ལྡོང་བུ། དངོས་མིང་ལ་ལྕགས་རྡོར་རྒྱལ་འབོད། ༡༩༨༥ ལོར་མདོ་སྨད་འབའ་རྫོང་དུ་སྐྱེས།
སྔ་ཕྱིར་ཆབ་ཆ་དང་པེ་ཅིང་དུ་སློབ་གྲྭ་འགྲིམས། ༢༠༠༧ ལོར་ <<སྨྱོན་པའི་དུས་ཚིགས>> སོགས་སྙན་ངག་དེབ་དང་འགྱུར་དེབ་བཞི་སྒེར་ནས་སྤེལ་མྱོང་བ་དང་། ༢༠༡༣ ལོར་ <<བོད་ཀྱི་དེང་རབས་སྙན་ངག་རིག་པ>> ཞེས་པའི་དཔྱད་དེབ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། སྙན་ངག་རིང་མོ་ <<མྱ་ངམ་ཐང་>> དང་ <<ཉི་མའི་རྡོ>> བྱིས་སྒྲུང་ <<རྒྱལ་སྲས་ཆུང་ཆུང་>> ལ་སོགས་ཕྱི་རྒྱལ་གྱི་སྒྲུང་གཏམ་དང་སྙན་ངག་ཁག་ཅིག་བོད་ཡིག་ཏུ་བསྒྱུར་ཡོད་ཅིང་ད་ལྟར་ <<མི་རིགས་ཀྱི་རྩོམ་རིག>> དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད།
དངོས་མང་བཤམས་སྟོན་ཁང་།
འབག་གིས་བཟོས་པའི་རྟ་ཆེན་པོ་ཞིག
ཀ་བ་མཐོ་ལ་སྦོམ་པ་དེའི་ཟུར་ཞིག་ཏུ།
དབུགས་ཧལ་ཧལ་བྱེད་པ་ནང་བཞིན།
ལོ་རྒྱུས་ཀྱི་སྙིང་ནད་མིག་ལ་ཤར་འདུག
མི་ཚོགས་ནི།
སྒྲ་དབྱངས་བོར་བའི་རྒྱུད་མངས་རེ་རེ་དང་འདྲ་བར།
འུ་ཐུག་པའི་གོམ་སྒྲ་ཤུགས་ཀྱིས་རྡེབ་བཞིན།
རང་རང་ལ་རོལ་མོ་གསར་བ་རེ་བཟོ་བཞིན་འདུག
རྫ་ཆས་རྙིང་པ་གྲངས་མེད་པ།
དཀར་ཞིང་གཙང་བའི་ཤེལ་སྒོ་ལ་མགོ་བོ་འཁོར་ཏེ།
སྔར་གྱི་བདག་པོ་དང་རྒྱལ་རབས་ཀྱང་བརྗེད་ཟིན་པས།
འོད་ཕྲ་མོ་ཞིག་གིས།
དེ་དག་ལ་མིང་ཡིག་མག་མོག་རེ་བརྐོས་འདུག
དངོས་པོ་དག་གིས
དུས་ཚོད་ཟ་བཞིན་འདུག
ལྕགས་ཀྱིས
བཙའ་ཟ་བཞིན་འདུག
མུན་པ་ཡིས།
གློག་འོད་ཟ་བཞིན་འདུག
སྦྱར་བྱང་དང་ཆུ་སྙིགས་ཀྱིས།
མིའི་རིགས་ཀྱི་འབྱུང་འགྱུར་ཟ་བཞིན་འདུག
འཕྲུལ་འཁོར་ལ་འདུན་པའི་ལག་པ་ཐོགས་ཏེ།
རྒྱ་མཚོ་ཆེན་མོ་ཟ་བཞིན་འདུག
འགྱིག་གིས་བཟོས་པའི་མེ་ཏོག་དག་གིས།
འགུལ་རྒྱུ་མེོད་པའི་སྐྱེས་ཆེན་དག་བསྐོར་འདུག
ཁོ་ཚོའི་གདོང་ནི།
མདངས་ཉམས་པའི་གྲམ་པ་སྐྱ་བོ་ཞིག་དང་འདྲ།
༢ ལྕགས་ཀྱི་འཁོར་ལོས།
རྡོ་ཀ་མ་རུས་བྱས་པའི་ཁྲུས་ཀྱི་རྫིང་བུ་རུ།
ཉ་ཤི་བོ་དག་གིས་ཚེ་འདི་རང་རྨི་ལམ་དུ་གཏོང་བར་རྩོམ།
