—ཕ་ལོར་དྲ་ལམ་ནས་གླེང་མོལ་བྱས་རྗེས།
གཟུངས་ཕྱུག་སྐྱིད།
ལོ་ཟླ་ཐག་རིང་ལ་བུད་སོང་།
ཐག་རིང་ནས། ཁྱེད་ཀྱི་བརྩེ་སེམས་ཀྱི་ཟབ་ཚད་ལས།
བདག་ལ་མི་ཚེའི་མྱོང་རྟོགས་ཀྱི་བདེ་སྐྱིད་ཚོར་དུ་བཅུག
བརྩེ་འདང་ཐག་ཉེ་ལ་འཁྱིལ་བྱུང་།
ཉག་ཉེ་ནས། ཁྱེད་ཀྱི་མིག་ཟུང་གི་ཆུ་རྒྱུན་ལས།
ང་ལ་སྐྱོ་སྣང་གི་མཚོ་མོ་ཞིག་ཡང་བསྐྱར་བསྐྱིལ་སོང་།
དུས་རབས་འགྱུར་སོང་།
རླུང་གིས་སྒུལ་བའི་མགོ་སྦྲ་རལ་བོ་དེའི་དྲོད་ཁོལ་འགྱུར་སོང་།
རི་རྩེར་འཁྱུད་པའི་རྫི་གླུ་སྙི་མོ་དེའི་དྭངས་ཤ་འགྱུར་སོང་།
ངའི་བྱིས་དུས་ཀྱི་རྨི་ལམ་སྙིང་རྗེ་དེའི་མཛེས་སྡུག་ཡང་འགྱུར་སོང་།
ཡོད་ཚད་འགྱུར་སོང་བའི་ཤུལ་ནས།
ཁྱེད་ཁོ་ནས་ང་ལ་ཡང་བསྐྱར་འདས་དོན་མང་པོ་ཞིག་དྲན་དུ་བཅུག
དགུན་འཁྱག་གི་ཐབ་རྩ་ནས་རང་སེམས་མེ་ལ་བསྲོ་པའི་བརྩེ་བ་དྲོན་མོ་དེ།
འབྱར་ཁའི་སྤང་ཐང་ནས་སྣང་བ་གླུ་རུ་བསྙལ་མྱོང་བའི་མྱོང་བ་སྣུམ་པོ་དེ།
མཚན་མོར་སྒྲོན་མེ་ངོགས་སུ་འཇིགས་སྐྱོབས་སྒྲོལ་མ།
དབྱངས་ལ་འགུགས་པའི་རེ་སྨོན་གཙང་མ་དེ།
རེ་རེ་བཞིན་སེམས་ཀྱི་ཟབ་ས་ནས་གཟུགས་བརྙན་བཞིན་རྩེན་ཡོང་དུས།
ཐག་རིང་ཐག་རིང་ཞིག་ན་བཟུང་བཙོན་ལྟར་ལྷག་པའི་ང་རང་།
དུས་རབས་ཀྱི་ནད་པ་བསྐྱེད་སའི་གྲོང་ཁྱེར་གྱི་རྒྱས་སྤྲོས་ལ་སུན་བྱུང་།
ཨར་འདམ་དང་རྣོ་ལྕགས་ལས་གྲུབ་པའི་རྡོ་མཁར་གྱི་རྔམ་ཟིལ་ལ་སུན་བྱུང་།
ད་དུང་ཝུ་བ་ལྟ་བུའི་མི་གཤིས་ཀྱི་རྫུ་ཤུན་ལ་སུན་བྱུང་།
ཨ་ཕ། ལོ་ཟླ་རིམ་བརྩེགས་ཀྱི་བརྩེ་ཞུན་ཟབ་མོ།
ངོ་གདོང་གི་གཉེར་རིས་ལ་ཁུར་བའི་ཁྱེད།
དེ་རིང་ངའི་ཞི་འཇགས་ཀྱི་ཞེ་རྩ་ཁེན་སའི
གཟུགས་རིས་དྲོན་མོ་དེ་མིན་ནམ།
༢༠༡༦ ། ༠༤ ། ༠༨
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག