དཀར།


ཤེས་རིག་གི་འདུ་ཤེས།

     མཐོན་མཐིང་གི་མཁའ་དབྱིངས་ནས་རྟ་བདུན་དབང་པོའི་ཟེར་བརྒྱ་བདག་གི་མདུན་ངོས་སུ་ལྷམ་མེར་ཤར།   དེ་དུས་ངའི་ཡིད་ཀྱི་མཚོ་ངོགས་སུ་བཟོད་པར་དཀའ་བའི་ལོ་རྒྱུས་རིང་མོ་དེ་དྲན་དུས།   མིག་ཟུང་གི་འདབ་ལས་མཆི་མ་རྡོག་རེ་འདོན་བཞིན་འདས་པའི་ལོ་རྒྱུས་དེ་མི་འབྲི་ཐབས་མེད་བྱུང་སོང༌།

           ཨ་ཤུ་་་་་ཨ་ཤུ་་་་་༌།     སྒྲོལ་མ་དང་ངེད་གཉིས་ཆུང་བྱིས་པའི་དུས་ནས་བཟུང་མཉམ་དུ་ནར་སོན་པའི་རྩེད་གྲོགས་ཤིག་ཡིན་ལ།     མོའི་ཨ་མ་དང་ངའི་མ་ལོ་གཉིས་ཀྱང་ཆུང་དུས་ནས་མཉམ་སྐྱེས་མཉམ་འགྲོགས་ཀྱིས་འཚོ་བ་རོལ་ནས་གཅིག་གིས་གཅིག་ལ་ཁྱེད་ཀྱིས་མི་ཟ་ན་ངས་འཐུང་ཟེར་བའི་གྲོགས་ཀྱི་དྭངས་མ་ཞིག་ཡིན།    ངེད་གཉིས་ཀྱང་ཆུང་དུས་ནས་མཉམ་སྐྱེས་མཉམ་འགྲོགས་ཡིན་པ་བརྗོད་ག་ལ་དགོས། ངེད་གཉིས་ལོ་བདུན་ནས་མཉམ་དུ་མཚོ་སྔོན་སློབ་ཆུང་ལ་སོང༌།     དེ་དུས་སྒྲོལ་མར་མི་གཞན་གྱིས་ཉེས་རྡུང་བཏང་ཚེ་ང་ཁོ་མོའི་རྒྱབ་རྩར་ལང་རྐྱང་བྱས་པ་ཡིན།  ཉིན་ཞིག་ལ་སྒྲོལ་མས།    “ང་ལ་རྡོ་རྗེས་གཅར་རྡུང་བཏང་སོང་” ཞེས་བཤད།

        (ཨོྃ་མ་ཎི་པདྨེ་ཧཱུྃ།      བརྩེ་ལྡན་གྱིས་གྲོགས་པོ་རྣམ་པ་ལགས།    དགོངས་པ་མ་ཚོམས།)      འདིར་ངས་མ་ཎི་ཞིག་བཏོན་ཏེ་བཤད་དགོས་དོན་ཁོ་བོ་ང་ཚོ་ལམ་ལ་ཆས་དུས་ལམ་བར་དུ་བལ་ཡུལ་གྱི་དམག་མིས་བསད་པའི་འདས་པོ་ཞིག་ཏུ་གྱུར་སོང་བས་ངས་མིང་ནས་བཟུང་བ་ལ་སྡིག་བཤགས་ཀྱི་ཆེད་དུ་ཡིན།      དགོངས་དག་ཞུ་བ་དང་ཆབས་ཅིག་མུ་མཐུད་འབྲི་རྒྱུ་ཡིན།

