བཟང་སྤྱོད་ཀྱི་སློབ་ཚན་གཏན་འབེབས་བགྲོ་གླེང་།

      ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཤེ་ར་ཊོན་གསོལ་མགྲོན་ཁང་དུ་སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག  དེང་དུས་ཤེས་ཡོན་ལམ་ལུགས་ཁྲོད་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་ Meeting on Secular Ethics Curriculum གཏན་འབེབས་གནང་ཕྱོགས་སྐོར་བགྲོ་གླེང་ཚོགས་འདུ་ཚོགས་ཡོད།

       དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ར་སྟོད་དང་ཤར་རྩེ་མཁན་པོ་རྣམ་གཉིས་དང་།  ཀུན་བདེ་གླེང་རིན་པོ་ཆེ་མཆོག  ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་ལགས།  ཨ་རི་ཨི་མོ་རི་མཐོ་སློབ་ནས་བློ་བཟང་བསྟན་འཛིན་ནེ་གི་ལགས། Ayur Gyan Nyas གཙོས་པའི་རྒྱ་གར་ནང་གི་སློབ་གྲྭ་དང་མཐོ་སློབ་ཁག་གཅིག་གི་སློབ་སྤྱི།

      དེ་བཞིན་ཤེས་ལྡན་མི་སྣ་དང།  སློབ་དཔོན། མཁས་དབང་། རྡ་ས་རིག་ལམ་སློབ་གཉེར་ཁང་གི་དགེ་འདུན་པ་ཁག་གཅིག་སོགས་ཁྱོན་མི་གྲངས་ ༡༠༠ ཙམ་ལྷན་འཛོམས་ཐོག་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གི་ཀོ་ཐ་རི་ཚན་རིག་དང་།  བཟང་སྤྱོད།  ཤེས་ཡོན་བསྟི་གནས་ཁང་གི་སློབ་དཔོན་ལྕམ་མི་ནག་ཤི་ཐ་པན་ Meenakshi Thapan མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་བསུ་ཞུས་ཏེ་བགྲོ་གླེང་དབུ་འཛུགས་ཀྱིས་ཐོག་མར་སློབ་དཔོན་ལྕམ་མི་ནག་ཤི་ཐ་པན་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།

