རྨི་ལམ་ནང་གི་སྐྱ་མི།


—མགར་བཟའ།

མཚན་གྱི་རྨི་ལམ་རིང་ཞིང་གྲིམ།།
རླུང་གི་ངག་འཕྲིན་ཤུར་ཤུར་རྒྱུ།།
ངལ་བའི་རྔུལ་ཆུ་ཁྲོམ་ཁྲོམ་བཞུར།།
སེམས་ཀྱི་རི་མོ་དེ་བས་གསལ།།

སྲིད་པའི་སྣང་བ་གཅེར་བུ་མས།།
ཚོར་བའི་ཕྱི་ནང་བཟུང་ཙ་ན།།
ཆོས་ཉིད་ཟབ་མོའི་གཏིང་རུམ་ནས།།
བདེན་པའི་བུ་ཆུང་ལྷུག་ལྷུག་བགད།།

འཁོར་བ་སྨྱོས་པའི་རྨི་ལམ་འདི།།
ཤ་ཁྲག་གདུས་པའི་གཤེར་ཁུ་འདྲ།།
རྟོག་འགྱུའི་མེ་དང་མ་འཕྲད་ཚེ།།
གཡོ་བ་མེད་པར་དལ་གྱིས་འདུག།

དུས་ཆོད་སྟོང་གི་ཡས་སྣེ་ན།།
སྣང་བའི་རོལ་མོ་ཁྲོ་ལོ་ལོ།།
ངག་གི་རྒྱལ་མོ་བློ་ཡངས་མ།།
འདུར་འགྲོས་གོམ་ཆུང་ཁྱར་མ་ཁྱོར།།

མེ་ཏོག་འཐོར་བའི་སྟོན་ལྗོངས་ན།།
སྦྲང་མའི་སྐྱོ་དབྱངས་དི་རི་རི།།
ནམ་ཟླ་དགུན་གྱི་གཤོག་འགྱུར་ན།།
རླུང་གི་ཤུག་གླུ་ཀྱུ་རུ་རུ།།

སྐྱོ་བ་འདི་ཡི་མཚན་གཞུང་ནས།།
སེམས་ཀྱི་སྐྱ་མི་དཀར་པོ་ཁྱེད།།
ལམ་གྱི་ཡོལ་བ་བརྐྱངས་བཞིན་དུ།།
རྨི་ལམ་ཟོལ་དུ་འཛུམ་ཞིང་འོང་།།

ང་ནི་ཧད་དེ་རེ་ཞིག་ལུས།།
མི་སྨྲ་ངག་གི་རྩོལ་བ་ཉམས།།
ཡིན་ཡང་སྣང་བའི་ཆབ་རྒྱུན་ལ།།
དུང་བའི་ཉ་མོ་སླར་ཡང་རྩེན།།

ལོ་དང་ཟླ་བ་ཉི་མ་སོགས།།
ཅི་ཙམ་འཁོར་བ་ཆ་མ་འཚལ།
གཟུང་འཛིན་ནམ་མཁའི་གཞི་དབྱིངས་ལ།།
མཛའ་བརྩེ་སྐར་རྒྱན་འོད་དུ་ཆགས།།

ཚེ་རབས་གཅིག་གི་ལས་འབྲེལ་ལས།།
སེམས་གྱི་སྒོ་མོ་ཁྱེད་ལ་ཕྱེས།།
ངག་གི་དར་སྐུད་ཁྱེད་ལ་འཐེན།།
མདོར་ན་རུས་པའི་བསེ་མཁར་ཡང་།།
ཁྱེད་ཀྱི་ཆེད་དུ་སྲ་ཞིང་མཁྲེགས།།

ད་ནི་རྒྱང་ཐག་རིང་ངམ་ཅི།།
ཕྱག་གིས་གྱེས་བརྡ་ཡང་ཡང་གཏོང་།།
ཡང་ན་བར་ཐག་ཉེ་འམ་ཅི།།
འཁྲེང་བའི་སྤྱན་གྱིས་ཡང་ཡང་གཟིགས།།

2015 9 26ཉིན།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s