཤོག་ཞེས་ཡང་ཡང་གསུངས་བས། ཁོས་བསམ་པར་ཟླ་བ་དྲུག་པ་ལ་དར་ཇི་ལྟར་ཆགས་སྙམ་ནས་ཡིད་མ་རངས་ཏེ་མ་ལྟོས་བཞིན་དུ་ལྟོས་པ་ལྟར་བྱས་ནས། རྨ་ཆུ་ལ་དར་ཆགས་འདུག་ཞུས་པས།  དེ་ལྟར་ན་བཟང་འདུག་མྱུར་དུ་འགྲོ་གསུངས་ནས་ཕེབས་ཚེ་རྨ་ཆུ་ལ་དར་སྣམ་དཀར་གྱི་ཟམ་འཕངས་པ་འདྲ་བ་ཞིག་ཆགས།  དེར་བླ་མས་རྟིང་ནན་ནས་ཕེབས།  ཕྱི་ན་འདུག་པའི་མི་རྣམས་ཀྱིས་བལྟས་པའི་ཚེ་ཆུའི་དར་ཟམ་དེ་བླ་མ་ཕེབས་པ་དང་ལྷན་ཅིག་དྲིལ་ནས་ཕར་ཐལ་སོང་ཟེར།  དུས་དེ་ནས་བཟུང་དར་ཆགས་པའི་ཉེ་འགྲམ་གྱི་གྲོང་སྡེའི་མིང་ལ་རྨ་དར་གོང་བ་ཞེས་ཐོགས་ཤིང་ད་ལྟ་ཟུར་ཆག་ནས་མན་རྡལ་གོང་བ་ཟེར།  དེ་ནས་བཟུང་ནམ་རྒྱུན་དགུན་མགོ་དར་འཛིན་སྔ་ཞིང་འགྲོ་བའི་མི་རྣམས་ཀྱིས་བློ་གཏད་ཆོག་པའི་དར་ལམ་ངེས་ཅན་དུ་འཛིན་པར་གྲགས་སོ།།

      ཇུ་ནང་ངག་དབང་སྙན་གྲགས་ཀྱི་གདན་རབས་སུ།  བྱ་ཁྱུང་སྟོན་པའི་རྒན་མོ་དེའི་གྲོང་ད་ལྟ་ཁེན་གྱ་ཟེར་བ་འདི་ཡིན།  གྲོང་དེའི་ལྟག་ན་སྒོམ་རྟགས་ཟེར་བའི་གནས་ཡིད་དུ་འོང་བར་ཁོང་བའི་ཕྱག་ཚ་ནང་རྟེན་དུ་བཞུགས་པའི་ས་འབུམ་ཞིག་ཡོད་པ་ལ་སྐབས་འགར་མཚན་མོ་འོད་འཕྲོ་བ་སོགས་གནའ་མི་རྣམས་ལ་ཡོངས་སུ་གྲགས་པ་དང་།  གྲོང་དེའི་འགབ་ཀྱི་རི་རྐེད་ན་ཆུ་མིག་ཅིག་ཡོད་པའི་འགྲམ་དུ་ཡུན་རིང་བཞུགས་ནས་ཚ་ཚ་བཏབ་ཅིང་། ཙན་དན་གྱི་ལྗོན་པ་ཞིག་སྐྱེས་པ་རིམ་གྱིས་སའི་འོག་ཏུ་ནུབ་ཀྱང་སྐབས་ཤིག་ནས་ས་ཚ་དང་ཙན་དན་གྱི་དུམ་བུ་རྙེད་མཁན་ཡོད་པ་དང་།  དེའི་སྟོད་ཙམ་ན་ཞིང་མང་པོ་ཡོད་པའི་ལྗོངས་ཤིག་ཏུ་སྐྱོ་མགུར་འགའ་རེ་གསུངས་པས་དེང་སང་ཡང་གནས་དེ་ལ་ཞིང་མགུར་དུ་གྲགས་པ་དང་། དེའི་ཡན་ཆད་ཀྱི་སྔོ་གྱ་བྲག་འགག་གི་དར་ལམ་སྟེང་ནས་ཕེབས་པའི་ལམ་དེར་གདོང་དར་རམ་ལྷ་དར་ཞེས་གྲགས་པ་དང་། དེར་མ་ཟད་མི་གྲིབ་ཅན་གྱིས་ཁྲུས་བྱས་པ་སོགས་ཀྱིས་དར་མི་འཆགས་པ་དང་། རྨ་འགྲམ་མན་རྡལ་གོང་བར་ཕྱག་ཚ་འདེབས་རྒྱུའི་ས་རྒྱུ་བཟང་པོ་ཞིག་ཡོད་པར་རབ་གནས་མཛད་པས།  ཅི་ཙམ་བླངས་ཀྱང་ཟད་དུ་མེད་པ་དང་།  ད་ལྟའང་ཡུལ་ཕྱོགས་དེ་ནས་ས་འབུམ་བཞེངས་ཚེ་ཐོག་མར་དེ་ནས་ས་ཅུང་ཟད་རེ་བླངས་ཏེ་ས་ཚཱ་འདེབས་པའི་སྲོལ་ཡོད།  ཅེས་བརྗེད་དུ་ཕངས་པའི་ལོ་རྒྱུས་འདི་དག་མཐར་ཆགས་སུ་བཀོད་འདུག

      དེ་ནས་ཅུང་ཟད་ཕེབས་པ་ན་ལ་ཆེན་པོ་ཞིག་བརྒྱབ་པར་སྐུ་རྗེས་སུ་འབྲངས་པའི་ཁྱི་ཞིག་ཡོད་པ་ཤི་བས་ཁྱི་རྒན་ལར་གྲགས།  དེ་ནས་ཐོག་མར་ཁྱུང་ལྟག་ཏུ་བཞུགས།  ཉིན་གཅིག་དོས་ཁལ་དང་བཅས་པའི་དྲེའུ་ཞིག་ཡོད་པ་བཙལ་བས་མ་རྙེད་པར་མཐར་མདུན་གྱི་རིའི་ངོས་སུ་ལྗོན་ཤིང་མང་པོ་ཡོད་པའི་སར་ཆུ་འཐུངས་ནས་ཉལ་འདུག་པ་ཐབས་ཅི་བྱས་ཀྱང་མ་སློང་ཚུལ་ཞུས་པས།  ཞལ་ནས་ང་ཚོའི་འདུག་ས་ནོར་བ་ཡིན་འདུག  དྲེའུ་མི་སློང་བ་དེ་ཆོས་སྐྱོང་གི་ལུང་བསྟན་པ་ཡིན་པས་དེར་འགྲོ་གསུངས་ནས་གནས་དེར་དགོན་པའི་གཞི་བཏིངས།  ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་ཆུ་མིག་གཉན་པོ་ཡོད་པའི་ནེའུ་གསིང་གི་སྟེང་ཏུ།

  
    སྤྱི་ལོ་1349ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་དགུང་ལོ་ཞེ་གཅིག་པ་བོད་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་ས་གླང་ལོར་དཔལ་ལྡན་བྱ་ཁྱུང་དགོན་བཏབ།  ཕྱིས་སུ་མགོན་ཁང་དུ་གྲགས་ཏེ་ད་ལྟའི་འདུ་ཁང་གི་སྟེང་རྒྱབ་ན་ཡོད་པ་འདི་ཡིན།  ངག་རྒྱུན་འགར་ཐོག་མའི་གནས་གཞི་ད་ལྟའི་འདུ་ཁང་གི་ཆོས་རའི་མཐིལ་དང་།  ལ་ལས་ད་ལྟའི་ལྷ་ཁང་ཆེན་མོའི་ཤུལ་གཡང་ས་ཁུག་ཏུ་རྗོད་པ་འདི་དང་།  ཁ་ཅིག་གིས་ལྷ་ཁང་སིས་མར་འབོད་པའི་ཤུལ་འདི་ཡིན་ཟེར། སིས་མ་དང་ཙིག་མ་ཞེས་པ་ནི་ཡུལ་དེ་གའི་སྐད་ཀྱི་ཆུང་ངུའི་ཐ་སྙད་དོ།།  གང་ལྟར་ད་ལྟའི་འདུ་ཁང་འདི་ཕྱིས་སུ་རིམ་གྱིས་རྒྱ་བསྐྱེད་པ་ཡིན་ཞིང་།  དབྱར་དུས་ཆར་འབབ་ཞོད་ཆེ་དུས་ཆོས་རའི་མཐིལ་དུ་ཆུ་མིག་རྡོལ་གྲབས་བྱེད་ཅིང་།  དེར་མ་ཟད་ནམ་ཡང་རྔ་ཁང་མི་བརྟན་པའང་རྒྱུ་མཚན་དེའི་རྐྱེན་གྱིས་ཡིན་ཞེས་གླེང་ངོ་།།  གནས་གཞི་གཏིངས་འཕྲལ་གྲྭ་ཚོགས་བརྒྱ་ཕྲག་བརྒལ་བ་ལ་ཕར་ཚད་ཀྱིས་ཐོག་དྲངས་བྱམས་ཆོས་རྣམས་དང་།  དབུ་མ།  བརྟག་གཉིས།  སྤྱོད་འཇུག་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད།

        གནས་དེའི་ཐད་ཀར་བོན་དགོན་ཞིག་ཡོད་པའི་གཙོ་བོ་དེས་ཆོས་རྗེ་ཉིད་སྤྱན་དྲངས། ཞབས་ཏོག་དང་བཀུར་སྡི་ཞུས།  བཞུགས་སྟན་གཅིག་གིས་མཚོན་དངོས་འབུལ་ཕུལ་བས་རྟེན་འབྲལ་འགྲིགས།  ཆོས་རྗེ་ཉིད་ནས་བོན་པོ་དེ་ལ་ལྷམ་སོགས་འགྲོ་ཆས་ཀྱི་རྟེན་མང་པོ་གནང་བས།  བོན་པོ་རྣམས་ཀྱིས་ཁོ་ཚོ་ཡུལ་ནས་འདོན་པའི་བརྡར་གོ་ནས་མཐུ་གཏོང་རེས་བྱས།  དང་པོ་ཅུང་ཟད་འཚུབ་ཉམས་ལྟ་བུ་ལ།  ཞང་བའི་བཙུན་ཆུང་འདིས་སྒྲུབ་དཔོན་གྱིས་ལ་སྒྲུབ་པ་ཚུགས་གསུངས་པ་ལྟར་བྱས་པས་འཕྲལ་དུ་བོན་རྣམས་ནང་འཐོར།  འགའ་ཞིག་རྩུབ་རིང་དུ་སོང་།  ཁ་ཅིག་ལུང་ཕྲན་འགར་སོང་བས་ལུས་རིད་ཅིང་ཤི་བའི་སར་བོན་གྱོང་ནང་ དུ་ཐོགས།  འགའ་རེས་རིའི་གཤམ་ནས་རེ་ཞིག་གནས་བཅས་པའི་སར་བོན་པོ་རི་ཟེར་ཞིང་།  ད་ལྟ་སྐྱ་ཡིས་སུ་ཡོད་པའི་བོན་གྲོང་རྣམས་འདི་ལས་ཆད་པར་གྲགས།

        ཇུ་ནང་གདན་རབས་སུ།  བོན་པོ་རྣམས་ལ་སྒྲུབ་པ་མཛད་སྐབས་ཞང་བའི་བཙུན་ཆུང་།  བར་ཞིང་ལ་མོ་གཡུ་རུ་ཕྱུགནག་ཚའི་རེ་གོན་པ།  སྡོང་ངེའི་དར་དཀར་རིང་མོ།  མཚམས་རིང་རྟོགས་ལྡན་པ་རྣམས་གཙོ་བོ་ཡིན།  ཞེས་བཤད།  བྲག་དགོན་པས།  བོན་པོ་རིར་བོན་དགོན་ཞིག་ཡོད་པའི་གཙོ་བོ་དེས་སྤྱན་དྲངས་ཞེས་བཤད་པ་ནི་ནོར་བ་སྟེ།  ད་ལྟ་པར་ཁང་ཆེན་མོའི་འགབ་ཀྱི་གནས་ས་ཕར་ཚུར་དེ་ལ།  དེང་སང་ཡང་བོན་པོ་མཁར་ནག་ནང་ཟེར་བས་ན་གདན་འདྲེན་ཞུ་ མཁན་གྱི་བོན་པོའི་གནས་མཁར་དེ་ན་ཡོད་དོ།།  མགོན་ཁང་དེར་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཞལ་ཕྱག་ཡོངས་རྫོགས་དང་།  མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་མང་དུ་བཞེངས་ཤིང་དམ་ཡེ་བསྲེས་པའི་བྱིན་རླབས་ཀྱིས་སྡེ་དེ་ཉིད་དུ་བཤད་སྒྲུབ་ཀྱི་ལས་རྣམས་བཞེད་པ་ལྟར་གྲུབ་ཅིང་།  བཀའ་ཤིན་ཏུ་གཉན་པས་ཡུལ་ཕྱོགས་འདིའི་སྐྱེ་བོ་རྣམས་ཀྱིས་ལེགས་ཉེས་ཀྱི་སྟངས་འཛིན་པའི་མནའ་དཔང་ཡང་མགོན་ཁང་འདི་ལ་ཞུ་ཞིང་།  མནའ་ཟོས་པ་རྣམས་ལ་ཆད་པ་དྲག་པོས་ཚར་གཅོད་པ་མངོན་སུམ་དུ་སྟོན་ཅེས་རྒྱ་ཕིབས་དཀར་ཆག་ཏུ་གསུངས།  དེ་ནས་རིམ་གྱིས་ལོ་རབས་འགའ་ན་གྲྭ་ཚོགས་སུམ་བརྒྱ་ལྷག་འདུས་པ་ལ་མང་འགྱེད་བཏང་།

