འགྲུལ་པ།

ཨ དོན་ཉི།


སྐུ་ཞབས་ལགས། འགྲུལ་པའི་གདོང་ན་གངས་རི་ཞིག་འདུག་ཅེས་སྡིག་མཛུབ་ཀེར་མི་ཆོག གངས་རི་དེ་གཞོམ་གཞིག་བྲལ་བའི་སྐྱེ་བ་དུ་མའི་དཔའ་གདེང་ཡིན། ཁྱོད་ཚོའི་འགྲོ་ལམ་བཅད་པའི་ལུགས་ལྡོག་གི་རྡོ་རིལ་ནི་མ་ཡིན་ནོ། །
འགྲུལ་པའི་རྒྱབ་ལ་ཁྲེས་བོ་ཞིག་ཡོད་ཅེས་ཁྲོ་འདར་མ་བྱེད་ཅིག ཁྲེས་བོའི་ནང་ན་བརྩེ་བ་སྟོན་བྱེད་ཀྱི་རྔན་པ་དང་འཚམས་རྟགས་ཡོད། ཁྱོད་ཅག་ཤི་རྨས་གཏོང་བྱེད་ཀྱི་དུག་རྫས་ནི་དེ་ན་མེད་དོ། །
འགྲུལ་པའི་ལྭ་བར་སྟག་གི་སྡེར་མོ་གཙག་ཅེས་ཁ་ངོ་མ་དམར་རོགས། སྟག་མཆོ༼མཆེ་བ༽གཙག་པ་དེ་བཟོ་གྲྭ་ཁང་གིས་ཚད་བཙུགས་ནས་བཟོས་པའི་མཛེས་རྒྱན་པ་ཏྲ་ཡིན། ཁྱོད་ཅག་དམར་བཤུ་བྱས་འགྲོ་བའི་འཕྲུལ་ཆས་ཀྱི་དམྱིག་རྡོ་ནི་མ་ཡིན་པའོ། །
སྐུ་ཞབས་ལགས། ང་ལ་ཉེས་པ་དཀར་པོ་དང་ཞི་བའི་སྨྲ་བརྗོད་ལས་ཅིའང་མེད་པས།
གཡའ་དང་བཙའ་ཆགས་པའི་ལྕགས་སྒོ་སྤྲུགས་སྤྲུགས་བཏང་ནས་མཆིལ་མ་གདོང་འདེབས་བྱས་པས་ཅི་ཕན།
ཁྱོད་ཅག་ལ་མ་གཞི་ནས་བདེན་པ་དང་རྒྱུ་འབྲས་བཤེར་བའི་མིག་ཟུང་ཁྲ་གསལ་མི་འདུག་ཀྱང་།
འགྲུལ་པ་ལ་སྒུལ་མེད་ཀྱི་རྟུལ་ཞུགས་དེ་ཁ་མལ་ན་ཡོད་དོ། །
འགྲུལ་པ་ལ་དྲང་བདེན་གྱི་མཇིང་བ་དེ་སྔར་མུས་སུ་མཐོའོ། །

སྐུ་ཞབས་ལགས། འགྲུལ་པ་ལ་འགྲུལ་བཞུད་བྱེད་དུ་ཆུགས།
དུས་ཚོད་ཐོན་ན་འགྲུལ་པ་གནམ་གྲུ་ལ་འབུད་དགོས་རེད།
སྔོག་བཤེར་གྱི་འགག་སྒོ་ནས་སྔ་འཕྱི་མེད་པར་བཀག་མ་འདུག འགྲུལ་པ་དང་གནམ་གྲུའི་དབར་ན་དུས་ཚོད་ཀྱི་གན་རྒྱ་ཡོད།
ཁ་ཆད་ཀྱི་ནམ་ཚ་ཡོད།
སྐུ་ཞབས་ལགས། མྱ་ངམ་གྲོང་གི་རྒྱལ་མཚམས་སྲུང་དགོས་ཀྱང་།
རྒྱུ་འབྲས་དང་བློ་མིག་གིས་བསྲུངས་ན་ཡག་པོ་འདུག་གཱ
མུན་ཁང་ནང་གི་དཀར་མེ་གསོད་དགོས་རུང་།
དྲང་བོ་དང་དཔྱོད་ཤེས་ཀྱིས་བསད་ན་མི་སྤྱོད་ལ་མཐུན་གཱ
མི་རིགས་འདྲ་མིན་ཡར་བཤར་མར་བཤར་བྱེད་པའི་ཟིང་ལོང་ཁྲོད་ནས་རྩིང་སྤྱོད་སྤེལ་ཞིང་རྡོག་ཐོ་གཞུ་དོན་ཅི་རེད།
མཚམས་འདིར་ངས་བྱམས་བརྩེ་ཡི་ཆུ་ཞིག་གཅུས་ཏེ། ཁྱོའི་ནང་ལོགས་ཀྱི་གཡོ་སྒྱུ་ཡོད་ཚད་བཤལ་ན་འདོད།
འགྲུལ་པ་སྟོང་ཕྲག་ནང་གི་འགྲུལ་པ་གཅིག་ཁྱེར་སོང་དུས།
གདོང་དང་ཤ་མདངས་མི་གཅིག་པའི་འགྲུལ་པ་མང་བོའི་རྣམ་འགྱུར་ལ་དངངས་འདར་རྒྱུགས།
དྲང་བདེན་དང་གནས་ལུགས་ལ་རྟོན་པའི་ཁྲིམས་ཀྱི་དངངས་འདར་རྒྱུགས།
དེ་འདྲའི་ཛ་དྲག་གི་སྐབས།
ངས་བཟང་སྤྱོད་ཀྱི་མེ་ཏོག་ཅིག་ཕུལ་ཏེ་ཁྱོད་ཀྱི་ཁབ་རྩེ་ལས་ཀྱང་དོག་པའི་བློ་མིག་རྒྱ་བསྐྱེད་རྩིས་བྱས།
འོན་ཀྱང་ཁྱོད་ཀྱིས་མྱི་སྐད་མི་གོ
ཁྲེལ་གཞུང་མི་བརྩི་བས་བཟང་སྤྱོད་ནི་ཡེ་ནས་བཏུད་ས་མ་ཡོད།
སྐུ་ཞབས་ལགས། ག་དུས་ཡིན་རུང་ཁྱོད་དང་འགྲུལ་པ་ལ་ལྷན་སྐྱེས་ནས་གཅིག་མཚུངས་སུ་མིན་པའི་གསེར་གྱི་རུས་མདངས་ཡོད་པ་གསལ་བོར་སོམས་ཨ།
ནམ་ནམ་དུ། ཁྱོད་དང་འགྲུལ་པའི་རུས་རྐང་དང་ཁོག་ཆ། ཡུལ་དུས་དང་རིག་གནས་ཁ་ཁར་མགར་ཡོད་པར་བསམ་བློ་ཐོངས་ཨ།
སྐུ་ཞབས་ལགས། ཁྱོད་ཀྱིས་མྱི་ནག་གསར་བུ་དེའང་འགྲུལ་བཞུད་བྱེད་དུ་ཆུགས། “གང་ལ་འགྲོ་ཞིང་ག་ནས་འདུག་པ་ངའི་རང་དབང་ཡིན”ཞེས་རྒྱུ་འབྲས་བསླུ་མེད་ཀྱི་སྐད་ཆ་ཤོད་ཀྱིན་ངོ་ལོག་བྱེད་པ་མ་མཐོང་ངམ། གནས་ལུགས་མཆིད་པ་མ་གོའམ།
སྐུ་ཞབས་ལགས། ཁྱོད་ཀྱིས་འགྲུལ་པ་ལ་སྡིགས་ར་གཏོང་མཚགས་ཞོག། ཁྱོད་ཀྱིས་རྒྱུ་འབྲས་ལ་རྨ་ཁ་བཟོ་མཚམས་ཞོག ཝེ། འགྲུལ་པའི་ཅ་ལག་གང་ལ་ཁྱེར་སོང་། འགྲུལ་པའི་པ་སེ་ག་རེ་བྱས་སོང་།

༢༠༡༦ ༣ ༣༡


མ་གཞི་ངའི་འགྲུལ་བཞུད་ལམ་གྱི་དཀའ་ངལ་རིགས་ཤིག་སྒྲུང་གི་ཟོལ་དུ་བྲིས་ཡོད་མོད། འོན་ཀྱང་ཚང་མ་བརླགས་སོང་བས་ཡང་བསྐྱར་བྲི་བའི་ཡི་ག་གནས་སྐབས་སུ་འགག་སོང་། དེ་བས་དེ་རིང་འདི་འདྲ་མ་ཞིག་སེམས་པ་འཇགས་ཐབས་སུ་བྲིས་པ་ཙམ་མོ།།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s