ཆོས་སྐྱོང་རྒྱལ། ༼མཚོ་ལྷོ།༽

       རིག་པ་སློབ་པའི་བློ་གསར་རྣམས་ལ་མཚོན་ན། དགེ་བའི་བཤེས་གཉེན་ཞིག་ལ་མཇལ་བ་ལས་གཞན། བསླབ་དེབ་ལེགས་པོ་ཞིག་ལ་ཐུག་རྒྱུ་ནི་ཅི་བས་ཀྱང་གལ་ཆེ་ཞིང་། བསླབ་དེབ་མ་ལེགས་ཚེ་དགེ་རྒན་བཟང་ཡང་ཕན་དཀའ་སྟེ། རྡོ་བརྡར་བའི་གཏམ་དང་། སྦུན་པ་འཕྱར་བའི་དཔེ་བཞིན་སྡུག་རུས་ཅི་ཙམ་བསྐྱེད་ཀྱང་དོན་སྙིང་ཆེན་པོ་མེད།  དེང་གི་སུམ་རྟགས་མི་ཤེས་པའི་སློབ་ཆེན་ཚོ་དང་། བྱ་ཚིག་མིང་ཚིག་གི་སྒྲ་དོན་མ་ནོར་བའི་ཡི་གེ་ཤོག་ལྷེ་གང་ཡང་འབྲི་དཀའ་བའི་ཤེས་ཡོན་པ་ཡིན་ལོ་ཟེར་བ་མང་བོ་བྱུང་བ་འདི་དག་ནི་དེའི་དཔེ་མཚོན་གསོན་པོ་ཞིག་ཅི་ལ་མིན།

     ད་རེས་སྐབས་སུ་བབས་པ་ལོ་འགའི་སྔོན་ལ༼མཚོ་ལྷོ་ཁུལ་གྱི་འགན་བབས་སློབ་གསོའི་བོད་ཡིག་ཚོད་ལྟའི་སློབ་དེབ༽ཅེས་པའི་བྱིས་སྐྱོང་ཁང་ནས་མཐོ་འབྲིང་མཐར་ཕྱིན་བར་གྱི་བོད་ཡིག་བསླབ་དེབ་བསྐྲུན་པ་དེ་ནི་བོད་ཀྱི་ལོ་སྟོང་ཕྲག་རིང་གི་སློབ་གསོའི་ཉམས་མྱོང་བསྡུས་ཡོད་པ་དང་། དགེ་བཤེས་དང་མཁས་པ་མང་བོའི་རྣམ་དཔྱོད་དང་བརྩོན་པ་ལས་བྱུང་བ་ཡིན་པས་གཟུར་གནས་བློ་ལྡན་ཀུན་གྱིས་བསྔགས་བརྗོད་དང་ཡི་རང་གནང་བ་ཡང་ཡང་མཐོང་ཞིང་ཐོས་ལ། དེ་ལ་ཡང་ལོ་རེའི་ཉམས་མྱོང་ལས་ལེགས་བཅོས་རྒྱུན་ཆགས་བྱ་དགོས་པའི་འཆར་དོན་དེ་དང་། ཁུལ་དང་ཞིང་ཆེན་གཞན་ནས་ཀྱང་བསླབ་དེབ་འདི་སློབ་རྟེན་ཐུབ་པའི་རེ་འདུན་ཡོད་པ་དངོས་སུ་རིག་དུས།  མཚོ་ལྷོའི་སློབ་གསོ་ལ་རེ་བ་ཟད་མེད་ཅིག་སྐྱེས་ཤིང་། སྙིང་ལ་དགའ་བ་དང་སྤོབས་པ་འགྲན་བཞིན་འཕེལ་ཞིང་འོང་།

       ཕྲན་ཡང་བསླབ་དེབ་འདི་དག་ལ་རྒྱུ་མཚན་ལྡན་པའི་དགའ་དུངས་ཡོད་ཕྱིར། རང་གིས་མཐོང་བའི་ཡོན་ཏན་ཅུང་ཟད་བརྗོད་ན།


1.སློབ་མའི་བློ་དང་འཚམ་པའི་ཡོན་ཏན།

2.གཞུང་ལུགས་ཁ་ཚང་བའི་ཡོན་ཏན།
3.གོ་རིམ་མ་ནོར་བའི་ཡོན་ཏན།
4. འགྱུར་རྩོམ་ཉུང་ལ་ལེགས་པའི་ཡོན་ཏན།
5.མི་རིགས་དང་རྒྱལ་ཁབ་མིག་ལ་བཟུང་བའི་ཡོན་ཏན།(གཙོ་བོ་ལོ་རྒྱུས།)
6.བོད་རིག་པར་རྨང་གཞི་ལེགས་པོ་ཞོག་པའི་ཡོན་ཏན།(བོད་ཡིག་བསླབ་དེབ་ཅིག་ཡིན་ན་ངེས་པར་བོད་རིག་པ་སྙིང་བོར་འཛིན་དགོས།)
7.སློབ་མར་སྤྲོ་བརྩོན་སྐྱེད་པའི་ཡོན་ཏན་སོགས་ལྡན་པར་འདོད་ལ་སྐྱོན་རྩ་བ་ནས་མེད་པ་མི་སྲིད་ལ། ཡོན་ཏན་འདི་ལས་ལྷག་པ་ཞིག་ཡོད་ཀྱང་སྲིད་དོ། །