ལོ་མ་ཧྲལ་ཧྲུ་གྱིས་ཤོག་སྒྲས།
རང་ཉིད་ཀྱི་གཟི་མདངས་འབའ་ཞིག་སྒྲོག་པར་བྱེད།
བྱིས་པ་ཁྱུ་ཞིག་གིས།
ཡང་ཡང་བསྐྱར་ཟློས་ཀྱི་འཁོར་བའི
ཟད་པ་མེད་པའི་ཐིག་ལེ་དང་འདྲ་བའི།
ལྕགས་སྐོར་སྐོར་གྱིན་འདུག
མུ་ཁྱུད་འདི།
བྱེའུ་ཞར་གྱིས་ཁང་སྟོང་ནམ་མཁར་འཁྲུལ་བ་བཞིན།
རང་གི་བཀོད་པ་ཁོ་ན་ལ་འཇུག་གྱིན་འཛད།
ལྕགས་ཀྱི་འཁོར་ལོ ལྕགས་ཀྱི་འཁོར་ལོ།
བྱིས་པའི་རྩེད་མོ།
༣ འཆི་བདག་གི་དྲུང་ཡིག
ལྗོན་པ་ནི་རྩ་བ་ས་གཏིང་དུ་ཟུག་སྟེ།
རྩེ་མོ་མཐོ་རིས་ཀྱི་ཡུལ་དུ་བསྲིངས་འདུག
དེ་ཕོ་ཡི་ཀྲོག་སྐད་འབའ་ཞིག
ཉི་མ་ལ་བསྟོད་པ་འབུལ་མཁན་དུ་འགྱུར།
མུན་པ་ཡིས་ངའི་ལུས་པོ་ཟ་བཞིན་འདུག
འདས་ཟིན་པས་ང་རང་མ་ལུས་པར་གཡོགས།
དྲན་པའི་སྦྲང་མ་དག
ལམ་སྒྲོན་རབ་རིབ་དེའི་ངོགས་སུ་ཡོམ་ཡོམ་གཡོ།
ཁྱིམ་ཆས་དག་གིས་ང་ལ་ལྐོག་ལྟ་འགྱེད།
དཔེ་དེབ་དག་གི་ང་ཡི་རྨི་ལམ་དཀྲུགས།
ང་ཡིས་རུལ་མ་ཚར་བའི་དུས་ཀྱི་ཕྱི་ཤུན་དེ་ཁུར།
ང་ལ་འཚིག་ནས་ཚར་བའི་སྤང་ལྗོངས་ཉིད་ལས་མེད།
ལི་ཐོ འཆི་བདག་གི་དྲུང་ཡིག
དེ་ལ་འཇིགས་རུང་གི་དགྲ་བོ་མི་དགོས།
ང་ཚོ་རང་ཉིད་ནི་དགྲ་བོའོ།
དེ་ལ་འཆིང་བྱེད་ཀྱི་ལྕགས་སྒྲོག་མི་དགོས།
ང་ཚོ་རང་ཉིད་ནི་ལྕགས་སྒྲོག་གོ
དེ་ལ་འཛད་བྱེད་ཀྱི་དུས་ཚོད་མི་དགོས།
ང་ཚོ་རང་ཉིད་ནི་དུས་ཚོད་དོ།
༤ ཕྱི་ལ་ཕྱིན་པ།
འདས་པོར་ཕྱོགས་པའི་ལག་པ་ནང་བཞིན།
གློག་སྐུད་ཀྱི་སེན་མོ་རིང་བོ་དག་གང་སར་འཐེན།
འགྲོད་ལམ་ཐམས་ཅད་ས་འོག་ལ་ཕྱོགས་འདུག
ཚེ་ཡི་རི་རྒྱུད་དེའི་སྟེང་ལ།
འདུན་པའི་ཕུག་ལམ་རིང་མོ་ཞིག་བརྐོས།
རི་རྒྱུད་དེ་དག་ནི་འཇིག་རྟེན་བྱེད་པ་འདྲ།
མི་ཡི་ཚོགས་ཀྱིས།
ཚང་ཚིང་འདུ་མངོན་པའི་ལྗོན་པའི་ཚོགས་ཀྱི།
རྟག་བརྟན་གྱི་གནས་ལུགས་ལ་མཆན་བུ་ཙམ་འདེབས།
ང་ཚོས་མོ་ཊ་ཆུང་ངུ་ཞིག་ཏུ་རྨི་ལམ་བཏང་མཐར།
ཕུག་ལམ་མཐའ་མ་དེ་རུ་འཛུལ་མགོ་བརྩམས།
ལམ་གྱི་སྣེ་གཅིག་ནི་བྱེ་ཐང་ཆེན་མོ་དང་།
ཅིག་ཤོག་ནི་སྟོང་བར་གྱུར་པའི་ནམ་མཁའ་ཁོ་ནའོ།
ཡོང་ཁུངས<<གངས་རྒྱན་མེ་ཏོག>>
ངེད་དྲ་ཚིགས།