       ང་ཚོ་འདིར་གང་འཚམས་ཞི་བདེའི་ངང་གནས་ཡོད།  འོན་ཀྱང་འཛམ་གླིང་ས་ཕྱོགས་གཞན་ཁག་ཏུ་མི་གསོད་ཁྲག་སྦྱོར་བྱེད་བཞིན་ཡོད། མིས་མི་གསོད་པ་བསམ་ཡུལ་ལས་འདས་པ་རེད། ལྷག་པར་མི་ས་ཡ་མང་པོ་འཆི་བཞིན་ཡོད། བྱང་ཀོ་རི་ཡ་གཙོས་པའི་རྒྱལ་ཁབ་ཁག་གཅིག་གིས་ད་དུང་ཡང་ཉེན་ཚབས་ཅན་གྱི་མཚོན་ཆ་བཟོ་བཞིན་ཡོད། ཡིན་ནའང་ང་ཚོས་བྱང་ཀོ་རི་ཡ་གཅིག་པུར་སྐྱོན་བཇོད་བྱེད་རྒྱུ་མེད། དེ་བཞིན་ལྐོག་ས་རུལ་སུངས་དང་། དབུལ་ཕྱུག་གི་དཀའ་ངལ་ཡང་ཡོད།  ལྡི་ལི་ལྟ་བུར་མཚོན་ན། མི་མང་པོ་ཞིག་ལ་མཐུན་རྐྱེན་གང་ལེགས་བེད་སྤྱོད་བྱེད་རྒྱུ་ཡོད་ཀྱང་རྒྱལ་ས་འདིའི་ནང་ཡོད་པའི་དབུལ་པོ་ཚོའང་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་སྟབས། ཚང་མར་ཐོབ་ཐང་གཅིག་མཚུངས་ཡོད། གཞི་རྩའི་འགྲོ་བ་མིའི་གཤིས་རྒྱུད་དེ་བྱམས་བརྩེའི་རང་བཞིན་ཡིན་པ་ཚན་རིག་པས་ཚོད་ལྟའི་ལམ་ནས་ར་སྤྲོད་བྱུང་ཡོད། བྱིས་པ་ཆུང་ཆུང་སྐབས་ནས་ཀྱང་གཞན་ལ་བྱམས་བརྩེ་བསྟེན་པའི་པར་རིགས་མཐོང་སྐབས་དགའ་སྣང་དང་གནོད་འཚེ་བྱས་པའི་པར་རིགས་མཐོང་སྐབས་མི་དགའ་བའི་རྣམ་འགྱུར་བཅོས་མིན་ཐོན་བཞིན་ཡོད་པ་ཚོད་ལྟའི་ལམ་ནས་ཤེས་ཡོད། ལྷག་པར་རྒྱུན་དུ་འཇིགས་སྣང་དང་དངངས་སྐྲག་སོགས་བྱས་ནས་སྡོད་མཁན་མི་དེའི་ལུས་ལ་ནད་གཞིར་གདོང་ལེན་བྱེད་མཁན་གྱི་ནུས་པ་ (Immune System) ཞེས་པ་དེ་ཤུགས་སྐྱོ་བ་དང་། དེ་ལས་ལྡོག་སྟེ་བྱམས་བརྩེའི་ཉམས་ལེན་བྱེད་མཁན་གྱི་སེམས་ནང་ཞི་བདེ་བག་ཕེབས་ ཡོད་མཁན་དེ་ཚོ་ལུས་ཀྱི་ནད་གཞི་འགོག་བྱེད་ཀྱི་རྫས་དེ་ཤུགས་ཆེ་བ་ཡོད་པ་ར་སྤྲོད་བྱུང་ཡོད་པར་བརྟེན།  སེམས་ནང་གཞན་ལ་བྱམས་པ་དང་བརྩེ་བ་སོགས་ཡོད་ན་ལུས་ཀྱི་འཕྲོད་བསྟེན་ལའང་ཕན་ ཐོགས་ཡོད་པ་བརྟག་དཔྱད་ཀྱི་ལམ་ནས་གསལ་རྟོགས་བྱུང་ཡོད། ང་ཚོ་ཚང་མ་མ་ལས་སྐྱེས་པ་ཤ་སྟག་ཡིན། ཡ་ང་སྙིང་རྗེ་མེད་པའི་འགོ་ཁྲིད་ཚོའང་མ་ལས་སྐྱེས་པ་རེད། མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་གནས་མི་ཐུབ་པར་བརྟེན་ང་ཚོ་ཚང་མར་མ་ལས་སྐྱེས་ པའི་ཉམས་མྱོང་གཅིག་མཚུངས་ཡོད།

        ང་ཚོ་འགྲོ་བ་མིའི་རང་བཞིན་ནི། བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་པར་བརྟེན། སེམས་ཅན་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཡོད། མི་ལ་སེམས་ཅན་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཡོད་པར་བརྟེན་ཤེས་ཡོན་ལམ་ལུགས་གོང་འཕེལ་ཕྱིན་པ་རེད། ང་ཚོ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་རྣམ་དཔྱོད་དེ་བེད་སྤྱོད་གཏང་ནས་བྱམས་སྙིང་རྗེ་གོང་མཐོར་གཏོད་དགོས། ཆོས་ཁས་ལེན་ཀྱང་རུང་མི་ལེན་ཀྱང་རུང་སེམས་པ་བཟང་པོ་བྱས་པ་ཡིན་ན་རང་ཉིད་ཀྱི་ལུས་སེམས་གཉིས་ལ་བདེ་སྐྱིད་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
 དེང་རབས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོར་དམིགས་པ་ལས་བྱམས་བརྩེའི་བསམ་བློ་གོང་སྤེལ་གཏོང་རྒྱུར་འདང་གི་མེད། ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་སྐོར་ཡོད་ཀྱང་ཆོས་ལུགས་ལ་རྟེན་ནས་ཡོད། ལྟ་གྲུབ་འདྲ་མིན་ཡོད་ཀྱང་གཞི་རྩའི་ཆོས་ལུགས་གཙོ་གྲས་ཚང་མས་བྱམས་བརྩེའི་ཉམས་ལེན་སྐོར་གསུང་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བགྲོ་གླེང་དངོས་སུ་དབུ་འཛུགས་ཡོད་པ་བཅས།།

ཡོང་ཁུངས་བོད་གཞུང་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s