      དེ་ཡང་སྤྱི་ལོ2015ལོའི་ལོ་མཇུག་ཅིག་ལ། རྣ་ལ་གནོད་པའི་གཏམ་ངན་ཞིག་གང་སར་ཁྱབ་ནས་འགྲོ་བ་ཐོས་ཤིང་། ཐོས་ནས་ཀྱང་སེམས་ལ་ཆུ་འཁྱག་བླུགས་པ་ལྟ་བུས་ཡུན་རིང་མནར། དེ་ནི་མཚོ་ལྷོའི་བསླབ་དེབ་རྣམས་ད་ནས་སྦྱོང་བཀོལ་མཚམས་འཇོག་རྒྱུ་དང་། སྔར་བཞིན་ལྗོངས་ཞིང་ལྔའི(ལྔས)མཉམ་སྒྲིག(བསྒྲིགས)སློབ(བསླབ)དེབ། ༼ཁ་བྱང་ཐུང་ཐུང་འདི་ཙམ་ལའང་ཡིག་ནོར་མང་བར་ལྟོས་དང་། ཟླ་ཁྱིམ()འདིའི་ནང་བཞག་པ་དག་ངས་བཅོས་པ་ཡིན།༽ ཅེས་པ་ཡང་བསྐྱར་དགོལ་རྒྱུའི་གནས་ཚུལ་ཡིན།

      དེ་སྐབས་སློབ་གྲྭ་སོ་སོ་དགུན་གནང་བཏང་ཞིང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་བོས་སློབ་གྲྭ་དང་ཁྱིམ་བདག་གི་འབྲེལ་འདྲིས་བྱེད་པའི་ཚོགས་འདུ་ཞིག་ཧོལ་ཁར་འཚོགས། དེ་རུ་ཕྲན་གྱིས་མཚོ་ལྷོའི་བསླབ་དེབ་སྦྱོང་བཀོལ་གྱི་མཚམས་བཞག་པ་མི་འོས་པའི་གོང་གི་བསམ་ཚུལ་རྣམས་བཤད་པ་ཡིན་ལ། བཅོས་བསྒྱུར་གང་ཡང་བྱས་མེད་ཚེ་སྔོན་གྱི་ལྗོངས་ཞིང་ལྔས་མཉམ་བསྒྲིགས་བསླབ་གཞི་དེར་སྐྱོན་ཆ་འདི་སྙེད་ཅིག་འདུག་ཅེས་བསམ་ཚུལ་དྲང་བརྗོད་འདི་ལྟར་བྱས་པ་ཡིན།


1.གཞུང་ལུགས་གཏོར་བའི་སྐྱོན།
2.གོ་རིམ་དཀྲུགས་པའི་སྐྱོན།
3.འགྱུར་རྩོམ་མང་ཞིང་འགྱུར་མི་ལེགས་པའི་སྐྱོན།
4. ཐ་སྙད་གཅིག་གྱུར་མིན་པའི་སྐྱོན།
5.མི་རིགས་དང་རྒྱལ་ཁབ་དོར་བའི་སྐྱོན།(གཙོ་བོ་ལོ་རྒྱུས།)
6.བོད་རིག་པར་རྨང་གཞི་ཙམ་ཡང་དཀའ་བའི་སྐྱོན།
7.བསྐྱར་ཟློས་ཆེ་བའི་སྐྱོན།(གཙོ་བོ་སློབ་ཚན་གཅིག་རྒྱ་བོད་གཉིས་ཀའི་དེབ་ཏུ་བྱུང་བ།)
8.སློབ་མར་སྐྱོ་ཞུམ་སྐྱེད་པའི་སྐྱོན་སོགས་ཡོད་པར་འདོད་ཅེས་བརྗོད་པ་ཡིན་ལ། ལོ་རྒྱུས་ལ་བསམ་ན། རིག་གནས་གསར་བརྗེ་ཆེན་མོའི་རླུང་ནག་ཡལ་རྗེས་བོད་ཀྱི་རིག་གཞུང་ལ་གཏོར་བརླགས་བློ་ཡུལ་ལས་འདས་པ་བྱུང་། འོན་ཀྱང་། ཏང་དང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ལམ་སྟོན་དང་།  མཁས་གྲུབ་ཀྱི་སྐྱེས་ཆེན་མང་བོས་བློ་རྩེ་གཅིག་གིས་ཆོས་རིག་བསྐྱར་གསོ་ལ་འབད་ཅིང་། ཨ་ཁུ་དམུ་དགེ་ཚང་དང་། མཁས་དབང་ཚེ་ཏན་ཞབས་དྲུང་། ཨ་ཁུ་བཤད་སྒྲུབ་ཚང་། ཉན་ཤལ་མཁྱེན་རབ་འོད་ཟེར།   དགེ་རྒན་ཆེན་མོ་བདེ་མཆོག ཨ་ལགས་དོར་ཞི།.དཔའ་རིས་སངས་རྒྱས།  བསེ་ཚང་སོགས་ཀྱིས་མཚོན་པའི་དོན་གྱིས་མཁས་པ་མང་བོ་བོད་སྤྱི་ཚོགས་སུ་རྒྱུན་རིང་བཞུགས། བསླབ་དེབ་རང་རང་གིས་མཛད་དེ་ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་མང་བོ་བསྐྱངས་ནས་ད་ལྟའི་ལོ་བཞི་བཅུ་ཡས་མས་ཀྱི་ཡོན་ཏན་པ་འདི་དག་བྱུང་བར་འའདོད་ཅེས་བཤད་པ་ཡིན། དེ་ནི་ང་ཁོ་ནའི་བསམ་ཚུལ་ཙམ་མ་ཡིན་པར་དེར་ཡོད་ཁྱིམ་བདག་དང་སློབ་མ་ལྔ་བརྒྱ་ལྷག་གི་ཞེ་འདོད་ཡང་ཡིན།