  
     བར་སྐབས་ཤིག་ཆོས་རྗེ་ཉིད་སྐུ་འབུམ་ཆུ་དཀར་རི་ཁྲོད་དུ་ཉམས་བཞེས་མཛད་སྐབས། མཚན་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བས་བྱིན་གྱིས་བརླབ་པར་གསོལ་བ་བཏབ།  ཁྱད་པར་དུ་ཞལ་དངོས་སུ་བསྟན་དུ་གསོལ་ཞེས་ཞུས་པས།སང་ཕོད་ད་ཙམ་ལུང་བ་འདིའི་མདའ་རུ་འོང་།  དེ་བར་བདེ་བར་གྱིས་གསུངས་བྱུང་བར།  དེ་གང་ཡིན་དཔྱད་པས།  རྗེ་ཙོང་ཁ་པ་ཆེན་པོ་འཇིག་རྟེན་དུ་འབྱོན་པའི་བརྡར་མངོན་པར་ཤེས་པས་ཐོགས་མེད་དུ་མཁྱེན་ནས་རྟེན་འབྲལ་ཁྱད་པར་ཅན་བསྒྲིག་པར་དགོངས་ཏེ་གསོལ་ཟན་དང་བདུད་རྩི་རིལ་བུ་བསྲེས་པའི་རིལ་བུ་དང་སྲུང་མདུད།  རྡོ་རྗེ་འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན།  བུ་ཆུང་གཙང་སྦྲ་དང་བཅས་སྐྱོང་ལུགས་ཀྱི་ཡི་གེ་དང་བཅས་པ་ཉེ་གནས་བྱ་བཏང་ཚུལ་ཁྲིམས་དང་ལྡན་པ་ཀུན་དགའ་དོན་གྲུབ་ལ་བསྐུར་གནང་མཛད།  རྗེས་ནས་ཡབ་ཡུམ་གཉིས་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ཉིད་སྤྱན་དྲངས།  བཀུར་བསྡི་ཕུན་སུམ་ཚོགས་པ་མཛད།  རྗེ་འདི་བས་ཀྱང་རྟ་ནོར་གོས་དར་སོགས་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས་ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཅིགཅེས་བཀའ་སྩལ་བ་བཞིན་ཡབ་ཡུམ་གཉིས་ཀྱིས་ཀྱང་དགའ་སྤྲོ་དང་བཅས་འབུལ་བར་ཁས་བླངས་བས།  ཆོས་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་ནས་ཕ་བོང་ཞིག་ཡོད་པའི་སྟེང་ཞབས་རྗེ་དང་དབྱུག་པའི་རྗེས་གསལ་བོར་བཞག་པ་ད་ལྟ་སྐུ་འབུམ་འཇམ་ དབྱངས་ཀུན་གཟིགས་ལྷ་ཁང་དུ་བཞུགས་པའི་ཕ་བོང་དེ་ཡིན་པར་བཤད།  ཆུ་དཀར་རི་ཁྲོད་དུ་སླར་ཡང་ཕེབས་ནས་བྲག་གྱེན་དུ་བཏེགས་པའི་ཕྱག་རྗེས་གཉིས་ཀ་གསལ་བར་གཏོད་པ་ད་ལྟ་ཡང་མངོན་སུམ་དུ་མཇལ་དུ་ཡོད།  ཆུ་དཀར་རི་ཁྲོད་འདིའི་ས་མིང་ལ་སྔོན་སྟག་སེར་བྲག་སྐྱིབས་ཞེས་ཟེར་ཏེ།  ཆོས་རྗེ་དོན་གྲུབ་རིན་ཆེན་ཉིད་ཀྱིས་སྒྲུབ་པ་མཛད་རྗེས་ནས་བཟུང་སྐུ་འབུམ་ཆུ་དཀར་རི་ཁྲོད་ཞེས་གྲགས།  རྗེ་ཀརྨ་རོལ་བའི་རྡོ་རྗེ་ཤ་རྫོང་རི་ཁྲོད་དུ་ཕེབས་ནས་བཞུགས་སྐབས། ཡབ་ཀྱིས་ཁྲིད་ནས་རབ་ཏུ་བྱུང་བར་ཞུས་ཀྱང་ད་དུང་གཞོན་ནུར་གྱུར་བས་རབ་ཏུ་བྱུང་མ་རན་གསུངས་ནས་དགེ་བསྙེན་དུ་བསྒྲུབས། མཚན་ལ་ཀུན་དགའ་སྙིང་པོར་གསོལ།  དབུས་སུ་ཕེབས་ཤིག་ཞེས་པའི་ལུང་བསྟན་གནང་སྟེ།  ཕྱིས་སུ་སངས་རྒྱས་གཉིས་པ་ལྟ་བུར་བྱོན་པ་འདིའོ་ཞེས་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས་བསྔགས།

        རྗེ་དགུང་ལོ་བདུན་ལ་ཉེ་བ་ན་ཡབ་ཡུམ་གཉིས་ཀྱིས་བུ་ཆུང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་འབུལ་བར་བྱོན་སྐབས།  ཆོས་རྗེ་ཉིད་ཀྱི་ཐུགས་ཀྱིས་མཁྱེན་ནས་བཙུན་པ་ཐུབ་བསྟན་རྒྱ་མཚོ་ཟེར་བ་ཞིག་ལ།  དེ་རིང་ང་ལ་ཕྱོགས་འདི་ནས་སློབ་མ་ཁྱད་པར་ཅན་ཞིག་འོང་བར་འདུག་པས་ལྟོས་གསུངས་པ་ལྟར་ལྟ་རུ་སོང་སྐབས།  གད་སྐྱའི་གཞུང་ན་སླེབས་ཚེ་མི་མང་པོ་དམག་འདྲ་བ་ཡོང་གི་ཡོད་པས་སྣང་བ་བྱུང་།  དེ་ནས་ཚུར་ཇེ་ཉེར་སླེབས་དུས་མི་ཉུང་ངུར་སོང་དེ་མཐར་ས་བཟང་སྒང་ལ་སླེབས་པ་ན།  མི་སྟག་གཞོན་གཅིག་འོངས་པ་མཐོང་།  དེའི་ཕྱིར་གྲྭ་བ་དེས་སོ་བལྟས་པའི་སྒང་ལ་སོ་བལྟས་སྒང་དང་། ཕེབས་ལམ་གྱི་སྒང་ལ་གཅིག་སྟག་སྒང་དུ་གྲགས་ཏེ་དེང་སང་ཟུར་ཉམས་པས་སོ་ཏོལ་སྒང་དང་ལྕགས་སྟག་ཁ་སྒང་ཟེར།  བྲག་དགོན་པས་སྐྱ་ཀའི་གཞུང་ཞེས་བྲིས་པ་ནི་རྒྱུས་མེད་པའི་གཏམ་སྟེ་ཤིན་ཏུ་ནོར་རོ།།

  
      དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་ཕེབས་མ་ཐག་ནས་ཚེགས་མེད་པར་ཡིག་ཀློག་ལ་བྱང་བར་སྦྱངས།  རབ་ཏུ་མ་བྱུང་བའི་སྔ་རོལ་ཏུ་དཔལ་རྡོ་རྗེ་འཇིགས་བྱེད་དང་།  འཁོར་ལོ་བདེ་མཆོག་དྲིལ་བུ་ལུགས་དང་། ཀྱེ་རྡོ་རྗེ་དང་།  ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར།  གསང་མཚན་དུ་དོན་ཡོད་རྡོ་རྗེ་ཞེས་བཏགས་ཏེ་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད།  དབང་ཐོབ་པ་ནས་བཟུང་བདེ་མཆོག་དང་། ཀྱེ་རྡོར། ཀུན་རིགགཤིན་རྗེའི་གཤེད་ལ་སོགས་པའི་དཀྱིལ་ཆོག་མང་པོ་ཐུགས་ལ་བཟུང་། བདེ་མཆོག་དྲུལ་བུ་བའི་བདག་འཇུག་ལན་མང་དུ་བཞེས།  ལྷའི་རྣལ་འབྱོར་དང་བཟླས་པའི་རིམ་པ་སོགས་ལ་གཅིག་ཏུ་གཞོལ།  རྒྱུན་ནེ་དང་རྩ་བ་ཚང་གི་གདན་རབས་སུ།  དབང་རྡོ་རྗེ་ཕྲེང་བ་ཡང་ཆོས་རྗེ་དོན་རིན་པ་ལས་གསན་པ་འདྲ་བ་ཞིག་གསུངས་མོད།  ཡོངས་གྲགས་ལ་འོག་ནས་འབྱུང་བ་ལྟར་འབྲི་གུང་སྤྱན་སྔ་བ་ལས་གསན་པར་གྲགས་སོ།།

          ཁྱད་པར་དུ་བླ་མའི་བཀའ་བཞིན་ཨ་ར་པ་ཙ་ནའི་བསྙེན་པ་གྲངས་མང་བར་མཛད་པས་གཟིམ་ཆུང་གི་ལོགས་ཀུན་ཏུ་ཨ་ར་པ་ཙ་ནིའི་ཡི་གེ་མང་པོ་བྲིས་པ་ལྟ་བུ་དང་།  རལ་གྲིའི་ཕྱག་མཚན་གྱི་གུར་ཕེབས་པ་སོགས་རང་བྱོན་མང་དུ་ཕེབས།  དེའི་ཕྱིར་གཟིམ་སྤྱིལ་དེ་ལ་ད་ལྟའི་བར་ཏུ་ཨ་ར་པ་ཙའི་སྒྲུབ་ཁང་ཞེས་ཀུན་ལ་གྲགས།  རྗེ་བདེ་ཁང་བས་མཛད་པའི་ཨ་ར་པ་ཙའི་མཆོད་རྟེན་གྱི་དཀར་ཆག་ལས།  བསྙེན་སྒྲུབ་མཛད་སྐབས།  བཞུགས་པའི་རྩ་སྤྱིལ་གྱི་ཕྱི་ནང་གི་ངོས་ཐམས་ཅད་ལྷག་པའི་ལྷའི་སྐུ་དང་ཨ་ར་པ་ཙ་དང་རལ་གྲིས་བར་མཚམས་མེད་པར་གཏམས་པའི་གཟིགས་སྣང་ཡབ་སྲས་གཉིས་ཀ་ལ་བྱུང་།  ཞེས་གསུངས་འདུགདགུང་ལོ་བདུན་གྱི་སྐབས་ཤིག་ནས་ཕྱག་རྡོར་གཏུམ་པོ་ཕྱག་གཉིས་པའི་རྣམ་པ་ཅན་ཞིག་ཡུན་རིང་བའི་བར་དུ་ནུབ་རེ་བཞིན་མནལ་ལམ་དུ་གསལ་ལམ་མེར་འཆར་བདང་།  ཁྱད་པར་ཇོ་བོ་རྗེ་མནལ་ལམ་དུ་རྒྱུན་པར་མཇལ་བ་ཞིག་བྱུང་།  ཕྱིས་དབུས་སུ་ཕེབས་དུས་སྐུ་འདྲ་གཟིགས་པ་ན་རྣམ་པ་ཇི་ལྟ་བར་འདུག་ཅེས་གསུངས།

      དགུང་ལོ་བདུན་པའི་ཚེ་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོས་མཁན་པོ་དང་།  ཏ་དབོན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱུང་ཆུབ་འོད་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ།  འཇམ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་མང་དུ་གནང་།  རྒྱུད་སྡེ་བཞིའི་རྒྱུད་རྒྱ་གཞུང་དཀྱིལ་ཆོག་མན་ངག་ཆོས་སྐོར་སོགས་མང་དུ་སྩལ།  ཁྱད་པར་དུ་བར་ཆད་སྲུང་བའི་ལྷ་འཁོར་ཆེན།  ཤེས་རབ་ཀྱི་ལྷ་ཨ་ར་པ་ཙ་ན།  ཚེ་ཡི་ལྷ་ཚེ་དཔག་མེད་ཛེ་ཏ་རི།  མཐུན་རྐྱེན་སྒྲུབ་པའི་ལྷ་རྣམ་སྲས།  མི་དང་མི་མིན་གྱི་གནོད་པ་སེལ་བའི་ལྷ་མགོན་པོ་ཕྱག་དྲུག་པ་རྣམས་ཆོས་རྗེ་རང་གི་ལྷག་པའི་ལྷ་ཡིན།  དེ་རྣམས་ཁྱོད་ལ་སྟེར་བ་ཡིན་པས་བསྙེན་སྒྲུབ་དང་གཏོར་མ་མ་ཆགས་པ་གྱིས་གསུངས།

      སྐབས་འདིར་རྒྱུད་ནེ་དང་རྩ་བ་ཚང་གི་གདན་རབས་སུ། ཉིན་ཅིག་བྱིས་པའི་རྩེད་མོའི་རྣམ་པས་གོར་འཚེད་ཅིག་ལ་རྩེད་མོ་གནང་བས་ཁོའི་ལས་ལ་བར་བཅད་པས་ཁྲོས་ཏེ་གོར་ཐུར་གྱིས་བརྡེགས།  ཞལ་ལ་རྨ་ཞིག་བཏོད། རྡེག་མཁན་དེ་མ་འགྱངས་པར་ཁྲག་སྐྱུགས་ཏེ་ཤི། དེའི་རྐྱེན་གྱིས་རྗེ་དོན་རིན་པ་ཐུགས་ཁྲོས་པའི་ཚུལ་གྱིས་འགྲམ་ལྕག་བཏང་ནས་སྒོར་ཕུད།  རེ་ཞིག་ན་ཉེ་གནས་ལ་ཁྱོད་སོང་ལ་གཞོན་ནུས་ཅི་བྱེད་ལྐོག་ཏུ་ལྟོས་གསུངས་པ།  རྒྱབ་རིའི་རྩེར་དང་པོར་ཞལ་ས་ལ་གླན་ནས་བཤུམ།  དེ་ནས་ཕྱག་གིས་ས་ལ་འབྲད་ཀྱིན་བཞུགས།  མཐར་རྡོ་བ་མང་པོ་སྤུངས་ཏེ་གྲལ་བསྒྲིགས་པའི་ཚུལ་བྱས།  དེ་དག་ལ་ཕྱག་དབང་འཇོག་པའི་རྣམ་པ་དང་།  དབང་སྐུར་བ་དང་ཆོས་འཆད་པའི་རྣམ་འགྱུར་མཛད་པ་མཐོང་བས།  བླ་མ་ལ་ཞུས་པའི་ཚེ་ཤིན་ཏུ་དགྱེས་ཤིང་རྟེན་འབྲལ་ལེགས་པར་དགོངས།  ཞེས་བྲིས་སྣང་།

       དེ་ནས་རྗེ་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་མཐུན་རྐྱེན་གྱ་ནོམ་པ་དང་བཅས་དབུས་གཙང་དུ་ཕེབས་པའི་སྐུལ་མ་དང་རྫོངས་པ་མཛད།  ཕེབས་ཁར་བླ་མའི་ཞལ་ནས།  ངས་ཁྱོད་ལ་ཆོས་ཤིག་འཆད་པ་ཡིན།  ཅི་འདྲ་ཞིག་འདོད་ཅེས་པ་ལ།  སེམས་ལ་ཕན་པའི་ཞལ་ཏ་ཞིག་ཐུགས་ལ་འདོགས་འཚལ་ཞུས་པས།  བྱུང་འགྱུར་ལུང་བསྟན་བསླབ་བྱའི་ཚུལ་དུ་དང་པོར་ཐོས་བསམ་འདི་ལ་གྱིས།  དེ་ནས་འདི་ལ་གྱིས་ཞེས་སོགས་ཀྱི་རིམ་པ་དང་།  དེ་ནས་དེ་དག་གི་དོན་ཉམས་སུ་བཞེས་ཚུལ།དེའི་རྗེས་སུ་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པའི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དགོས་ཚུལ་རྣམས་ཚིགས་བཅད་ཀྱི་སྒོ་ནས་འདོམས་པར་མཛད་ལ།  དེ་ཟིན་བྲིས་སུ་མཛད་པ་དུས་ཕྱིས་དབུས་སུ་ཕེབས་ཙ་ན་བོར་བས་ཚིག་རིས་ཕལ་ཆེ་བ་བསྙེལ་ནའང་།  དོན་ཐམས་ཅད་ཐུགས་ལ་མངའ་བས་ཕྱིས་ཐོས་བསམ་སོགས་མཛད་པའི་རིམ་པ་ཐམས་ཅད་དེ་དང་མཐུན་པ་བྱུང་འདུག་ཅེས་སྲས་ཀྱི་ཐུ་བོ་རྣམས་ལ་དངོས་སུ་གསུངས་ཤིང་།  བསླབ་བྱའི་ཚིགས་བཅད་དེ་ལས་ཐོ་རེ་བ་ཐུགས་ལ་བཞུགས་པ་ནི།  འདི་ལྟར།

       གཞོན་ནུ་བློ་བཟང་གྲགས་པ་ཁྱོད།། སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན།། སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། །འཐུངས་པའི་བག་ཆགས་ཡོད་པར་ངེས། ། ཞེས་དང་། ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་བའི་མངོན་རྟོགས་རྒྱན། །ཐོག་མར་བསླབ་ཅིང་ནན་ཏན་བྱ། །དེ་ལ་མཁས་པར་གྱུར་བ་ན། །ལུང་ཆོས་ཀུན་ལ་འཕྲིགས་ཚུད་འགྱུར། །དེ་ཡང་སེམས་ཀྱི་ཟུར་ལ་ཞོག །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །ལམ་དང་སྤྱོད་པའི་རྣམ་བཞག་དག །སྟོན་པར་བྱེད་པའི་མདོ་སྡེའི་རྒྱན། །མཁས་པའི་ཡན་ལག་དག་ཏུ་བསླབ། །འཁོར་བ་མྱ་ངན་འདས་པ་ཡི། །རྟེན་དུ་སྟོན་པའི་ཆོས་དང་ནི། །ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་། །སེམས་ཀྱི་ཆོས་ཉིད་དག་པ་ནི། །སེམས་ཅན་ཀུན་ལ་ཡོད་པ་སྟེ། །དེ་ཉིད་བདེ་བཤེགས་སྙིང་པོར་ནི། །སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ། །བྱམས་ཆོས་ལྔ་པོ་དེ་དག་ལ། །མཁས་པར་བྱེད་པའི་གོ་ཆ་གྱིས། །རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། །འབྲིང་དུ་སྟོན་པ་རྣམ་ངེས་དང་། །ཤིན་ཏུ་བསྡུས་པའི་རིགས་ཐིག་ཏེ། །ལུས་དང་འདྲ་བའི་བསྟན་བཅོས་གསུམ། །གཏན་ཚིགས་ཐིགས་པ་འབྲལ་བརྟག་དང་། །རྒྱུད་གཞན་སྒྲུབ་པ་རྩོད་རིག་སྟེ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར། །ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས། །འདི་ཡི་འོག་ཏུ་དེ་རྣམས་སློབས། །  ཞེས་དང་།དེ་ནས་འགའ་ཞིག་བསྙེལ་འདུག་གསུངས། ཡང་། བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། །མཐའ་བྲལ་ཆེན་པོའི་ལྟ་བ་ལ། །གལ་ཏེ་མོས་པ་ཡོད་གྱུར་ན། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །དབུ་མ་རིགས་པའི་ཚོགས་རྣམས་དང་། །  དེ་ཡི་རྗེས་འབྲང་།  ཞེས་སོགས་ཡོད་དེ་ལྷག་མ་རྣམས་བསྙེལ་འདུག་གསུངས།


     དེ་ལྟ་བུའི་ཞལ་གདམས་བསླབ་བྱ་དང་།  མཐུན་རྐྱེན་གནང་སྦྱིན་སོགས་ཚད་མེད་པ་སྩལ། གཞན་ཡང་ཕེབས་རྫོངས་ཀྱི་ཆེད་དུ་ཚོགས་ཀྱི་འཁོར་ལོ་བཤམས།མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་བཏབ། མཎྚལ་གྱི་སྟེང་དུ་ནས་སྤར་གང་བཏབ་སྟེ་ཕུལ་བས། ནས་རེ་རེས་སྟེང་དུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་འོད་ལམ་ལམ་དུ་འབར་བ་ཞིག་གི་རྣམ་པ་བཏོད་པས་བླ་མ་ཤིན་ཏུ་དགྱེས་ཏེ་ཁྱོད་ནི་བསྟན་པའི་བདག་པོར་འོང་བར་འདུག་ཅེས་ལུང་བསྟན། བླ་སློབ་གཉིས་ཕན་ཚུན་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་དབུས་གཙང་དུ་ཕྱག་བཏེགས།

  
    དེ་དུས་བླ་མའི་སྐུ་དྲུང་ནས་ཞབས་ཐང་གིས་ལམ་དུ་ཞུགས་མ་ཐག་རྒྱུན་དུ་ཞལ་འདོན་གོམས་པའི་སྟོབས་ཀྱིས།  འཇམ་དཔལ་མཚན་བརྗོད་གསུང་བཞིན་པར་བྱོན་པ་ལས་གློ་བུར་དུ་བླ་མ་དྲན་ཏེ་སྤྱན་ཆབ་བསིལ་བཞིན་དུ་བླ་མའི་ཕྱོགས་སུ་གཟིགས་བསམ་པ་ན།  ཚིག་མཚམས། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། ། ཞེས་པ་དང་འགྲིགས་བྱུང་བས་སླར་ཕ་ཡུལ་དུ་མི་ལྡོག་པའི་རྟེན་འབྲལ་དུ་དགོངས་ནས་ཕྱིར་མ་ལྟོས་པར་ཕེབས།  རྗེ་ཕེབས་ཁར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ལམ་ཡ་གི་ནས་ཕ་རྒན་ང་ལ་ལན་གསུམ་གྱི་བར་དུ་ལྟོས་གསུངས་པ་རྗེ་ཉིད་ཀྱིས་ཕྱིར་མ་ལྟོས་བར་ད་ལྟའི་བྱང་ཕྱོགས་མཆོད་རྟེན་གསེར་མགོའི་གདོང་ཟེར་བ་འདིའི་ཕག་ཏུ་ཐལ་པ་ན།  ཆོས་རྗེ་ཉིད་ཅུང་མ་རངས་པའི་ཚུལ་གྱིས།  བུ་གཞོན་ནུ་གཅེས་པར་བསྐྱངས་ཀྱང་མཐར་བུས་ཕ་རྒན་འདོར་རམ་གསུངས་ནས།  རྗེ་ཐམས་ཅད་མཁྱེན་པའི་བཞུགས་ཁང་གི་རྩའི་སྤྱིལ་བུ་བྲག་གཡང་དུ་བསྐྱུར་བ་ས་ལ་མ་ལྷུང་བར་འཇའ་གུར་གྱིས་བར་སྣང་དུ་ཡུན་རིང་བཟུང་བ་གྲྭ་དམངས་ཚོགས་པ་ཀུན་གྱིས་མཐོང་ནས་ཐམས་ཅད་དད་པར་གྱུར། ཕྱིས་སྤྱན་དྲངས་ཏེ་ནང་རྟེན་བྱས་པའི་མཆོད་རྟེན་བརྩིགས་ཤིང་ཕྱིས་སུ་གཙུག་ལག་ཁང་བཞེངས་པ་ལ་ཨ་ར་པ་ཙའི་ལྷ་ཁང་ངམ་འཇམ་དབྱངས་སྒྲུབ་ཁང་ཞེས་པ་འདི་ཡིན་པར་གྲགས།

       དེ་ཡང་རྗེ་བདེ་ཁང་བའི་དཀར་ཆག་ལས།  མཚན་མ་དེའི་རྗེས་མཐུན་ཕྱི་རོལ་གྱི་ཉེ་འདབས་ནུབ་དང་བྱང་གི་སྐོར་ལམ་གྱི་རྒྱུན་གང་ཡོད་སར་ཁ་དོག་སྣ་ལྔའི་འཇའ་དཀྱིལ་སྒོར་མོ་མུ་ཏིག་གི་ཕྲེང་བ་བསྒྲིགས་པ་ལྟར་དེང་སང་གི་བར་དུ་མཆོག་དམན་ཀུན་ལ་བསྙོན་མེད་དུ་སྣང་བ་ཡིན། དེ་ཡང་མི་ཅི་ཙམ་ཚོགས་ཀྱང་རང་གིས་མཐོང་བ་གཞན་གྱིས་མི་མཐོང་། གཞན་གྱིས་མཐོང་བ་རང་གིས་མི་མཐོང་བ་སོགས་སོ་སོར་སྣང་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་པ་ཡིན་ནོ་ཞེས་གསུངས་ཏེ།ད་ལྟའི་དུས་སུ་ཡང་སྤྱིལ་བུ་འཕངས་པའི་གནས་དེར་འཇའ་གུར་ཟླུམ་པོ་ཤར་བ་དངོས་སུ་མཐོང་མཁན་མང་། ཞེས་གསུངས་བའང་བདེན་པར་འདུག་སྟེ། དེ་སྔ་རྒྱལ་ཡོངས་སུ་རིག་གནས་གསར་རྗེ་སྐབས་བོད་ཀྱི་དགོན་སྡེ་མཐའ་དག་རྨང་ནས་འཇིག་ཟིན་པར། བསྟན་པ་ཡང་དར་གྱི་སྐབས་སུ་དགོན་སྡེ་རྣམས་ཡང་སྐྱར་གསར་བཞེངས་ཀྱི་འགོ་ཚུགས་པར།  སྤྱི་ལོ་1983ལོའི་ཟླ་བརྒྱད་པའི་ནང་ཨ་ར་པ་ཙའི་ལྷ་ཁང་འདི་ཡང་བསྐྱར་གསར་བཞེངས་གྲུབ་སྟེ། རྗེ་ཆུ་བཟང་སྐུ་ཕྲེང་བཅུ་བཞི་པ་བློ་བཟང་བསྟན་པའི་དབང་ཕྱུག་རིན་པོ་ཆེ་ནས་རབ་གནས་ཆེན་མོ་ཉིན་བདུན་ལ་གསུངས་དེ་ལེགས་པར་གྲུབ་པའི་ཉིན་དེའི་སྔ་དྲོ་ཆུ་ཚོད་བཅུ་བ་ཡས་མས་སུ།  ཨ་ར་པ་ཙའི་ལྷ་ཁང་གི་མཐའ་སྐོར་དུ་འཇའ་ཁ་དོག་སྣ་ལྔ་ཟླུམ་པོའི་དབྱིབས་ཅན་ཆེ་ཆུང་སྣ་ཚོགས་དང་།  ལ་ལ་འོད་དཀར་པོ་ཟླུམ་པོ་བཀྲགས་མདངས་ཧ་ཅང་ཆེ་བ་ལྷ་ཁང་གི་མཐའ་སྐོར་ཀུན་དུ་ཤར་བ་བདག་དང་དེ་ཡོད་ཀྱི་སྐྱ་སེར་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་ཡིན།  བདག་གིས་མཐོང་སྣང་གི་གནས་ཚུལ་དེ་རྗེ་བཙུན་བླ་མ་དམ་པ་རྗེ་ཤར་གདོང་རིན་པོ་ཆེ་ལ་ཞུས་པར།  ཁོང་གིས་ཞལ་ནས།ང་ཚོ་བྱ་ཁྱུང་ལ་དེ་ལྟ་བུའི་ངོ་མཚར་གྱི་ལྟད་མོ་མང་པོ་མཐོང་རྒྱུ་ཡོད།ཁྱོད་ཚོ་རེབ་གོང་ལ་དེ་འདྲ་ཨེ་ཡོད་ཞེས་བདག་ལ་ཞལ་རྩེད་གནང་སོང་།  བདག་གིས་གསུང་ལན་ལ་ང་ཚོ་རེབ་གོང་ལའང་རྗེས་མ་དེ་འདྲའི་ལྟད་མོ་ཡོང་གི་རེད་ཞེས་ཞུས་པ་ཡིན།

        དེ་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་ཉིད་ཀྱིས་སྟག་སེར་ཆུ་དཀར་རི་ཁྲོད་དང་།  དཔལ་ལྡན་བྱ་ཁྱུང་གཉིས་སུ་སྒྲུབ་པ་ལ་ཞུགས།  དགུང་ལོ་རེ་དྲུག་པ་རབ་བྱུང་དྲུག་པའི་བགྲང་བྱ་ཞེ་བརྒྱད་པ་སྤྱི་ལོ་ 1374 ཤིང་སྟག་ལོར་ཕྱི་ནས་དོན་གྲུབ་སེང་གེས་སྦྱིན་བདག་བྱས་ཏེ་སྣང་རའི་གསེར་ཁང་དུ་གྲགས་པ་བཞེངས།  ལྷ་ཁང་དེའི་ནང་བཞུགས་སུ་སྔོན་ལྟར་དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད།  མི་གཡོ་བ་སྔོན་པོ།  རྟ་མགྲིན་བེ་ཅོན་ཅན་རྣམས་བཞུགས།  དམ་ཅན་སྲུང་མར་བསྐོས་ཏེ་རྟེན་ཐང་ནི་ཆོས་རྗེ་ཉིད་ཀྱི་ཤངས་ཁྲག་གིས་བཞེངས་པ་དེ་གཉན་ཆ་ཤིན་ཏུ་ཆེ་བར་གྲགས། དེར་ཚོགས་པ་མང་པོ་ལ་ས་སྡེའི་བཤད་པ་ཐེངས་གཉིས་པ་གནང་བར་གྲགས།  དེའི་ཕྱིར་རྗེ་གསེར་ཁང་པས་ཀྱང་།  སྣང་རའི་གསེར་ཁང་འདི་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ས་སྡེའི་བཤད་པ་གནང་བའི་གནས་ཡིན་གསུངས་ནས་མཛོད་དགེ་རི་ཁྲོད་པའི་ངོར་ལམ་རིམ་ཆུང་ངུའི་དབུ་ནས་ཆོས་མཐུན་གཅིག་གནང་བར་དེ་ཉིད་ཀྱི་རྣམ་ཐར་ལས་འབྱུང་། ཕྱིས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་དུ་ལྷ་ཁང་ཆེན་མོ་དང་ལྷན་དུ་རབ་གནས་མཛད་པས་འདིར་ཡང་མེ་ཏོག་བབས་པ་རྟེན་སྒྲོམ་དུ་ད་ལྟའང་ཡོད་ཟེར།
     དེ་ནས་ཆོས་རྗེ་ཉིད་བྱ་ཁྱུང་དུ་རྒྱུན་བཞུགས་གནང་ངོ་། །

      གཞན་ཡང་མངོན་མཁྱེན་ལ་ཐོགས་པ་མེད་པ་མཚོན་ཙམ་ཞུ་ན། རྗེ་བདག་ཉིད་ཆེན་པོ་སྐུ་དྲུང་ན་བཞུགས་སྐབས་ཤིགཆོས་རྗེ་རིན་པོ་ཆེ་ནས་སྣར་ཐང་དང་བདེ་བ་ཅན་དུ་ཇ་སྐོལ་དང་འབུལ་བ་མང་དུ་བསྐུར་བར་མཛད་ནས། སྟོན་དུས་ཤིག་ལ་དེ་རིང་ཚེས་གྲངས་དང་དུས་ངེས་པར་ཡིད་ལ་ཟུངས་ཤིགསྣར་ཐང་ན་རང་རེའི་མང་སྐོལ་དང་འབུལ་བ་བྱེད་ཀྱིན་འདུག་གསུངས་པ་ལྟར། རྗེ་རིན་པོ་ཆེས་དུས་ཚིགས་ཐུགས་ལ་བཞག་ནས་རྗེས་སུ་འབུལ་སྐྱེལ་བ་རྣམས་མར་སླེབས་དུས་བཀའ་འདྲི་གནང་བར་ཇ་སྐོལ་བྱས་པའི་ཉི་མ་དེ་ག་རང་དུ་འདུག་གསུངས་པ་དང་། ཡང་། ཡབ་ཆོས་སྡིངས་སུ་ཆོས་རྗེ་དོན་རིན་པའི་བླ་མ་རྟོགས་ལྡན་པ་སྐུ་གཤེགས་ནས་བྱང་སེམས་པ་གདན་སར་བསྐོས་པ་ལས། བྱང་སེམས་པས་ཆོས་རྗེ་རིན་པོ་ཆེར་གསུང་ཡིག་འབུལ་སྐྱེལ་དང་བཅས་པ་མདོ་སྨད་དུ་བསྐུར་བའི་ལན་རྣམས་ཡར་ལ་འབུལ་དུས་གུ་རུ་དཀོན་གཞོན་པ་ལ་གནང་བར། དྲུང་འཁོད་རྣམས་ཀྱིས་སྔ་སོར་རང་རེ་ལ་སྐུར་མཁན་བྱང་སེམས་ཡིན་པས་དེ་ལ་གནང་བ་འགབ་ཚུལ་ཞུས་ཀྱང་འདི་གས་འོང་གསུངས་པ་བཞིན།  ལན་འབུལ་བ་རྣམས་དབུས་སུ་སླེབས་སྐབས་བྱང་སེམས་པའང་སྐུ་གཤེགས་ནས་གདན་སར་གུ་རུ་དཀོན་གཞོན་པ་བསྐོས་ཚར་བ་སོགས་ངོ་མཚར་པའི་ལོ་རྒྱུས་མང་། དེའི་ཕྱིར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མདོ་སྨད་ཆོས་འབྱུང་གི་ས་བོན་ལས་ཀྱང་།  སྤྱན་རས་གཟིགས་དང་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་ཞལ་གཟིགས།  མངོན་ཤེས་ཐོགས་མེད་དུ་མངའ་ཞིང་གྲུབ་རྟགས་མང་དུ་བསྟན།  ཅེས་གསུངས་སོ།།

        ཆོས་རྗེ་ཉིད་ཀྱིས་མཛད་པའི་གསུང་རྩོམ་གྱི་སྐོར་ཞིབ་ཏུ་མ་ངེས་མོད།  རྩ་བ་ཚང་གི་གདན་རབས་སུ།  གསུང་གི་མཛད་པའི་མཆོག་རྒྱུད་བླ་མའི་ཌིཀ་ཞིག་ཀྱང་མཛད།  ཅེས་འབྱུང་བ་ལྟར་མགོ་མཇུག་ནས་ཅུང་མ་ཚང་བ་སྟག་དཀར་བློ་བཟང་ཆོས་དབྱིངས་ཀྱིས་ཁ་བསབས་པ་ཕྱིས་སུ་བྱ་ཁྱུང་དུ་པར་དུ་བཀོད་ནས་ཀུན་གྱིས་མཇལ་དུ་ཡོད་པ་འདི་ཡིན་པར་གྲགས། འགྲེལ་བ་དེར་བཀའི་དགོངས་འགྲེལ་ཇི་ལྟར་བྱུང་ཚུལ་བཤད་སྐབས།  བཀའ་སོ་སོའི་འགྲེལ་བ་ཇི་ལྟར་བྱུང་ཚུལ་ནི་ཁོ་བོས་བྱས་པའི་རིན་ཆེན་ཐེམ་སྐས་སུ་ཅུང་ཟད་བརྗོད་ཟིན་པས་དེར་བལྟ་བར་བྱའོ།།  ཞེས་འབྱུང་བ་ལྟར་ན་བཀའ་རྩོམ་གྱི་རིགས་གཞན་ཡང་ཡོད་པར་མངོན་པས་དེང་སང་མཇལ་རྒྱུ་མེད་པ་ནི་ཤིན་ཏུ་ཕངས་པའི་གནས་སོ།།  ཆོས་རྗེ་ཉིད་ཀྱི་སྐུ་ཚེ་སྨད་དུ་ཡང་བྱ་ཁུང་དགོན་པའི་ལྷ་ཁང་ཆེན་མོ་དང་། འདུ་ཁང་། དེ་རྣམས་སུ་བཞེངས་པའི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་བ་སོགས་ལ་སྐུ་དངོས་ཀྱི་བྱིན་བརླབས་དང་རབ་གནས་མཛད་པར་གྲགས།

 
       དེ་ནས་ཆོས་རྗེ་ཉིད་དགུང་ལོ་དོན་བདུན་པ་སྤྱི་ལོ་ 1385 བོད་རབ་བྱུང་དྲུག་པའི་བགྲང་བྱ་ང་དགུ་པ་ཤིང་གླང་ལོའི་ཟླ་དྲུག་པའི་ཚེས་གཅིག་གི་ཉིན་གུང་ལ་ཉེ་བ་ན་ལྷའི་སིལ་སྙན་གྱི་སྒྲ་སྟེང་འོག་ཀུན་ཏུ་གྲགས་པ་བྱུང་།  ཚེས་གཉིས་ཉིན་ནམ་མཁའ་ནས་སྒྲ་སྙན་མོ་ཞིག་གྲགས་ཤིང་མེ་ཏོག་ལ་སོགས་པའི་མཆོད་པ་བྱུང་།  ཚེས་གསུམ་ཉིན་འདི་ནས་བྱང་ཕྱོགས་རྔ་སྒྲ་སྒྲོགས་པའི་ཞིང་དུ་འབྱོན་ནོ་ཞེས་པའི་སྒྲ་ནམ་མཁའ་ལས་མངོན་སུམ་དུ་བྱུང་བ་དང་།  ཚེས་བཞིའི་ཐོ་རངས་ཤར་བ་དང་མཉམ་དུ་སྐུ་མྱ་ངན་ལས་འདས།  དེའི་ཚེ་ལྷའི་སིལ་སྙན་གྱི་སྒྲ་སྟེང་འོག་ཀུན་ཏུ་གྲགས་པ་དང་།  སྟེང་ཕྱོགས་ཀུན་ཏུ་འཇའ་ཁ་དོག་སྣ་ལྔ་བ་དགོན་པའི་ཕྱོགས་ཀུན་ཏུ་བཀྲམ་པ་བཞིན་ཤར། མེ་ཏོག་གི་ཆར་བྱ་ཁྱུང་དགོན་པའི་ཆོས་རའི་ནང་དུ་མིའི་པུས་མོའི་ཚིག་བར་ནུབ་པ་ཞིག་བབས་པ། ལྷའི་སིལ་སྙན་གྱི་སྒྲ་བྱུང་བ། དྲི་བཟང་པོའི་ངད་ཕྱོགས་ཀུན་ཏུ་ཁྱབ་པ་སོགས་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པའོ།།  སྐུ་གདུང་རིལ་བོ་མ་ཉམས་པ་དྲི་བཟང་བོའི་ཤིང་གི་སྒྲོམ་དུ་བཞུགས་སུ་གསོལ་ཏེ་འབུམ་པ་བཞེངས། རྗེས་སུ་ཨ་གྲོ་ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱིས་སོ་ཕག་གིས་སྒྲོན་ཏེ་ལེགས་པར་བཞེངས།  ཡང་ཕྱིས་སུ་རྒྱལ་བ་བསོན་ནམས་རྒྱ་མཚོའི་བཀའ་ཁྱབ་ལྟར་ཟངས་ཀྱིས་བཏུམས་པ་སོགས་སྲི་ཞུ་རྒྱ་ཆེར་བསྒྲུབས་སོ།།

      རྗེ་བདེ་ཁང་བའི་གསུང་ལས། ལྷ་ཁང་འདིར་སྐབས་འགའ་ཞིག་ཏུ་མཆོད་ཡོན་གྱི་སྣོད་ངོས་ལ་དབྱངས་གསལ་དང་ཨ་ར་པ་ཙ།  འཇམ་དབྱངས་དཀར་པོའི་གཟུངས།  ཡ་མན་ཏ་ཀཨོཾ་དང་ཨཱ་ལ་སོགས་པ་ཡི་གེ་རེ་རེ་སྣ་ཚོགས་པ། སྣོད་གཅིག་གི་ནང་ལ་མཆོད་རྟེན་མང་པོ་དང་། ལྗོན་ཤིང་དང་མེ་ཏོག་རལ་གྲིའི་ལོ་མ་ཡན་གར་བ་སེང་གེ་སོགས་ཀྱི་རྣམ་པ་གསལ་བོ་དང་། མཆོད་ཆབ་ལས་ཁང་བཟང་བརྩེགས་མ་རྒྱ་ཕིབས་དང་བཅས་པ་རི་མོ་མཁན་མཁས་པས་ཀྱང་འབྲི་དཀའ་བ་དེ་ལྟ་བུ་འབྱུང་ལ། ལྷ་ཁང་གཞན་དག་ལས་འདི་འདྲ་བ་མི་འབྱུང་ངོ་ཞེས་གསུངས། ཁྱད་པར་དུ་ཆོ་འཕྲུལ་དུས་ཆེན་དང་།  ས་གའི་དུས་ཆེན་སོགས་སུ་དགོན་པའི་གླིང་དང་གཙུག་ལག་ཁང་དུ་དྲི་བཟང་པོས་ཁྱབ་པའི་རྟགས་དང་བཅས་མཆོད་རྟེན་གྱི་བང་རིམ་དང་སེང་ཁྲིའི་ཐད་རྣམས་ལས་བདུད་རྩིའི་ཟིལ་བ་མུ་ཏིག་གི་ཚོམ་བུ་འགྲིལ་བའི་དཔེ་བཞིན་སྔོན་ནས་ད་ལྟའི་བར་དུ་ལོ་རེ་བཞིན་འབབ་པ་ནི་སྐྱེ་བོ་མཆོག་དམན་ཐུན་མོང་གིས་སྤྱོད་ཡུལ་དུ་གྱུར་བ་སྟེ།  སྤྱིར་རྟེན་ཁྱད་པར་དུ་འཕགས་པ་ལ་ལན་རེར་བདུད་རྩི་འབབ་པ་སྲིད་ཀྱང་།  ལོ་རེ་བཞིན་ཆགས་མེད་དུ་དུས་ཚིགས་ངེས་ཅན་ལ་བདུད་རྩི་འབབ་པའི་རྟེན་ནི་གངས་ཅན་གྱི་ལྗོངས་སུ་འདི་ཉིད་གཅིག་པུར་ཟད་དོ།།

      རྗེས་འཇུག་སློབ་མའི་སྐོར་ལ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་སྐུ་ཚེ་གང་བོར་མཁས་གྲུབ་གཉིས་འཛོམས་ཀྱི་སློབ་མ་རྟོགས་ལྡན་མང་དུ་བསྐྱངས་ནའང་།ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྟེ། སྐུ་གཞོན་ནུ་བྱིས་པའི་དུས་ནས་ཆོས་རྗེ་ཉིད་ཀྱི་སྐུ་དྲུང་དུ་བླངས་ཏེ་སྐྱེད་བསྲིངས་པ་དང་། ཤེས་རབ་འཕེལ་བའི་ཐབས་དུ་མ་མཛད་པ་དང་།  རང་ཏུ་བྱུང་བ་དང་། རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་པ་དང་།  དབུས་གཙང་དུ་རྫོངས་སྟ་མཛད་པ་སོགས་ཆོས་སྲིད་ཀྱི་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མར་གྱུར་ཅིང་།  ཁྱད་པར་དུ་ཐོས་བསམ་འདི་དང་འདི་ལ་གྱིས། དེའི་རྗེས་སུ་འདི་ལ་གྱིས་སོགས་ཐུགས་གཉེར་གནང་ཚུལ་གྱི་ཞལ་ཏ་གནང་བར་བརྟེན་རྗེ་རང་གི་རྟོགས་པ་བརྗོད་པ་ལས།  དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།  །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།  །ཞེས་གསུངས་པ་དང་ཚུལ་མཐུན་པ་བྱུང་།

      དེའི་ཕྱིར་རྗེ་རང་གིས་མཛད་པའི་ལེགས་བཤད་གསེར་ཕྲེང་གི་མཆོད་བརྗོད་དུ་ཡང་།  དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་།  །རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས།  །ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་བདུད།  །ཅེས་དང་།  སྔགས་རིམ་ཆེན་མོའི་མཛད་བྱང་དུ།  ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་བ།  དོན་གྱི་སླད་དུ་མཚན་ནས་སྨོས་ཏེ།  དོན་གྲུབ་རིན་ཆེན་གྱི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱིས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་སྨིན་པར་མཛད།  ཅེས་དང་།  རྟག་ངུའི་རྟོགས་བརྗོད་དུ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ།  ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང་།  ཞེས་བསྔགས་བརྗོད་གཞན་ལས་ཅི་ཆེ་མཛད་ཡོད་དོ།  །དུས་ཕྱིས་ཀྱང་བླ་མ་དེའི་མཚན་བརྗོད་པ་ཙམ་ལའང་ཕྱག་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་འབྱིན་པ་དང་།  མྱ་ངན་ལས་འདས་ནས་ཟླ་མཆོད་མ་ཆགས་པར་གནང་བ་སོགས་བཀའ་དྲིན་ཆེ་ཤོས་ཀྱི་བླ་མ་གཅིག་ཏུ་མཛད་དོ།  །རེབ་གོང་རོང་བོ་དགོན་ཆེན་གྱི་གཞི་འདིང་མཁན་རོང་བོ་བླ་མ་བསམ་གཏན་རིན་ཆེན་ཡང་ཆོས་རྗེ་འདི་ཉིད་ཀྱི་དྲུང་ནས་བསྙེན་པར་རྫོགས་པ་ཡིན།  ཞེས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་མདོར་བསྡུས་འདི་ནི་བྱ་ཁྱུང་གདན་རབས།  ཇི་ནང་གདན་རབས།  རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ།  རྗེ་བདེ་ཁང་བའི་གསུང་།  དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་སོགས་ལ་གཞི་བྱས་ཏེ་སྐྱེས་ཡུལ་མདོ་སྨད་རེབ་གོང་པ་འཇིགས་མེད་བསམ་གྲུབ་གྱིས་སྤྱི་ལོ་2003ལོར་སྦྱར་བའོ།།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d