འབྲོག་མྱི།
སྤྱི་ལོ ༢༠༡༦ ལོའི་ཟླ ༣ ཚེས ༢༠ ཉིན། བཞུགས་སྒར་དྷ་རམ་ས་ལ་གཙོ་བྱས་པའི་འཛམ་གླིང་རྒྱལ་ཁབ་ཁག་ཏུ་འཚོ་གནས་བོད་མི་ཚོས་ཉིན་གཅིག་དུས་གཅིག་ལ་འཛམ་གླིང་སྤྱི་ལུགས་དམངས་གཙོའི་འོས་བསྡུའི་ལམ་ནས་ སྐབས་བཅོ་ལྔ་པའི་བཀའ་ཤག་གི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་དམངས་འཐུས་མི་བཅས་བདམས་པ་རེད། ཐེངས་འདིའི་འོས་བསྡུ་དེ་ནི ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་ལས་ཐོན་པའི་སྲིད་སྐྱོང་ལ་གནང་བའི་རྗེས་ཀྱི་བོད་གཞུང་གི་ཆབ་སྲིད་དབུ་ཁྲིད་དེ་སྲིད་སྐྱོང་འདེམས་ཐེངས་གཉིས་པ་དེ་ཡིན།
དབུས་འོས་བསྡུ་ལྷན་ཁང་གི་གསལ་བསྒྲགས་ལྟར་ན། ཐེངས་འདིར་བྱེས་བོད་གདམ་དམངས ༨༨༠༠༠ ལྷག་གིས་ཐོ་འགོད་བྱས་ཡོད་པ་དང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ ༡༣ གྱི་ནང་དུ་འོས་བསྡུའི་ལས་འགུལ་གཅིག་ཉིན་དུས་གཅིག་དུ་སྤེལ་ནས་སྐབས་གསར་པའི་འཐུས་མི་དང་སྲིད་སྐྱོང་འོས་འདེམས་བྱས་ཡོད་པ་རེད།
ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་འདེམས་ཆེན་མོ་དེར་འཛམ་གླིང་ཧྲིལ་བོས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། ཨ་རི་དང་། ཡོ་རོབ། ཨོ་གླིང་སོགས་རྒྱལ་ཁབ་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཀྱི་གྲུབ་པའི་ལྟ་ཞིབ་སྐུ་ཚབ་ཚོགས་པ་ཞིག་སྔ་མོ་ནས་བཞུགས་སྒར་དྷ་རམ་ས་ལར་འབྱོར་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཐེངས་འདིའི་འོས་འདེམས་ཆེན་མོར་ལྟ་སྐུལ་གནང་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་གི་སྨྱན་བྱད་རིགས་ཀྱིས་དེའི་སྐོར་གླེང་བ་ཤིན་ཏུ་དཀོན་པོ་རེད། རྒྱ་ནག་ནང་གི་ཝེ་པོ་དང་སྐད་འཕྲིན་སོགས་རྒྱུགས་ཆེ་བའི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་སྟེང་། འབྲེལ་ཡོད་མིང་ཚིག་གནད་ཆེན་རིགས་བཀག་ཡོད་པ་རེད། ལག་རྩལ་བཀག་རྒྱ་བསྒྲིགས་མེད་པའི་དྲྭ་རྒྱའི་གླེང་སྟེགས་སོགས་སུའང་མི་རྣམས་ཀྱིས་རང་འགུལ་ངང་དེའི་སྐོར་གླེང་སློང་མི་བྱེད་པར་འཇིགས་སྣང་ཞིག་གཡོལ་ཐབས་བྱས་འདུག རྒྱ་ནག་པ་མང་ཆེ་བའི་བག་ཆགས་སུ་ཡོད་པའི་བཙན་བྱོལ་བོད་གཞུང་དང་དེ་ཡི་སྲིད་དབང་ནི། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུ་ཙམ་གི་རིང་སྤེལ་བའི་བླུན་སྒྱུར་ དྲིལ་བསྒྲགས “ཏཱ་ལའི་ཤོག་ཁག་གིས་ཞིང་བྲན་ལམ་ལུགས་སླར་གསོ་བྱེད་འདོད་ཡོད” ཅེས་པ་དེ་རེད།
དེ་འདྲ་ཡིན་མོད་ཀྱང་། རྒྱ་ནག་གཞུང་དང་སྨྱན་བྱད་གང་ཡིན་ཡང་རྦད་དེ་མ་མཐོང་མ་གོ་བར་གནས་ཐབས་མེད། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས་སྐབས། གསར་འགོད་པས་རྒྱ་ནག་གཞུང་ལ་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་འདེམས་ལ་ལྟ་ཚུལ་ཅི་ཞིག་ཡོད་པ་དྲིས་དུས། མགྲིན་ཚབ་པ་ལོའུ་ཁང(陆慷)གིས་འགྲོ་ལུགས་ལྟར་ལན་བཏབས་པ་འདི་ལྟར། “ང་ཚོས་དུས་ནམ་ཡིན་ཡང ‘བཙན་བྱོལ་བོད་གཞུང’ ཟེར་བ་དེ་ངོས་ལེན་རྩ་བ་ནས་མེད་ལ། རྒྱལ་ཁབ་གཞན་དག་གིས་ཀྱང‘བོད་ཁ་བྲལ་བ’སུ་དང་གང་གི་ཁ་བྲལ་ལས་འགུལ་ལ་མཐུན་ སྦྱོར་སྟབས་བདེ་དང་གནས་ཡུལ་མཁོ་སྤྲོད་མི་གནང་རྒྱུར་རེ་བ་ཡོད” ཅེས་ནེ་ཙོས་མ་ཎི་སྦྱོར་སྦྱོར་གྱིས་དེ་སྔོན་ནས་གཏན་ལ་ཕབ་པའི་བཤད་སྲོལ་དེ་གསར་འགོད་པའི་ མདུན་དུ་བསྐྱར་བཤད་ཐེངས་ཤིག་བྱས་འདུག འོན་ཀྱང་། ངོས་ལེན་མ་བྱས་པ་ཙམ་གྱིས་བཙན་བྱོལ་བོད་གཞུང་གིས་སྤེལ་བའི་དམངས་གཙོའི་འོས་བསྡུ་ཆེན་མོའི་དངོས་ཡོད་གནས་ཚུལ་དེ་ནག་གསུབ་ཁྱད་གསོད་མི་ནུས་ཤིང་། ༼ཀྲུང་གོ་བོད་ལྗོངས་དྲྭ་བ༽ཟེར་བའི་དེའི་སྐོར་གྱི་རྩོམ་ཐུང་ཞིག་སྤེལ་ཡོད་པ་ དང་། རྒྱ་ནག་གཞུང་འབྲེལ་སྨྱན་བྱད་མང་པོས་དེ་བརྒྱུད་སྤེལ་བྱས་ཡོད་ལ། རྩོམ་ཡིག་དེས་ཐད་ཀར་དང་ཞི་མོའི་ངང་བྱེས་བོད་ཀྱི་འོས་བསྡུ་དེར་དགག་རྒྱག་བྱས་འདུག
རྩོམ་ཡིག་དེའི་ཁ་བྱང་ལ “ཏཱ་ལའི་ཤོག་ཁག་ནང་ཁུལ་ཀྱི་རྩོད་པ་ཇེ་ཆེ་རེད། ‘འོས་བསྡུ་ཆེན་མོས’ འགལ་བ་སྣ་ཚོགས་དམར་རྗེན་ལ་བཏོན” ཞེས་བཏགས་ཡོད། དམངས་གཙོའི་ཆབ་སྲིད་གྱི་ལྟ་བས་བསམ་གཞིགས་བཏང་ཚེ། དམངས་གཙོའི་གཞུང་ངམ་སྒྲིག་འཛུགས་ཤིག་ལ “ཤོག་ཁག་ག་གེ་མོ” ཞེས་འབོད་པ་ལས་གཞན། དྲང་ཕྱོགས་ནས་ཐེངས་འདིའི་འོས་བསྡུ་ཆེན་མོའི་རང་བཞིན་བརྗོད་ཡོད། ཆབ་སྲིད་ཁྲོད་ཀྱི་རྩོད་པ་དེ། ཕོ་བྲང་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་ནས་ཡོངས་གྲགས་གདམ་རྩོད་ལ་ཕྱིན་པ་དེ་ནི། མང་ཚོགས་ཀྱི་འཁྲུག་རྩོད་དེ་སྲང་མགོ་ལམ་མདོའི་འཛིང་རེས་ནས་ཁྲིམས་ཁང་ནང་གི་རྩོད་གླེང་དུ་འགྱུར་བ་ནང་བཞིན་རེད། དེ་ནི་དཔལ་ཡོན་གྱི་ཡར་རྒྱས་ཤིག་ཅི་ལ་མིན། ཡར་རྒྱས་དེའི་གཞི་རྩའི་ཁྱད་ཆོས་ནི། ཡོད་བཞིན་པའི་ལྟ་བ་དང་ལངས་ཕྱོགས། འཐབ་ཇུས་དང་ཐབས་ལམ་སོགས་ཀྱི་འགལ་བ་གང་ཞིག་ཡོངས་གྲགས་ཀྱི་ངོ་བོར་བསྒྱུར་ནས། གདམ་དམངས་ཀྱིས་འགལ་བའམ་མ་འདྲ་ས་དེ་རྒྱུས་ལོན་གསལ་བོ་ཡོང་སླད་ཡིན་པའི་མ་ཚད། ཡི་རངས་མིན། རྗེས་འབྲང་མིན། མོས་མཐུན་མིན་སོགས་འོས་ཤོག་གིས་ཐག་གཅོད་བྱ་རྒྱུ་དེ་རེད། གལ་ཏེ་རྩོད་པ་མ་བྱས་པར་རྗེས་སུ་ཡི་རངས་རྒྱུ་དེ་ཆབ་སྲིད་ཀྱི་ཕུན་སུམ་ཚོགས་པའི་རྣམ་པར་ངོས་འཛིན་བྱས་ཚེ། ཕྱི་གསལ་ནང་གསལ་དང་། ཆབ་སྲིད་ཀྱི་ལྟ་བའི་རྩོད་པའི་དམངས་གཙོའི་འོས་བསྡུ་དེ་དུས་ནམ་ཡང་ཕུན་སུམ་ ཚོགས་མི་སྲིད། དེ་ལས་ལྡོག་ན། ད་གཟོད་དེ་ཡི་ཕུན་སུམ་ཚོགས་སའི་གནས་དེ་ཡིན།
འོན་ཀྱང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་སྐད་ཆའི་ནང། གོང་ཞུས་ཁ་བྱང་དེ་ནི་ཡང་དག་པའི་ལྡོག་ཕྱོགས་ཀྱི་བཤད་སྟངས་དཔེ་མེད་ཅིག་ཡིན། གཞུང་གི་མི་ག་གེ་མོ་ཞིག་ཡང་སྙིང་དུ་བཀུར་བའི་མཐུན་སྒྲིལ་དམ་པོའི་སྒྲིག་ འཛུགས་ཤིག་སྟེ། ཡང་སྙིང་གི་དབུ་ཁྲིད་དེའི་གསུང་བ་གནམ་ལྕགས་ཐོག གྱེན་ལྡོག་མེད་པའི་བཀའ། མི་སུ་གཅིག་གིས་ཀྱང་དོགས་པ་ཟས་མི་ཆོག འགྲན་རྩོད་བྱས་མི་ཆོག་པ་ཞིག་ཡིན་དགོས་ལ། གལ་ཏེ་མ་བརྩད་ཐབས་མེད་ཅིག་ཡིན་ཡང་། ཇེ་ཆེར་གཏོང་མི་རུང་བ་མ་ཟད། ཡོངས་གྲགས་ཅན་དུ་དེ་བས་ཀྱང་བསྒྱུར་མི་རུང་། ནང་ཁུལ་གྱི་ཐབས་ལམ་ལ་བསྟུན་ནས་ཆེན་པོ་ཆུང་ཆུང་དང་། ཆུང་ཆུང་མེད་པར་བཟོ་བའི་རང་བཞིན་གྱིས་དོན་དག་ཐག་གཅོད་བྱེད་དགོས། གསང་མི་ཚུགས་པར་ཡོངས་གྲགས་བྱེད་གོས་པའི་འཐབ་རྩོད་ཅིག་ཡིན་ཡང་། རྫིག་མདོག་ཁ་པོའི་རྒྱུ་མཚན་ཞིག་འཚོལ་དགོས། དཔེར་ན། “རུལ་སུངས་ལ་རྒོལ་རྡུང” ལྟ་བུ་སྟེ། འགྲན་སློང་མཁན་གང་ཞིག “ལོ་རྒྱུས་ཀྱི་ཉེས་ཅན་པར” བསྙད་རྒྱུ་དེ་རེད། དངོས་ཡོད་གནས་ཚུལ་གྱི་ཆ་དེ་མི་དམངས་དཀྱུས་མ་ཚོས་ཤེས་དོན་མེད་ལ་ཤེས་ཀྱང་མི་ ཆོག དེ་ལྟ་བུའི་དབུ་ཁྲིད་ནི་མཁས་མཛངས་ལྡན་ཞིང་རླབས་ཆེན་ཡིན། དེ་ལྟ་བུའི་གཞུང་ནི་མཐུན་སྒྲིལ་ལས་ཆོད་ཆེན་པོ་ཡིན། དེའི་སྟབས་ཀྱིས་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཁག་གི་དྲིལ་བསྒྲགས་ཁྲོད། དམངས་གཙོའི་རྒྱལ་ཁབ་གྱི་གྲོས་ཚོགས་འཐུས་མའི་རྩོད་པ་དྲག་ཆེ་ན་དགོད་སྤྱད་ཡིན་ལ། རྒྱ་ནག་རང་གི་འགྱིག་གི་ཐམ་ཀ་ཞེས་འབོད་པའི་མི་དམངས་འཐུས་མིའི་མུད་པ་ཡན་གྱི་ཁ་ཡག་ངོ་བསྟོད་དང་། གཞུང་གི་སྙན་ཞུ་ལ་ལག་པ་གཉིས་ཀ་ཡར་བཀྱག་ནས་རྒྱབ་སྐྱོར་བྱས་ནས་གྲོས་ཆོད་གཏན་ ཁེལ་བྱས་པ་ཡག་རྟགས་ཡིན་པ་རེད།
༼ཀྲུང་གོ་བོད་ལྗོངས་དྲྭ་བ༽ ཟེར་བའི་རྩོམ་ཡིག་དེའི་ནང་། ཆབ་སྲིད་ལྟ་བ་ཐ་དད་ཡིན་པའི་མི་སྣས་གསར་འགོད་གསལ་བསྒྲགས་སྤེལ་ནས། འོས་བསྡུ་བརྒྱུད་རིམ་ཁྲོད་བྱུང་བའི་གནད་དོན་རིགས་ལ་སྐྱོན་བརྗོད་བྱས་པ་དེ། “ཏཱ་ལའི་ཤོག་ཁག་ནང་ཁུལ་གྱི་འགལ་བ་ཉིན་རེ་ཞག་རེ་དམར་རྗེན་ལ་བུད”པའི་མཚོན་རྟགས་སུ་དྲང་འདུག དེ་འདྲ་ཙམ་གྱིས་ཐེངས་འདིའི་འོས་བསྡུ་དེ་འོས་འཚམ་མིན་པ་ཞིག་ལ་བདེན་དཔང་བྱས་ ཚུལ་རེད། དེ་ཡིས་དོགས་པ་ཟ་སྟངས་ཤིག་ནི། འོས་བསྡུའི “ལེ་ཀྲི(励志)ཟློས་གར” ཁྲོད། འཁྲབ་རོགས་དང་། ལྟད་མོ་བ་གཉིས་ཀས་ཅི་མི་སྙམ་པར། འཁྲབ་འཁྲབ་ནས་ཕན་ཚུན་ཐེར་ཚལ་སྦ་ཚལ་དུ་འབྲལ་རེས་བྱས་ནས“ཕོ་བྲང་འཐབ་རྩོད་ ཟློས་གར”དུ་གྱུར། དེ་ལྟ་བུའི་དམངས་གཙོ་ལ་སུ་ཡི་ཡིད་ཆེས་ཐུབ་བམ། ཞེས་བཀོད་འདུག
དེ་ཡི་ལྟ་སྟངས་ལྟར་ན། རྒྱ་ནག་གི “ཚོགས་ཆེན་གཉིས”ལྟ་བུར། “གཅིག་གིས་གཅིག་གི་ངོ་མ་ཟློག་པར”དོགས་པ་མེད། རྩོད་པ་མེད། སོ་སོའི་ལྟ་བ་ལངས་ཕྱོགས་ཁྱད་དུ་བསད་པའི“མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་ སྒྲིལ”ན། ད་གཟོད་མིང་དོན་མཚུངས་པའི་དམངས་གཙོ་ཡིན་པ་འདྲ།