       དེ་ལ་སློབ་གྲྭའི་འཐུས་ཚབ་པས་གནད་དོན་བརྗོད་པ་བཟང་རབས་དང་། ཡར་སློབ་གྲྭ་དང་། འབྲེལ་ཡོད་སྡེ་ཁག་ལ་དམངས་ཀྱི་བསམ་ཚུལ་ཇི་བཞིན་ཞུ་ངེས་ཞེས་ཁས་ལེན་གནང་སོང་།

      ཡིན་ནའང་། 2016ལོའི་ལོ་སྟོད་སློབ་མགོ་བརྩམས་པ་དང་། བསླབ་དེབ་དག་གཞི་ནས་སྔོན་གྱི་དེར་བརྗེས་འདུག་པ་མཐོང་ཞིང་། དེ་ཡང་གསར་བ་ཞིག་མ་ཡིན་པར་སྔོན་གྱི་ཤད་ཚེག་འཇོག་ཚུལ་ཀྱང་ནོར་བ་དེ་རང་རེད། འདིར་བློ་ཕམ་ཆེན་པོས་བརྗོད་འདོད་པ་ནི།  མཚོ་ལྷོའི་བསླབ་དེབ་རྣམས་ཚོད་ལྟའི་ཚུལ་དུ་བཀོལ་པའི་ལོ་འདི་དག་ལ། དགེ་རྒན་མང་བོ་ཞིག་གིས་རང་གིས་འདི་དག་ཁྲིད་དཀའ་བའི་གནས་ཚུལ་དངོས་གསང་ནས། ནམ་རྒྱུན་སློབ་མའི་ཚད་གཞི་དང་མི་འཐུན། མི་འཚམ་ཞེས་པ་པུར་མང་དུ་བཤད་པ་དེས་ཀྱང་བསླབ་གཞི་འདི་དག་སྦྱོང་བཀོལ་མཚམས་འཇོག་པའི་རྒྱུ་རྐྱེན་བྱས་ཡོད་ངེས་སྙམ་ལ། དེ་དག་གིས་ལོ་རྒྱུས་ཀྱི་འགན་ཡང་འཁུར་དགོས་པར་འདོད་དོ། །ཡིན་ནའང་། དགེ་རྒན་ཆེས་མང་བོ་ཞིག་གིས་བསླབ་དེབ་འདིར་ལེགས་ཆ་མང་ལ་སློབ་མར་འཚམ་ཚུལ་གྱི་སྐད་ཆ་བདེན་ལུགས་ཅན་མང་དུ་བཤད་པ་རྣམས་ཅིས་ཀྱང་བརྗེད་མི་འོས།  དེ་བས་ཆེད་དུ་ཡི་གེ་འདི་བྲིས་ནས་མཚོ་ལྷོའི་བསླབ་དེབ་རྣམས་སླར་ཡང་དགོལ་བའི་རེ་སྐུལ་སྙིང་ནས་ཞུ་བ་ཡིན་ལ། གསར་སྐྱེས་མེ་ཏོག་འདྲ་བའི་སློབ་མ་འདི་ཚོ་ཅིས་ཀྱང་བསམ་བློ་གཏོང་རོགས་ཞུ་ཞིང་། འདི་ལ་འབྲེལ་ཡོད་སྡེ་ཁག་གི་མི་སྣ་དང་། ཁྱིམ་བདག. དགེ་རྒན། སློབ་མ། མདོར་ན་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་དང་། འོས་འགན་ལེན་པའི་ཞེ་རེ་དང་། རང་གིས་སྐད་ཆ་འདིའི་འབྲས་བུ་གང་འབྱུང་ལ་འགན་འཁུར་བའི་བསམ་པ་དང་བཅས་བྲིས་པ་ཡིན།

༢༠༡༦ ། ༤ ། ༡༧ ཉིན་བྲིས།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading