ཨ དོན་ཉི།

ས་ཆེན་ལ་ལྗང་མདོག་གི་ལྭ་བ་བཀླུབས་པའི་དཔྱིད་ཀྱི་དྲོད་འཇམ།
ཉལ་འགྲོ་བུ་མོའི་མཁྲང་ཟླུམ་གྱི་སྒྲེན་ལུས་མཛེས་བར་ལུད་པའི་ཆགས་དགོད་ཀྱི་ཟུར་མིག་དམར་པོ།
སྡོང་ཕྲན་ཁྲི་ཕྲག་གི་ཚེ་སྲོག་ལ་དབུགས་དབྱུང་སྩོལ་བའི་གསེར་གྱི་ས་བོན་སེར་བོ།
འདབ་ཆགས་ཀྱི་མགྲིན་སྙན་ནགས་ལ་སྐོར་བའི་གཤོག་འགྱུར་གྱི་གདེངས་ཀ་མཐོ་བོ།
སེམས་ལ་རུམ་ན་འདང་བརྩེའི་བཟི་ཁ་བཙན་པའི་མཛའ་གཅུགས་ཀྱི་གནའ་གཞས་སྐྱུར་མོ།
རྒྱང་རིང་དང་ཁེར་རྐྱང་ལ་དྲོད་སྣང་སྟེར་བའི་དཔྱིད་དཔལ་གྱི་ལྷ་མོ།
ཉིན་མོའི་དྲན་སྣང་གི་རྒྱུད་སྐུད་བདུང་ཚེ་གློ་ན་དགོད་པའི་དུང་སེམས་ཀྱི་བདག་མོ།
མི་ཚེའི་གསོལ་ཕོར་ནང་དུང་དམར་གྱིས་སྙལ་བའི་བདུད་རྩི་ཞིམ་པོ།
ཐུག་དང་མ་ཐུག་དབྱེར་མེད་དུ་འཁྱུད་པའི་དུས་གསུམ་གྱི་མཛའ་མོ།
ལམ་གྱི་རྒྱང་བཞུད་ལ་མཛེས་སྡུག་བསྐྲུན་པའི་བརྩེ་བའི་ལོག་མལ།
སྐྱེ་དངོས་རྩི་བཅུད་ཀྱི་ལང་ཚོ་ལྷོད་ཀྱིས་གྱེར་བའི་ལྗོངས་ཆབ་ཀྱི་གླུ་སྐད་ལྡ་ལྡི།
བདག སོས་ཀའི་མཚར་སྡུག་དེ་དག་གི་ཕང་བར་ཙོག་སྟེ།
དཔྱིད་ཀྱི་དྲོད་འཇམ་ལ་འོ་ཡང་ཡང་བྱས་ནས།
ལྷ་མོའི་སྐྱེངས་འཛུམ་ལ་ཞེ་ཡང་ཡང་ཆགས་ནས།
ཐུག་ཕྲད་མ་བྱུང་བའི་གཏམ་རྒྱུད་ཀྱི་སྐྱོ་གར་ཀློང་ལ་ཚུད་ཡོད།
འཇིག་པ་མེད་པའི་བསྐལ་བའི་བརྩེ་དུང་གི་གཙང་བོའི་ནང་ལ་ལྷུང་ཡོད།
སེམས་འཕངས་མཐོ་བའི་དཔྱིད་དཔལ་གྱི་ལྷ་མོ།
གཡེར་བག་རྒོད་པའི་སྤྲིན་དཀར་གྱི་བུ་མོ།
ས་ག་ཟླ་བར་ཁྱོད་དྲན་པ་ནི་རང་ཉིད་སྐྱིད་སྐྱིད་གཏོང་སྟངས་ཤིག་ཡིན་ལ།
རང་ཉིད་སྡུག་ལ་སྦྱར་སྟངས་ཤིག་ཀྱང་ཏན་ཏན་ཡིན།

2016  4 2

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d