         སྤྱིར་རྡོ་རྗེ་ནི་སློབ་གྲྭ་དེའི་ནང་ནས་སློབ་སྦྱོང་དང་ཀུན་སྤྱོད་གང་ཐད་ནས་ཡག་ཤོས་ཡིན་པར་མ་ཟད།     སུམ་བཟང་སློབ་མ་ཞིག་ཀྱང་ཡིན། ལྷག་པར་དུ་ངེད་གཉིས་གྲོགས་པོ་བཟང་པོ་ཞིག་ཡིན་མོད།     ངས་ཉིན་དེར་ཅི་ཡིན་འདི་མིན་མེད་པར་ཁོ་མོའི་རྒྱབ་རྩར་ལངས་ཏེ་ཁོ་ལ་ཉེས་རྡུང་ཡག་ཐག་ཆོད་ཅིག་བཏང་བ་ཡིན།     སྤྱིར་བཏང་ང་རང་ལ་མཚོན་ན།     ཡོན་ཏན་ཞིག་ཡོད་པ་ནི།      སློབ་གྲོགས་རྣམས་དང་མཉམ་དུ་རྩེད་མོ་ལ་གཡེང་རྒྱུ་དང་རྒྱལ་འགྲན་བྱེད་རྒྱུ་དེ་ཡིན།

         རིམ་བཞིན་ལོ་ཟླ་འདས་ནས་ང་ཚོས་འབྲིང་རིམ་སློབ་གྲྭར་རྒྱུག་སྤྲོད་དགོས་བྱུང༌།    དེ་དུས་ངའི་རྒྱུགས་སྤྲད་ཀྱི་སྐར་འབྲས་ནི་༥༥ ཡིན་ཡང༌།     ངའི་ཨ་ཕ་འབྲིང་རིམ་སློབ་གྲྭའི་དགེ་རྒན་ཡིན་པ་དང༌། (ཞོ་ཀྲང་) སློབ་གཙོ་དང་ཁོ་གཉིས་གྲོགས་པོ་རྙིང་པ་ཡིན་པ་མ་ཟད།     ད་ལྟའི་སྐབས་འདི་དང་བསྟུན་ནས་ཨ་ཕས་ཁོ་ལ་ལུག་གཅིག་བྱིན་པས་ང་འབྲིང་རིམ་སློབ་གྲྭར་འགྲིམ་ཐུབ་པ་བྱུང༌།    དེ་ནས་ལོ་ཟླ་དེ་ཆུའི་གཉེར་མ་བཞིན་ཕར་བརྒྱུགས་ནས་ལོ་གསུམ་ལོན་པའི་ཉིན་མོ་ཞིག་ལ།     ངའི་སློབ་གྲོགས་བཀྲ་ཤིས་ཀྱིས་ང་ལ།    “སྒྲོལ་མའི་ཕ་རྒན་ལ་ནད་ཚབས་ཆེན་ཞིག་བྱུང་ནས་མོ་སློབ་གྲྭ་ནས་འགྲོ་སོང༌།    ཁྱོད་འདི་ལྟར་བསྡད་ན་འགྲིག་གམ།”     ཞེས་མགོ་འཇུག་མེད་པའི་སྐད་ཆ་དེ་ཐོས་སྐབས།    ངའི་སེམས་ལ་བཤད་མི་ཤེས་པའི་དྲི་བ་མང་པོ་ཞིག་འཁོར༌སོང་།

