བོང་རྫི་དང་འབྲེལ་བའི་སྐད་ཆ་ཁ་ཚ་མ།

____ཐེའུ་རང་།

       དྲྭ་ལམ་དུ་ངག་ཐོག་ཡིག་ཐོག་གང་རུང་ན་བོང་རྫི་ཟེར་བ་འདི་གླེང་མཁན་མང་པོ་འདུག མང་ཕྱོགས་ཀྱིས་བོང་རྫི་ལ་སྡིགས་ཀི་འདུག ཁག་མི་འདུག་སྟེ། བོང་རྫི་ནི་རྒྱུ་མཚན་དང་གནས་ལུགས་ཏིལ་ཙམ་མི་བརྩི་མི་སྲུང་བར་མི་གཞན་ལ་སྡིགས་མཁན་འབའ་ཞིག་རེད། བལྟས་ཚོད་དུ། ཁ་ནང་ལ་འཁོར་ནས་སྡིགས་པ་དང་གླེང་ལོག་པ། བསམ་བཞིན་དུ་དཀྲུགས་པ་ནི་ཁོས་ཆེད་ལས་སམ། ཡང་ན་སུ་ཞིག་གིས་ཁོ་ལ་བསྐོས་པའི་ཆེད་ལས་ཡིན་པ་འདྲ། རང་གི་ཆེད་ལས་ཀྱི་ཆེད་དུ་འབད་པ་ལོས་བྱེད། མ་བྱས་ན་ཆད་པ་གཅོད་མཁན་འདྲའང་ཡོད་ན་ཐང་།

        སྔོན་ཆད་ཟིན་བྲིས་སོགས་སུ་བོང་རྫི་ཟེར་བ་གོ་མྱོང་། རྗེས་སུ་དུས་དེབ་ཅིག་ལས་ཁོས་བྲིས་རྩོམ་ཞིག་མཐོང་མྱོང་། དེེར་དོན་གྲུབ་རྒྱལ་དང་ཞོགས་དུང་སོགས་ནི ”རིག་གསར” གྱི་སྣ་འདྲེན་ཡིན་རབས་བྲིས་འདུག དེ་དག་གི་རྩོམ་ཡིག་ནང་ཡོད་པའི་མིང་བརྡ་ཐ་སྙད་སྐོར་ཅིག་ཀྱང་དམིགས་སུ་བཀར་ནས ”རིག་གསར” གྱི ”ཐོན་དངོས” ཡིན་ཞེས་ལབ་འདུག ད་ལྟ་མིང་བརྡ་དེ་དག་རེ་རེ་བཞིན་མི་དྲན་མོད། “གཞོན་ནུ” འདིའང” རིག་གསར” གྱི་ཐོན་དངོས་རེད་ཟེར་འདུག དེས ”རིག་གསར”གྱི་སྣ་འདྲེན་ལ་རང་གྲོལ་དང་ཞོགས་དུང་ལས་གཞན། ད་རུང་དམ་པ་གོང་མ་སྟེ། དང་ཀྱི་བདག་པོ་ཁོང་རྣམ་པའང་ཡོད་པ་བསྟན་འདུག་པ་མིན་ནམ། དེས་ན་སྣ་འདྲེན་ནང་གི་གཙོ་འདྲེན་རང་གྲོལ་མ་རེད་ལ་ཞོགས་དུང་ཀྱང་མ་རེད་ཨང་།

       དྲྭ་ཐོག་ན་བོང་རྫིའི་སྐད་འཕྲིན་གྱི་ཞབས་མཆན་དུ་སྐད་ཆ་སྤེལ་མཁན་མང་པོ་འདུག་ནའང་། དེ་རིང་བར་དུ་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་མྱོང་། སྙིང་རྟགས་རེ་བྱིན་པ་ཡིན། འོན་ཀྱང་། དེ་ནི་ངས་ཁྱོད་ཀྱིས་སྤེལ་བ་དེར་བལྟས་ཡོད་ཟེར་བ་ཙམ་ལས། ཁྱོད་ཀྱིས་སྤེལ་བ་དག་མཆོག་དང་རབ་དང་རྩེ་རེད་ཅེས་པའི་དོན་མ་ཡིན། དེའང་ཧ་གོ་ན་རེད། ཤིན་ཏུ་ཆེ་འདོད་གྲགས་འདོད་མཁན་དང་། བློ་མཁྲེགས་པོ། ཕྱོགས་རེས་ཀྱིས་ཀུན་ནས་བརླམས་ཡོད་པ་ཁར་ཁེར་གྱིས་གཞན་གྱིས་སྙིང་རྟགས་ཙམ་སྟེར་བའང་ངོམ་སོ་བྱེད་པའི་རྒྱུ་རུ་ཁྱེར་ལ། གཞན་ལ་སྙིང་རྟགས་ཙམ་བྱིན་པའང་རང་གི་ངོ་སོ་དང་ལ་རྒྱ་བོར་བའི་རྟགས་སུ་བསམ་གྱིན་འདུག དེའང་གཙོ་བོ་མ་རེད། གཙོ་བོ་ནི་མྱི་ལ་ལ་ཞིག་ནང་དཀྲུགས་རྒྱུར་ཧ་ཅང་དགའ་བའི་བློ་བཙོག་པ། བསམ་པ་ངན་པ་དེ་འདྲ་བ་ཞིག་ཅི་ལྟར་ཅིའི་ཕྱིར་སྐྱེས་པ་རེད། དམར་པོ་ནི་དེ་འདྲ་བ་ཞིག་མ་ཡིན་ནམ།

        སྤྱིར་བོང་རྫིའི་སྐོར་ལ་སྐད་ཆ་ཅི་ཡང་བཤད་རྩིས་མེད་ལ། བཤད་ཀྱང་མི་ཐུལ་བ་ཤེས་ཡོད་དེ། མཁས་པ་བརྒྱ་ལ་འགྲན་པ་ལས་བླུན་པོ་གཅིག་ལ་སྐྲག་དགོས་པའི་གནས་ལུགས་ནི། གནས་ལུགས་བདེན་པ་མི་བརྩི་བའི་གནས་ལུགས་དེ་ཁོ་ནས་འཐུས་པས། དྲང་མོར་བཤད་ན། ང་རང་བོང་རྫི་དང་བོང་རྫི་དག་ལ་སྐྲག འོན་ཀྱང་། ཤིན་ཏུ་ཐལ་དྲགས་པའི་སྐད་ཆ་བྱུང་རྒྱལ་གྱིས་སྨྲས་འོང་ན། ཅི་ཞིག་བཤད་དགོས་འདོད་པའི་བསམ་པའང་སྐྱེ། དེ་ལྟ་ནའང་། བོང་རྫི་ལ་གནས་ལུགས་མི་འགྲོ་བ་ཤེས་ཡོད། དེ་བས་གོ་རྒྱུ་ཅན་གྱི་གཏམ་ཟུར་ནས་བཤད་པ་ཡིན་ཏེ། བོང་རྫིས། ”ལོ་རྒྱུས་རྫུན་མ་རེད། ཁྲམ་པ་རེད།” ཟེར་བའི་ལན་དུ། “དམར་ཕྱོགས་པས་ཀྱང་དེ་ནི་ལོ་རྒྱུས་རྫུན་མ་རེད། དེ་ནི་ཏྭ་ལའི་བླ་མས་ངན་སྐུལ་གྱིས་མགོ་རྨོངས་ཏེ་ས་བྱི་ལོའི་དངོས་བྱུང་གནས་ཚུལ་གླེང་ལོག་པའི་དཔེ་ཆ ”ནག་པོ” ཞིག་རེད་ཟེར་ཀྱིན་འདུག འོན་ཀྱང་ངས་ཡིད་ཆེས་བྱེད་མ་མྱོང་། ད་ནི་རང་མི་ཤེས་ཡོན་པ་སྐུ་ཉིད་ཀྱིས་ཀྱང་དེ་ལྟར་ལབ་འོང་ན། ངས་ཀྱང་འདི་ནི་ལོ་རྒྱུས་རྫུན་མ་མིན་ནམ་སྙམ་ནས་དོགས་པ་སྐྱེ་འོང་། འོན་ཀྱང་། དོགས་པ་ནི་དོགས་པ་རང་སྟེ། ངས་ནི་སྐུ་ཉིད་ཀྱི་ཟེར་སྒྲོས་ལ་ཡིད་ཆེས་པ་ཙམ་ལས་གཞན་ཅི་ཡང་ཧ་གོ་ཡི་མེད་པས། སྐུ་ཉིད་ནསལོ་རྒྱུས་རྫུན་མ་ཡིན་པའི་རྫུན་རྐུབ་བརྟོལ་ནས ”ཁྲམ་པ” འདི་རིགས་ངོ་ཚར་བསྟན་པའི་རེ་བ་ཆེ།” ཞེས་ལབ་པ་ཡིན། ཡང་བོང་རྫིས། ”མི་འདི་ཚོ་ལ་ངོ་ཚ་མེད་ཀིན་ཡ། གྲྭ་བར་སྡིག། བླ་མར་རྒོལ། ཞིང་འབྲོག་མེད་པར་འཕྱ་སྨོད་དང་མཐོང་ཆུང་བྱས། དེ་ནས་དེ་ཐམས་ཅད་ཀྱི་བྱས་རྗེས་ཁོ་ཡིན་ཟེར་ན་ཁྲམ་རྟགས་མིན་ན་ཅི་རེད། ” ཅེས་པའི་ལན་དུ། “ངས་གོ་ཚོད་ལ་ཞོོགས་དུང་ལགས་ཀྱིས་དུ། གྲྭ་བར་སྡིག། བླ་མར་རྒོལ། ཞིང་འབྲོག་མེད་པར་འཕྱ་སྨོད་དང་མཐོང་ཆུང་བྱས་པ་ཞིག་མ་ཡིན་པར། ས་བྱི་ལོར་གྲྭ་བས་རྒོལ་ཚུལ། བླ་མས་རྒོལ་ཚུལ། ཞིང་འབྲོག་མང་ཚོགས་ཀྱིས་རྒོལ་ཚུལ་ཕྱི་གསལ་ནང་གསལ་གྱིས་བྲིས་པ་ཞིག་ཡིན་རབས་ཡོད་མོད། སྐུ་ཉིད་ནས་དེ་ནི་གྲྭ་བར་སྡིགས་བླ་མར་རྒོལ། ཞིང་འབྲོག་མེད་པར་འཕྱ་སྨོད་དང་མཐོང་ཆུང་བྱས། དེ་ནས་དེ་ཐམས་ཅད་ཀྱི་བྱས་རྗེས་ཁོ་ཡིན་ཟེར་བ་ཞིག་ཏུ་གོ་བ་ཟབ་ས་ནས་ལོན་པ་འདི་ཤིན་ཏུ་ལེགས་པས་ངོ་སོ་བསྟོད། ངོ་ཚ་མེད་པ་འདི་རིགས་སྐུ་ཉིད་ཀྱི་ཤེས་རབ་ཟབ་མོས་ཕམ་པར་རྒྱགས་རོགས།” ཅེས་ལབ་པ་ཡིན། འོན་ཀྱང་། ཚིག་དོན་གྱི་གནད་མ་ཟིན་པར་ཚིག་ངོ་ཁོ་ནར་བསྐྱབས་བཅོལ་མཁན་རེ་གཉིས་ཀྱིས་ཧ་མ་གོ་བར། ང་རང་བོང་རྫིའི་རྗེས་འཇུག་པ་དང་། རང་ཚུགས་མེད་པ་ལ་ཁའི་དར་ལྕོག་འདྲ་བ་རེད་ཅེས་འུར་གི་འདུག

          དེ་བས། དོན་གྱི་གནད་མ་ཟིན་པར་འུར་མཁན་དག་ལ་གསལ་བཤད་འདི་དམིགས་ནས་འབྲི་བའི་དགོས་པ་བྱུང་། བོང་རྫི་ལགས་ཀྱིས་ད་ལྟའི་བར་དམ་པ་རང་གྲོལ་དང་སྐུ་ཞབས་ཞོགས་དུང་སྐོར་ནས་སྐད་ཆ་འདྲ་མིན་སྣ་ཚོགས་ཐལ་སྐྱ་འཕོ་འཕོ་བྱས་མྱོང་ནའང་། དེར་ངས་སྣང་དོགས་འདྲ་མ་བྱས། ངའི་བསམ་པར་བོང་རྫི་ལགས་ཀྱིས་ཅི་ཞིག་བཤད་ནའང་། བསམ་པ་ནང་ལ་གནས་པ། ནང་གི་རིགས་ལ་ཕྱོགས་པ་ཞིག་ལོས་ཡིན་བསམ་ཡོད། རྒྱུ་མཚན། ཁོ་ནི་དམར་ཕྱོགས་པ་ཟེར་ན་སྙིང་ལངས། རླུང་ལངས། སྐྱུགས་ལོག་མཁན་ཞིག་རེད་དེ། ཐ་ན་དམར་དྲི་བྲོ་བའི་མིང་བརྡ་ཐ་སྙད་ཅིག་ལའང་གུ་ཡངས་མི་གཏོང་མཁན་ཞིག་རེད། དེ་བས། ངའི་བསམ་པའི་ནང་བོང་རྫི་ནི་བསམ་བཞིན་དུ་གནས་ལུགས་མི་བརྩི་མཁན། རང་ཤེད་ཆེ་བ། ཞེ་གྱོང་བ་ཞིག་ཡིན་ནའང་། རིགས་ཀྱི་ལ་རྒྱ་བྲང་ཁོག་ན་ལྷོག་ལྷོག་གདུ་བཞིན་ཡོད་སའི་རྒན་པོ་སེམས་དཀར་ཞིག་རེད་བསམ་ཡོད། ད་ལྟའི་བར་ཁོས་ཞོགས་དུང་ལ་འདྲ་མི་འདྲ་ཅི་ཞིག་བཤད་ནའང་། སྐོར་ནས་སྐད་ཆ་བཤད་པ་མ་རིག་མ་གོ་ལ། བཤད་ཀྱང་མི་སྲིད་བསམ་ཡོད། དེ་རིང་ཁོས་ནུབ་ཀྱི་མཁས་པ་ཆེན་པོ་ཞིག་གི་གསུངས་རྩོམ་རིན་མེད་ངང་དྲྭ་ལམ་ནས་མཇལ་ཐུབ་ཚུལ་རྒྱབ་ལོག་ཏུ་སྤེལ་འདུག་པའི་ཞབས་མཆན་དུ། ཁོ་བོས་བསམ་གཟས་ནསགླེང་བ་ལ། ཁོས་བསམ་ཡུལ་ལས་འདས་པའི་སྐད་ཆ་དེ་འདྲ་བ་མང་པོ་ལབ་བྱུང་། དེས་ང་རང་ཧ་ལས་ཤིང་ཧོན་འཐོར་བར་གྱུར། ངའི་ཡིད་ལ་ཐོག་མར་དམར་པོ་དྲན། དེ་ནས་དམར་པོའི་གསར་འགྱུར་དག་དྲན། དེ་ནས་གཟོད་བོང་རྫི་དྲན། བོང་རྫིའི་སྐད་ཆ་དག་དྲན། དམར་པོ་དང་ཧ་ཅང་འདྲ་བའི་སྐད་ཆ་དག་དྲན། དྲན་ནས་ཀྱང་ཞེ་ཕམ། ཡིད་འདར། སྐྲག་དངངས་སྐྱེས། སླར་ཡང་རང་སེམས་ལ་དྲི་རྟགས་འཕངས། དམར་པོའི་མདོག་ག་དབྱིབས་གཟུགས་ཀྱི་ཆ་ཕྲ་མོ་ཙམ་ལའང་ཞེ་མེར་མེར་ཡོད་པའི་བོང་རྫི་ལགས་ཀྱིས་དམར་པོ་ནང་བཞིན། ལོ་རྒྱུས་རྫུན་མ་རེད་ཟེར་སྲིད་དམ། འོ་ན། མགོ་ནག་ཕྲེང་བ་ཅན་འདིས་དཀའ་སྡུག་དང་ཁྲག་བརྣག་གིས་བརྒྱུད་པའི་ཛ་དྲག་གི་བྱ་ལས་བྱེད་ལས་ཡོད་ཚད་རྫུན་མ་རེད་ཟེར་བ་མིན་ནམ། སྤུན་ཟླ་མང་པོ་ནག་མེད་ལ་བུད་སོང་བའང་རྫུན་རེད་ཟེར་བ་མིན་ནམ། དམར་པོའི་གསར་འགྱུར་ནང་བཞིན། ལོ་དེར་བོའུ་སྐད་གྲག་པའང་རྫུན་རེད་ཟེར་བ་མིན་ནམ། ཁྲིམས་ལ་སྦྱར་བའང་རྫུན་རེད་ཟེར་བ་མིན་ནམ། གཅར་བ་དང་གཅིར་བའང་རྫུན་རེད་ཟེར་བ་མིན་ནམ། མི་དཔེ་སྟེ། བོང་རྫི་ལགས་ཀྱིས་དེ་ལྟར་ལབ་མི་སྲིད་སྙམ་ནས་ཡང་ཡང་བསམ་ནའང་། འཆུག་མི་འདུག་སྟེ། བོང་རྫི་ལགས་ཀྱིས་དངོས་གནས་དེ་ལྟར་ལབ་འདུག