གནའ་སྔ་མོ་ཞིག་ལ་དྲེད་མོང་ཞིག་དང་རི་བོང་ཞིག་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པ་དང་། ཉིན་ཞིག་ཁོ་གཉིས་ཀྱིས་དྲེད་ཕྲུག་དང་རི་ཕྲུག་གཉིས་ཀ་ཁྱིམ་དུ་བསྐྱུར་ནས་གྲོ་མ་རྐོ་རུ་ཕྱིན་པ་རེད། གྲོ་མ་རྐོ་འགོ་བརྩམས་པ་ན་རི་བོང་གིས “འུ་གཉིས་ཀྱིས་སྔ་དྲོ་བརྐོས་བ་ཚང་མ་ཁ་གྲོ་དང་ཕྱི་དྲོ་བརྐོས་བ་ཚང་མ་ཁུག་གྲོ་བྱེད” ཅེས་གྲོས་བཏབ་པ་ན། གཉིས་ཀ་གྲོས་འཆམས་ཏེ་དྲེད་མོས་སྔ་དྲོ་བརྐོས་པའི་གྲོ་མ་ཁ་ལ་ཟས་ཤིང་ཕྱི་དྲོ་བརྐོས་པའི་གྲོ་མ་ཁུག་མའི་ནང་དུ་བསགས་མོད། རི་བོང་གིས་གྲོ་མ་རྐང་གཅིག་ཀྱང་ཁར་མ་ཟས་པར་སྔ་དྲོ་དང་ཕྱི་དྲོ་གཉིས་ཀའི་གྲོ་མ་ཡོད་ཚད་ཁུག་མའི་ནང་དུ་བསགས་པས། དགོང་མོ་ཕྱིར་ཡོང་ཁར་དྲེད་མོས་རི་བོང་གིས་རང་ཉིད་ལ་མགོ་སྐོར་བཏང་བ་རྟོགས་ཏེ་རང་གི་ཁ་ཟས་སུ་བྱས་པ་རེད།
དེ་ནས་དྲེད་མོ་ཕྱིར་རང་ཁྱིམ་དུ་ལོག་པའི་དུས་སུ་རི་ཕྲུག་གིས “ཨ་མ་དྲེད་མོ། ངའི་ཨ་མ་ཡོང་གིན་ཡོད་དམ” ཞེས་དྲིས་པ་ན། དྲེད་མོས “ཁྱེད་ཀྱི་ཨ་མ་གྲོ་རྐོ་བར་མའི་གྲས་སུ་ཡོང་བཞིན་འདུག” ཅེས་ལན་བཏབ། གྲོ་རྐོ་བར་མ་ཐོན་དུས་ཁོས་རང་གི་མ་དེར་མེད་པ་ཤེས་ཏེ། ཡང་དྲེད་མོ་ལ “ངའི་ཨ་མ་གང་དུ་སོང་ངམ” ཞེས་དྲིས། “ཁྱེད་ཀྱི་ཨ་མ་གྲོ་རྐོ་རྗེས་མའི་གྲས་སུ་ཡོང་བཞིན་འདུག” ཅེས་ལན་བཏབ། དེ་ནས་གྲོ་རྐོ་རྗེས་མ་ཐོན་ཀྱང་རང་གི་མ་དེའི་གྲས་སུ་མེད་པ་མཐོང་བས། རི་ཕྲུག་གིས་ཀྱང་རང་གི་ཨ་མ་དྲེད་མོས་ཁ་ཟས་སུ་གྱུར་བ་རྟོགས་པ་རེད།
དེའི་ཕྱི་ཉིན་ཡང་དྲེད་མོ་གྲོ་མ་རྐོ་རུ་ཕྱིན་པ་དང་ཤུལ་ནས་རི་ཕྲུག་གིས “དྲེད་ཕྲུག་རྒྱ་རུ། སྒོ་ཕྱིར་ཤོག་དང་མཉམ་དུ་རྩེད” ཅེས་དྲེད་ཕྲུག་བོས་པ་ན། “ཨ་མས་ང་སྒོར་རྩེ་རུ་འགྲོ་མི་རུང་ཞེས་བཤད་ཡོད་པས་ངས་ཁར་ལེན་དགོས” ཞེས་ལན་བཏབ། ཡང་རི་ཕྲུག་གིས“ཨ་མས་ཅི་ཡང་བཤད་ངེས། ང་ལ་ཡང་དེ་ལྟར་བཤད་བྱུང་། འོན་ཀྱང་ཨ་མའི་ཁ་དང་འཕྱར་བའི་ཁ་ཟེར་བའི་དཔེ་ལྟར་ཨ་མའི་ཁར་ཅི་ཉན” ཞེས་མགོ་སྐོར་ནས་སྒོ་ཕྱིར་ཁྲིད་དེ་བསད་པ་རེད། ཉིན་དེའི་དགོང་མོ་དྲེད་མོ་ཕྱིར་ཐོན་དུས་དྲེད་ཕྲུག་བསད་ཡོད་པ་མཐོང་བ་དང་རི་ཕྲུག་གིས་བསད་པ་རྟོགས་པས། དྲེད་མོས་རྗེས་སུ་བདའ་ནས་ཐོན་བྱུང་བ་དང་རི་ཕྲུག་ཡང་གང་མྱུར་སྒོས་བྲོས་བ་ན།
ལམ་བར་ནས་ལུག་རྗི་ཞིག་ལ་འཕྲད་པ་དང་ཁོས “ལུག་རྗི། ལུག་རྗི། ཕ་ཞིག་ཡོད་པ་གླག་གིས་འཁུར་ཐལ། ། མ་ཞིག་ཡོད་པ་དྲེད་མོས་བསད་ཐལ། ། དྲེད་ཕྲུག་རྒྱ་རུ་ངས་བསད་པས། ། ཨ་མ་དྲེད་མོ་ཐོན་གིན་འདུག། གཞའ་ས་ཡོད་ན་གཞའ་རན་ཡིན། ། སྐུང་ས་ཡོད་ན་སྐུང་རན་ཡིན། ། ཨ་མ་དྲེད་མོ་ཐོན་གིན་འདུག” ཅེས་བཤད་པ་ན། ལུག་རྗིས “དེས་ན་ལུག་མཐར་སྐོར་བ་ཞིག་བྱེད་རྗེས་བལ་འོག་ཏུ་འཛུལ་ཅིག” ཅེས་ལན་བཏབ་པ་ཇི་བཞིན་བསྒྲུབས་ཏེ་བལ་འོག་ཏུ་འཛུལ་བ་རེད། དེ་ནས་དྲེད་མོ་ལུག་རྗིའི་སར་ཐོན་ནས“རི་བོང་ཞིག་མ་མཐོང་ངམ” ཞེས་དྲིས་བ་ན། “མ་མཐོང” ཞེས་ལན་བཏབ། “བཤད་ན་ཤོད། མི་བཤད་ན་བཟའ་རྒྱུ་ཡིན” ཞེས་དྲེད་མོས་འཇིགས་སྐུལ་བ་ན། ལུག་རྗིས “འོ་ན། བལ་འོག་ལ་ལྟོས་ཤིག”ཅེས་བཤད། དྲེད་མོས་བལ་འོག་ལ་བལྟ་བར་རྩོམ་པའི་ཚེ། རི་བོང་བལ་འོག་ནས་བྲོས་སོང་བ་རེད།
ཕར་སོང་སོང་བ་ན་ཡང་གནག་རྗི་ཞིག་ལ་འཕྲད་པ་དང་རི་བོང་གིས་ལུག་རྫིར་བཤད་པ་ཇི་བཞིན་ཞུས་པ་ན། གནག་རྗི་དེས “ཕྱུགས་མཐར་ཅིག་སྐོར་རྗེས། ཕྱུགས་ཀྱི་རྔ་མའི་ནང་དུ་འཛུལ་ཅིག” ཅེས་བཤད་པ་ལྟར་རི་བོང་གཡག་ཅིག་གི་རྔ་མའི་ནང་དུ་འཛུལ་ཏེ་ཡིབས་ནས་བསྡད། ཡང་དྲེད་མོ་དེར་ཐོན་ནས་གོང་ལྟར་དྲིས་པ་ན། གནག་རྗི་སྐྲག་ཐག་ཆོད་ནས “འོ་ན་ཕྱུགས་ཀྱི་རྔ་མའི་ནང་དུ་ལྟོས་ཤིག” ཅེས་བཤད་པ་ན། རི་བོང་ཡང་རྔ་མའི་ནང་ནས་ཕྱིར་བྲོས་ཏེ་སོང་བ་རེད། དེ་ནས་ཕར་བྲོས་ནས་སོང་སོང་བ་ན།
རྟ་རྫི་ཞིག་ལ་འཕྲད་པ་དང་ཡང་རི་བོང་གིས་གོང་ལྟར་ཞུས་ཏེ་རྟ་ཡི་རྔོག་མའི་ནང་དུ་ཡིབས་ནས་བསྡད་པ་ན། དྲེད་མོ་ཐོན་ནས་གོང་ལྟར་འཇིགས་སྐུལ་ཏེ་དྲིས་པ་ན། རྟ་རྫིས་ཀྱང་དྲང་མོར་བཤད་པས་རི་བོང་རྔོག་མ་ལས་ཕྱིར་བྲོས་པ་རེད།
དེ་ནས་ཕར་བྲོས་བ་ན་འབྲོང་ཞིག་འཕྲད་པ་དང་ཡང་དེ་ལྟར་ཞུ་བ་བྱས་པས། འབྲོང་གིས “ཁྱེད་ཀྱིས་ངའི་ཁ་སྣ་སོགས་ལ་བསྟོད་པ་བྱས་རྗེས་ངའི་སྣ་ཁུང་ནང་འཛུལ་ཅིག” ཅེས་བཤད། དེ་བས་རི་བོང་གིས “ཨ་ཁུ་འབྲོང་གི་ཁ་འདི་གསེར་ཁ་ཡིན། ། ཨ་ཁུ་འབྲོང་གི་སྣ་འདི་གསེར་སྣ་ཡིན། །ཨ་ཁུ་འབྲོང་གི་མིག་འདི་གསེར་མིག་ཡིན” ཅེས་བསྟོད་པ་བྱས་པ་ན། འབྲོང་ཡིད་ཚིམས་ནས་རི་བོང་རང་གི་སྣ་ཁུང་དུ་འཛུལ་ཏུ་བཅུག་པ་རེད། དེ་ནས་དྲེད་མོ་ས་དེར་ཐོན་ཏེ་གོང་ལྟར་འཇིགས་སྐུལ་ཅིང་དྲིས་པ་ན། འབྲོང་ཁྲོས་ཏེ “ཁྱོད་ཀྱིས་བཟའ་བསམ་ན་ཤོག” ཅེས་ཟེར་ཏེ། དྲེད་མོ་ཚུར་ཐོན་དུས་འབྲོང་གིས་བརྡུངས་ནས་བསད་པ་རེད། འབྲོང་གིས་དྲེད་མོ་བསད་རྗེས་རི་བོང་ལ་ “ཁྱོད་ཀྱིས་ངས་ཁ་སྣ་ལ་བསྟོད་པ་ཞིག་བྱས་རྗེས་མར་ཤོག་ཅིག” ཅེས་ཟེར་བ་ན། རི་བོང་གིས “ཨ་ཁུ་འབྲོང་གི་སྣ་འདི་ལྕགས་སྣ་ཡིན། །ཨ་ཁུ་འབྲོང་གི་མིག་འདི་ལྕགས་མིག་ཡིན། །ཨ་ཁུ་འབྲོང་གི་ཁ་འདི་ལྕགས་ཁ་ཡིན” ཞེས་ཟེར་བ་ན། འབྲོང་ཁོང་ཁྲོང་སྐྱེས་ཏེ་སྣ་ཕུ་བརྒྱབ་ཀྱང་རི་བོང་ཕྱིར་མ་ཐོན་པ་རེད། དེ་ནས་རི་བོང་གིས “ང་ཕྱིར་ཡོང་དགོས་ན་ཕར་ཁའི་འཕྱི་ཁུང་ཁར་གཏད་ནས་སྣ་ཕུ་རྒྱོབས་དང་ང་ཕྱིར་ཡོང་ངེས” ཞེས་བཤད་པ་ལྟར་བསྒྲུབ་པ་ན། རི་བོང་འབྲོང་གི་སྣ་ནས་ཕྱིར་ཐོན་པ་དང་འཕྱི་ཁུང་ནང་དུ་བྲོས་སོང་བས། འབྲོང་གིས་ཞེ་སྡང་དང་བཅས་བརྡུངས་པས་རང་གི་སྐེད་ཚུགས་བསློགས་ནས་ཤི་བ་རེད།
ཡོང་ཁུངས་དྲ་ཚིགས་གཞན།