        ཕྱི་དྲོ་སློབ་གྲྭ་གྲོལ་ནས་ནང་ལ་ལོག་ཡོང་དུས་ནང་ན་ངའི་ཕ་མ་གཉིས་མེད་པར་སྲིང་མོ་གཅིག་པུ་ལྷག་འདུག    “ཕ་མ་གཉིས་གང་ལ་བུད་སོང་” ཞེས་དྲིས་པ་ན།    སྲིང་མོས་བཤད་རྒྱུར།     “ཨ་ཅེ་སྒྲོལ་མའི་ཨ་ཕར་ནད་ཚབས་ཆེན་ཞིག་བྱུང་ནས་ཟི་ལིང་གི་སྨན་ཁང་ལ་བུད་སོང༌།     དོ་ནུབ་ངེད་གཉིས་ནང་ནས་སྡོད་དང་ཨ་མ་མྱུར་དུ་སླེབས་ཟེར་གི་” ཞེས་བཤད་སོང༌།      ཉིན་དེའི་ཕྱི་ཉིན་ཞོགས་པའི་ཆུ་ཚོད་ལྔ་པའི་ཐོག་ཨ་མ་དང་སྒྲོལ་མ་མ་བུ་གཉིས་སླེབས་སོང༌།     དེ་དུས་སྒྲོལ་མའི་ཞལ་རས་དུང་ཟླ་འདྲ་བ་མིག་ཟུང་གི་མཆི་མས་བརླན་འདུག་ལ།  མོའི་ཨ་མའི་གདོང་ལ་ཡང་ཐལ་མདོག་ལྟར་བུའི་སྐྱོ་ཉམས་ཀྱིས་ཁེངས་ནས་འདུག་པ་མ་ཟད།    ངའི་ཨ་མའི་ངོ་གདོང་ཡང་སྐྱོ་ཉམས་ཀྱིས་གང་བཞིན་སྒྲོལ་མའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་པའི་རྣམ་པ་མཐོང་དུས་དོན་ཡག་པོ་ཞིག་མིན་པ་ཧ་གོ་སོང༌།     སྐབས་དེར་ངའི་སྲིང་མོས་ “ཨ་མ་སླེབས་སོང” ཟེར་ནས་སྐད་བརྒྱབ་ནས་ཨ་མའི་མདུན་དུ་རྒྱུགས་སོང་པས་ངས་འགོག་བསམ་ཡང་འགོག་་ལོང་མ་བྱུང་།   མོས་ “ཨ་མ་ང་ལ་ཟི་ལིང་ནས་ལེགས་སྐྱེས་ཅི་ཞིག་ཉོས་” ཡོད་ཅེས་བཤད་བཞིན་ཨ་མར་འཐམ།    ཨ་མའི་མིག་ནས་མཆི་མ་ཁ་ཤས་འཐོར་བཞིན་ཁོ་མོའི་འགྲམ་པར་འོ་ཞིག་བྱས་ཏེ།     “ད་ཐེངས་ང་ལ་ཁོམ་པ་མ་བྱུང་བས་ཁྱོད་ལ་ལེགས་སྐྱེས་ཉོ་ཐུབ་མ་སོང༌།”    ཞེས་བཤད་བཞིན་སྒོར་ལྔ་ལག་ཏུ་བཞག་ནས་ད་ཞོགས་ཇ་འཐུང་ནས་སློབ་གྲྭར་སོང་ཟེར།  དེ་ནས་ང་ཚོས་ཞོགས་ཇ་འཐུང་ཚར་བའི་རྗེས་ལ་ཨ་མས་ང་ལ།   ” ཤེས་རིག་ཁྱོད་ཀྱིས་ཆོས་སྒྲོན་སློབ་གྲྭར་བསྐྱལ་རྗེས་ཁྱོད་རང་དང་ཨ་ཕ་སྒྲོལ་མ་གསུམ་ལ་དགོངས་པ་ཞུས་ནས་ཤོག་དགོངས་ཞུ་ཡི་གེ་འདི་རེད” ཟེར་བཞིན་ཤོག་བུ་ཞིག་གི་ཐོག་ཨ་ཕའི་བྲིས་པའི་དགོངས་ཞུ་ཡི་གེ་ཡོད་པ་ཞིག་སྤྲད་སོང༌།

       ངས་རྐང་འཁོར་བསྐོར་ནས་ཆོས་སྒྲོན་སློབ་གྲྭར་བསྐྱལ་ནས་ང་ཚོ་གསུམ་ལ་དགོངས་པ་ཞུས་ཏེ་ཕྱིར་ཡོང་དུས།    ཁོ་མོ་གསུམ་ལ་སྐད་ཆ་ཅི་ཡང་བཤད་རྒྱུ་མེད་པར་རང་རང་སར་བསྡད་འདུག་པས་ང་ཡང་ཅི་བྱེད་འདི་བྱེད་མེད་པར་སྒོ་ཁ་ནས་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་པའི་སྐབས་རླངས་འཁོར་ཞིག་ཐོན་བྱུང་ལ་དེའི་ནང་དུ་ཨ་ཕ་ཡོད་པས་ཁོས་ང་ལ་ངག་བཀོད་མང་པོ་བཞག་སྟེ་མྱུར་མོར་བུད་སོང༌།

        དེ་ནས་ངས་ཨ་ཕས་བཅོལ་བའི་ལས་དོན་ལ་བརྩོན་བཞིན་པ་ན།    སྒྲོལ་མ་དེར་ཡོང་ནས་ང་ལ།     “ཤེས་རིག་ཁྱོད་ཀྱིས་ང་ལ་འཁང་ར་མ་བྱེད་” ཟེར་ནས་བུད་སོང༌།    ངས་ཁོ་མོའི་སྐད་ཆ་ལ་དོ་སྣང་ཅི་ཡང་མ་བྱས་པར་ཨ་ཕས་བཅོལ་བའི་ལས་དོན་རྣམས་མུ་མཐུད་དུ་བསྒྲུབ་བཞིན་སྡོད་པའི་སྐབས་ལ།   ཉེན་རྟོག་པ་མང་པོ་ཞིག་ཡོང་ནས་བསམ་ལོང་དྲན་ལོང་མེད་པར་ང་ལ་ལྕགས་སྒྲོག་བརྒྱབ་ནས་ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་སྐད་ཆ་ཁ་ཤས་དྲིས་པ་འདི་ལྟར།     དམག་དཔོན་ལུག་ཞོ་ཡིས།    “ཡ་ཤེས་རིག་སྒྲོལ་མ་དང་ཁྱེད་གཉིས་ཀྱི་བརྩེ་དུང་དེ་ཅི་འདྲའི་གདུག་རྩུབ་ཅན་ཞིག་རེད།”     ཅེས་བཤད་སོང༌།    དེ་དུས་ངའི་སེམས་ལ་འཇིགས་སྐྲག་ཞིག་སྐྱེས་བཞིན་ག་ཡིན་འདི་ཡིན་མ་ཤེས་པར།    “ཅི་རེད་” ཟེར་ནས་འདྲི་དགོས་བྱུང་།    ཡང་དོན་ཁོས་ ”ད་ཁྱོས་སྨྱོ་རྫུ་མ་བྱེད།   དེ་ནི་ཁྱོད་རང་དང་སྒྲོལ་མའི་བར་གྱི་འབྲེལ་བ་ལ་རག་ལས་ཡོད་རྒྱུ་རེད་” ཅེས་ཟེར།      དེ་དུས་ངས་ “སྒྲོལ་མ་དང་ངེད་གཉིས་ཀྱི་འབྲེལ་བ་འཇིག་རྟེན་འགྲོ་ལུགས་ཙམ་རེད་མ་གཏོགས་འདི་ཁྲིམས་འགལ་གྱི་བྱ་བ་དང་ཉེན་རྟོག་པ་ལ་རག་ལས་ཡོད་པ་ མ་རེད།”   ཅེས་བཤད་དུས།     ལུག་ཞོ་ཡིས།     “ད་ཁྱོས་མ་བཤད་ན་ཡང་ཆོག     འདིར་ལྟོས་དང་ཤེས་གསལ་རེད་” ཟེར་ནས་ཡར་ལངས་ནས་ཁང་པ་གཞན་ཞིག་གི་སྒོ་ཕྱེས་སོང༌།

           ཨ་ཁ་ཁ་འདི་་་་་་་འདི་ནི་ངའི་བློ་ཡུལ་དུ་ཡོང་དཀའ་བ་ཞིག་རེད།   སྒྲོལ་མ་ཁྱོད་ཀྱིས་བྱ་ངན་ཅི་ཞིག་བྱས་པ་ཡིན།     ཁྱོད་ཀྱི་ཞལ་རས་ལ་ལྟོས་དང༌།     རྟ་ལྕག་གི་ཤུལ་དང་ཁྲག་དམར་གྱི་ཐིག་པ། ་་་་་་་ཨ་ངའི་སྙིང་གི་དུམ་བུ།     འདི་ནི་ངའི་རྨི་ལམ་རེད་དམ།   མངོན་སུམ་རེད།    ཅི་འདྲའི་སེམས་སྐྱོ་བ་ལ།   ཡང་ངའི་མིག་ཆུ་འཐོར་བཞིན་འདུག    དགོངས་འགལ་མེད་པར་ཞུ།  དེ་དུས་ངས་ཁོ་མོ་མཐོང་དུས་ཁ་ཡང་གྲག་མ་ཐུབ།     ཁོ་མོས་མགོ་བོ་བཀྱགས་ཏེ་ང་ལ་ལྟ་ཙམ་གྱིས་ཡང་བསྐྱར་མར་ལྷུང་སོང༌།    དེ་ནས་ཕྱིར་ཡོང་ནས་ལུག་ཞོ་དང་དོན་ཁོ་སོགས་ཀྱིས་ང་ལ།     “ཁྱོད་ཀྱིས་དྲང་མོར་བཤད་ཀྱི་ཡིན་ནམ་མིན།    མ་བཤད་ན་ཡང་སྒྲོལ་མར་གསོད་ཁྲིམས་རེད་”ཟེར།    གསོད་ཁྲིམས་ཞེས་པའི་ཚིག་དེ་ཐོས་མ་ཐག་ངའི་སྙིང་ཕྱུངས་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་སོང༌།   ཡིན་ཡང་བྱེད་ཐབས་མི་འདུག    དེ་ནས་ངས་སྒྲོལ་མར་ཅིའི་ཕྱིར་གསོད་ཁྲིམས་བཅད་པ་རེད་དམ་ཞེས་དྲིས་པ་ན།    ཁོས་སྒྲོལ་མས་”ཨ་ཕ་”ཟེར།    ངའི་ “སྒྲོལ་མའི་ཨ་ཕ་ཁྲག་ནད་ཀྱི་ཤི་བ་མ་རེད་དམ་” ཅེས་དྲིས་པར།   ཁོ་ཚོས་ང་ལ་ལག་ལྕག་ཞིག་བརྒྱབ་ནས་མུན་ནག་གི་ཁང་མིག་ཅིག་ཏུ་ཁྲིད་ནས་བཞག

      ཕྱི་ཉིན་ཞོགས་པར་ཁོ་ཚོ་ཡོང་ནས་ང་ལ་དྲི་བ་མང་པོ་དྲིས་སོང༌།     ངས་ཅི་ཡང་མི་ཤེས་པས་ཅི་ཡང་ངོས་ལེན་མ་བྱས།     དེ་ནས་བཟུང་ཟླ་གཅིག་གི་རིང་ངས་ཚ་གྲང་གི་སྡུག་བསྔལ་དང༌།     རྟ་ལྕག་གི་བྲོ་བ་རྐྱང་རྐྱང་མྱངས་ནས་བསྡད་པ་ཡིན།    འདི་ནི་ང་ལ་འབབ་པའི་ལས་འགན་ཞིག་རེད།   ཟླ་གཅིག་གི་རྗེས་ང་བཙོན་གྲོལ་བཏང་སོང༌།