ད་ལོའི་རྒྱ་ནག་གི “ཚོགས་ཆེན་གཉིས” ཞེས་པའི་སྐབས། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་དང་ཆོས་ལུགས་ལས་དོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ ཝེ་ཆོན་གྱིས་ཀྱང་ཧ་ཅང་མཐོང་ཆུང་གི་རྣམ་པས། “ཏཱ་ལའི་ཤོག་ཁག་ནང་ཁུལ་གྱི་མི་དེ་ཚོས་ད་ལྟ་ཕན་ཚུན་ལ་རྡུང་རེས་དང་། འཐབ་རེས། ཟང་ཟིང་བཟོ་རེས་བྱེད་བཞིན་ཡོད ”ཟེར། ཡིན་ན་ཡང་། རྒྱ་ནག་གཞུང་གི་ལྟ་སྤྱོད་དེ་གཤམ་གྱི་དོན་དངོས་ཁྲོད་མདའ་སྐད་གླིང་གིས་ བསྒྱུར་ནས་རང་ཁུངས་རང་སྐྱེལ་བྱེད་ནུས་མེད། ལོ་སྔོན་པར་སྤེལ་བའི་སྔོན་འགྲོའི་འོས་བསྡུའི་ཁྲོད། རྒྱབ་སྐྱོར་འོས་ཤོག་གི་མང་ཉུང་ལྟར་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་འཛིན་པའི་ སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་འོས་ཁུངས་ལ་ཚུད་མེད། སྲིད་སྐྱོང་ལས་ཐོག་བློ་བཟང་སེངྒེ་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་འོས་ཁུངས་སུ་ཚུད་པ་རེད། འོན་ཀྱང་། གོང་ཞུས་རྩོམ་ཡིག་དེའི་ནང་། དངོས་དོན་ལོག་པར་བརྗོད་ནས་ཏཱ་ལའི་བླ་མའི་གནོན་ཤུགས་འོག “བོད་ཁ་བྲལ་བ” འོས་བསྡུ་ནང་ཞུགས་དབང་མེད་སོང་། ཞེས་བྲིས་འདུག རྒྱ་ནག་པས་ཤེས་དགོས་རྒྱུ་ཞིག་ནི་འོས་མི་སུ་ཐོན་མིན་དེ་འོས་ཤོག་མང་ཉུང་གིས་ཐག་གི་གཅོད་ཀྱིན་པ་ལས། གང་ཟག་གང་ཞིག་གིས་ཐག་གི་གཅོད་ཀྱིན་མེད། ཀྲུའུ་ཝེ་ཆོན་གྱིས “མཐར་མཇུག་སུ་གདམ་ཡང། ‘བོད་རང་བཙན’གྱི་ཁ་བྲལ་རིང་ལུགས་པའི་ཆབ་སྲིད་རྩ་འཛིན་ལ་འགྱུར་བ་གཏོང་མི་སྲིད”ཅེས་བཤད་ཡོད་པ་རེད། དངོས་དོན་གང་ཞིག་འཁྱོག་བཤད་བྱེད་རྒྱུ་དེ་བློ་མཐུན་ཀྲུའུ་ཝེ་ཆོན་གྱི་ལས་ཀ་ རེད། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་མཚན་དམོད་དམའ་འབེབས་བྱེད་རྒྱུ་དེ་དེ་ ཡི་ཟ་མ་རེད། གོ་ས་རེད། ཁེ་དབང་རེད། ཀྲུའུ་ཝེ་ཆོན་འཚོ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་པ་འདྲ། རྒྱ་ནག་པ་དུང་ཕྱུར་བཅུ་གསུམ་པོ་ཚང་མ་བོད་ལ་མི་དགའ་མཁན་རྐྱང་རྐྱང་ཡིན་མོད། ཀྲུའུ་ཝེ་ཆོན་ནི་དེའི་ནང་གི་བོད་ལ་སེམས་གཏིང་ནས་སྡང་མཁན་ཞིག་ཡིན། རྒྱལ་ཞེན་དང་རྒྱ་ཞེན་གང་ཡིན་མི་ཤེས་མོད། ཀྲུའུ་ཝེ་ཆོན་ནི་བོད་མི་གཅིག་ཀྱང་མ་ལྷག་ན་ཅི་མ་རུང་བསམ་མཁན་དེ་ཡིན་པ་ཁོང་ གི་སྐད་ཆ་དང་རྩོམ་ཡིག་སོགས་ལས་གསལ་བོ་ཤེས་ཐུབ།
རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ“འགལ་བ་དམར་རྗེན་དུ་ཐོན་རྒྱུར་ངོ་ རྒོལ”བྱས་དང་བྱེད་ཀྱིན་ཡོད་ལ། བཙན་བྱོལ་བོད་གཞུང་སོགས་དམངས་གཙོའི་འོས་བསྡུ་ལ་ངོ་རྒོལ་བྱས་པ་ཙམ་མིན་པར། རང་དཔེ་གཞན་ལ་སྟོན་རྒྱུར་ཧ་ཅང་དགའ། “ཚོགས་ཆེན་གཉིས”ཞེས་པའི་སྔོན་དུ། ཞི་ཅིང་ཕེང་གི་སྲིད་དབང་བཟུང་པའི་རིང་རྒྱལ་ཁབ་ཉམས་ཆགས་སུ་སོང་ལུགས་སྐྱོན་བརྗོད་བྱས་པའི་ཞི་ཅིན་ཕེང་གིས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་དགོངས་པ་ཞུ་དགོས་པའི “ཡོངས་ཁྱབ་ཡི་གེ” ཞིག་རྒྱ་ནག་རང་གི་གཞུང་འབྲེལ་སྨྱན་བྱད “ཝུ་ཇེས(无界 )གསར་འགྱུར་དྲྭ་རྒྱའི” མདུན་ཤོག་གི་ངོས་སུ་སྤེལ་བ་རེད། དམངས་གཙོའི་ཆབ་སྲིད་ཁྲོད། དེ་ལྟ་བུའི “ཅི་མི་སྙམ་པའི” “ ཕན་ཚུན་ཐེར་ཚལ་སྦ་ཚལ་གྱི་འབྲལ་རེས”རིགས་དུས་རྟག་ཏུ་མཐོང་རྒྱུ་གོ་རྒྱུ་ཡོད་པ་མ་ཟད། ངེས་པར་དུ་དེ་འདྲ་ཞིག་ཡིན་ཡང་དགོས། ད་དུང་དེའི་རིགས “ཡ་མཚར་དགོས་པ” ཞིག་དེ་བས་ཀྱང་ག་ལ་ཡིན། འོན་ཀྱང་། རྒྱ་ནག་གཞུང་ངོ་ཚ་ནས་རླུང་ལངས་ཏེ། ཁོང་ཁྲོ་མེ་ལྟར་འབར་ནས། གོ་ཚོད་ལ་དམིགས་བསལ་ཚོགས་ཆུང་ཟུར་དུ་བཙུགས་ནས། “ཡོངས་ཁྱབ་ཡེ་གེ” དང་འབྲེལ་བ་ཡོད་མེད་ལ་མ་བལྟས་པར། སྨྱན་བྱད་པ་གྲགས་ཇཱ་ཇཱ་དང་ཝུ་ཇེས་གསར་འགྱུར་དྲྭ་རྒྱའི་རྩོམ་སྒྲིག་པ་དང་ལས་བྱེད་བཅས་ཐེ་བའི་མི་མང་པོ་གར་སོང་ཆ་མེད་དང་འཛིན་བཟུང་བཀག་ཉར་བྱས་ནས་ཚ་འདྲི་བྱས་དང་བྱེད་ཀྱིན་ཡོད་སྐད། དེ་ལྟ་བུའི་ཡོངས་ཁྱབ་ཡི་གེ་ཞིག་ལ་འཇིགས་སྣང་དེ་འདྲའི་ཆེན་པོ་སྐྱེས་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་བཀོལ་ནས་དྲག་གནོན་བྱེད་སྟངས་ལས། རྒྱ་ནག་མཐོ་རིམ་གྱི་དབང་ཆའི་འཐབ་རྩོད་དེ་ཤིན་ཏུ་ཆེ་བ་དང་། ཞི་ཅིན་ཕེང་གི་བྱེད་སྟངས་ལ་མ་དགའ་མཁན་མང་པོ་ཡོད་པ་མཚོན་ཐུབ།
གང་ལྟར། བྱེས་བོད་ཀྱི་འོས་བསྡུའི་ལས་རིམ་ལེགས་པར་འགྲུབ། རྒྱ་ནག་གི་བླུན་སྒྱུར་དྲིལ་བསྒྲགས་རིགས་ལ་ཧང་སངས་མི་དགོས། སྤྱིར་བཏང་རྒྱ་ནག་གི་སྐྱོན་བརྗོད་བྱས་པ་དེར་རྒྱུན་སྲོལ་ཞིག་ཡིན་པས། གལ་ཏེ་རྒྱ་ནག་གི་སྐྱོན་བརྗོད་མ་བྱས་ཚེ་ད་གཟོད་ཡ་མཚར་དགོས་པ་ཞིག་ཡིན།
ངེད་དྲ་ཚིགས།