      ང་ནང་ལ་སླེབས་དུས་ངའི་ཕ་མ་གཉིས་དང་སྲིང་མོ་གསུམ་སྡུག་བསྔལ་གྱིས་མནར་ནས་བསྡད་འདུག     ཁོ་ཚོས་ང་མཐོང་དུས་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་རྒྱས་ནས་ང་ལ་སྒྲོལ་མའི་གནས་ཚུལ་སོགས་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་དྲིས་པས་གང་ཤེས་པ་དག་ལ་ལན་བཏབ་པ་ཡིན།     ཁོ་ཚོས་དྲི་བ་རྫོགས་དུས་ངས་སྒྲོལ་མའི་ཨ་མ་ལ་ “སྒྲོལ་མ་དངོས་གནས་ཁོ་མོའི་ཕ་གསོད་མཁན་རེད་དམ།”    ཞེས་དྲིས་པས།  སྒྲོལ་མའི་ཨ་མའི་ “དྲང་མོར་བཤད་ན་སྒྲོལ་མའི་ཨ་ཕ་ཁོ་མ་རེད།   མོ་ལོ་གཉིས་ཡིན་དུས་ཨ་ཕ་མེད་སོང་བ་རེད།     དེ་ནས་ལོ་གཅིག་འགོར་ནས་ངས་ཉིན་རྟོག་པ་ཞིག་ཁྱོ་གར་བླངས་ནས་སྒྲོལ་མ་ལ་ཨ་ཕ་ཞེས་འབོད་དུ་བཅུག་པ་ཡིན།     ཁོས་ཀྱང་སྒྲོལ་མ་ལ་ཕ་དངོས་གནས་ལྟར་བརྩེ་བ་གནང་འདུག   ཡིན་ཡང༌།     ཁོ་མོས་རྒྱ་དེ་ཕ་ཚབ་ཡིན་པ་ཤེས་པ་དང་དེ་གསོད་དགོས་པའི་རྒྱུ་མཚན་སོགས་ངས་མ་ཤེས།    སྤྱིར་ཁོ་མོ་ཀུན་སྤྱོད་ཡག་པོ་དང་སློབ་སྦྱོང་ཡག་པོ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།    ང་རང་གིས་བལྟས་ན་ཁོའི་ཀུན་སློང་མ་འགྲིག་པ་ཞིག་ཨེ་ཡིན་བསམ་པ་ཡོད་ཀྱང༌།    ཨོྃ་མ་ཎི་པདྨེ་ཧཱུཾ་་་་་་ད་ཅི་ཆ།”   ཞེས་ངུ་བཞིན་དུ་བརྗོད་སོང༌།      ད་ནི་ངས་ཁོ་མོས་ཅིའི་ཕྱིར་རང་ཉིད་ཀྱི་ཕ་ཚབ་གསོད་དགོས་པ་ཤེས་མ་སོང་།    ངེད་གཉིས་ཀྱི་འབྲེལ་བའི་ཆེད་ཟེར་ན་ཡང་ཁོས་ནམ་རྒྱུན་ང་བུའི་འདུ་ཤེས་བཞག་ནས་འབོད་སྐབས་ཀྱང་བུ་ཤེས་རིག་ཟེར་བའམ་སྐབས་རེར་མག་པ་ཞེས་ཀྱང་འབོད།    ད་ནི་ང་མགོ་ཉོག་སོང༌།     ཀློག་པ་པོ་རྣམས་པས་ཁོ་མོས་རང་གི་ཕ་ཚབ་དེ་ཅིའི་ཕྱིར་གསོད་དགོས་པ་ཤེས་སམ།

        དེ་རྗེས་ང་ཚོས་འདི་ལ་རྩད་གཅོད་ཞིབ་འཇུག་མང་པོ་བྱས་ཀྱང་གྲུབ་འབྲས་མ་ཐོན་པས་ཅུང་ཙམ་ཞིག་བཞག་པ་ཡིན།   དེ་ནས་ཁྲིམས་ཞིབ་ཁང་དང་ཉེན་རྟོག་པ་སོགས་ལ་རྒྱུད་ལག་ནན་མོ་དང་རྒྱུ་ནོར་མང་པོ་བཏང་རྐྱེན་ཁུལ་ཁྲིམས་ཁང་ནས་ཟླ་གཉིས་ཀྱི་རྗེས་སུ་ཁྲིམས་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པས་ངའི་སེམས་ཅུང་ཙམ་བདེ་ལ་བབས།   དེ་ནས་ཉིན་ཉེར་གསུམ་འགོར་བའི་ཉིན་མོ་ཞིག་ལ་ངས་ཁོ་མོར་ཟ་མ་སྐྱེ་ལ་སྐབས། ངོ་ཤེས་ཉེན་རྟོག་པ་ཞིག་དང་འཕྲད་པས་མོ་ལ་ཅུང་ཙམ་ཐུག་ཐུབ་པ་བྱུང༌།   ངས་མོ་ལ།   “ཁྱོད་ཀྱིས་རང་གི་ཕ་ཚབ་གསོད་དགོས་པའི་རྒྱུ་རྐྱེན་གང་ཡིན། ཁྱེད་ལ་དཀའ་ངལ་ག་རེ་སྤྲད་སོང་ཞེས་སོགས་” དྲི་བ་མང་པོ་ཞིག་སེམས་འཚབ་དང་བཅས་དྲིས་པར།   ཁོ་མོས “རྒྱ་བཙོག་དེས་ང་ནམ་རྒྱུན་དགྲ་རུ་བཟུང་བ་མ་ཟད།   སྐད་ཆ་མི་དགོས་བ་མང་པོ་བཤད་པ་ལ་ཚར་རྒྱུ་མེད།   ཉིན་དེའི་ཞོགས་པར་ཁོས་ང་འཛིན་ཐབས་མང་པོ་ཞིག་བྱས་སོང་།  ང་ཁོང་ཁྲོ་ལངས་ནས་སློབ་གྲྭ་གྲོལ་དུས་སྨན་ཁང་ལ་སོང་ནས་ཨ་ཕའི་གོན་པར་འདེབས་རྒྱུའི་དུག་བཙོང་དགོས་ཞེས་བཤད་ནས་དུག་ཉོ་ཐུབ་པ་བྱུང་སོང༌།   ནང་དུ་ཡོང་ནས་ཁོའི་ཐུག་པ་ནང་དུ་འཕངས་ནས་བསད་པ་ཡིན།”   ཞེས་བཤད་སོང་།  གཞན་ཡང༌།  “ཁྱོད་ཚོས་སྔོན་གྱི་ལས་ཀ་གཟབ་གཟབ་གནང་རོགས་” ཟེར་ནས་མིག་ཆུ་འདོན་བཞིན་བཤད།  དེ་རྗེས་ནས་ཀྱང་མོ་ལ་ཟ་མ་རེ་བསྐྱལ་ནས་ཐེངས་འགའ་ཐུག་རྒྱུ་བྱུང་།

       སྤྱི་ལོ་༡༩༩༦ ཟླ་བ་༥ ཚེས་༢༣ ཉིན་ཁོ་མོ་ལ་ཁུལ་ཁྲིམས་ཞིབ་ཁང་ནས་མོ་མི་གསོད་ཀྱི་ལག་དམར་མོ་ཡིན་པ་ཁས་ལེན་བྱས་པ་དང་གཅིག   ཁོ་རང་ལ་ཡང་སྐྱོན་ཡོད་པ་དང་གཉིས།   ཁོ་བོའི་རོ་བདག་རྣམས་ཀྱི་མོ་འཛིན་བཟུང་བྱས་མི་ཆོག་པར་ཡར་ཞུ་བྱས་པ་དང་གསུམ་གྱིས་རྐྱེན་བྱས་ནས།   མོ་ལ་གསོད་ཁྲིམས་མེད་པ་དང༌།    ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་ཡིན་ཞེས་བཤད་སོང༌།  འདིའི་རྗེས་ཀྱི་གནས་ཚུལ་རྣམས་ངས་མི་ཤེས་པས་དགོངས་འགལ་མེད་པ་ཞུ་བ་དང་ཆབས་ཅིག་ཁོ་མོ་མྱུར་དུ་བཙོན་གྲོལ་ཡོང་བའི་སྨོན་ལམ་རྒྱག་རོགས་གནོངས་ཞེས་ཞུ་རྒྱུ་ཡིན།

       མུ་འགོད………….

༢༠༠༡ ཟླ་༣ ཚེས་༢༡ ཉིན་བྲིས།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

%d