འོ་ན། ཁོ་ལ་བདེན་དཔང་ཡོད་དམ། ཁོའི་བདེན་དཔང་ནི་གཞུང་གང་གི་གསར་འགྱུར་ཨེ་ཡིན་ནམ། བདེན་དཔང་མེད་ན་བྱུང་རྒྱལ་གྱིས་སྨྲ་སྲིད་དམ། “གནམ་ས་གོ་འབྱེད་ལོ་རྒྱུས་རྫུན་མ་རེད” འདི་སྐད་ཆ་ཐུང་ཐུང་ཞིག་ཡིན་ནའང་། འདི་ལོ་རྒྱུས་ཤིག་གི་བདེན་རྫུན་དང་འབྲེལ་བ་ཡོད་པས་བྱུང་རྒྱལ་གྱིས་སྨྲ་ག་ལ་ཉན། བོང་རྫི་ལགས་རང་གྲོལ་ལ་མ་དགའ་རུང་ལོས་ཆོག ཞོགས་དུང་ལ་མ་དགའ་ནའང་ལོས་ཆོག རང་གྲོལ་དང་ཞོགས་དུང་ལ་དགའ་མཁན་ཚང་མར་མ་དགའ་ནའང་ལོས་ཆོག ད་ེདག་གི་ལྟ་ཚུལ་ལངས་ཕྱོགས་ལའང་མ་དགའ་ལོས་ཆོག འོན་ཀྱང་། ཁོ་ལོ་རྒྱུས་ལ་མ་དགའ་ན་ཆོག་གམ། ལོ་རྒྱུས་ལ་གླེང་ལོག་ན་ཆོག་གམ། ཁོ་ལ་སྤོབས་པ་དེ་འདྲ་བ་གང་ནས་རྒྱས། བསམ་པ་དེ་ལྟ་བུ་གང་ནས་སྐྱེས། ཡང་ན་སུས་བསླབས་པ་རེད། མི་གཅིག་ལ་མ་དགའ་བའི་ཁོག་དཔུང་ཁྱེར་ནས་མི་རིགས་ཤིག་གི་ལོ་རྒྱུས་ལོག་པར་བསྒྲུབས་ན་རུང་ངམ། རུང་ཡང་རུང་མོད། དེ་ནི་དམར་པོའི་ལས་སྲོལ་མ་ཡིན་ནམ ། བོང་རྫི་ལགས་ནི་དམར་པོ་དག་ལ་ཞེ་ཐག་པ་ནས་མི་དགའ་མཁན་དེ་མ་ཡིན་ནམ། ང་ནི་གཏིང་ནས་སྐྲག་དངངས་སྐྱེས་འོང་། དམར་པོ་ལ་སྐྲག་པ་ནང་བཞིན་དམར་པོ་ལ་ཧ་ཅང་སྡང་བའི་བོང་རྫི་ལགས་ལ་སྐྲག་དངངས་སྐྱེས་བྱུང་ངོ་།།

       མཇུག་མཐར། ངས་བོང་རྫི་ལགས་ལ་བཤད་འདོད་པ་གཅིག་ནི། ཁྱོད་རང་སྐྱེ་བ་གཅིག་པུར་ཞོགས་དུང་སོགས་མི་ག་གེ་མོ་སུ་དང་གང་ལ་མ་དགའ་ན་ཆོག འོན་ཀྱང་། ཁྱོད་ཀྱིས་ཁྱོའི་སྐད་ཆའི་མདོ་ཟིན་ན་རེད། ལོ་རྒྱུས་ལ་བློ་དཀར་ན་རེད། མི་རིགས་ལ་བློ་དཀར་ན་རེད། ཤ་རུས་གཅིག་པ་དག་གི་ཤ་རུས་འཐོར་བ་དང་འཚིག་པ་དང་བྲབ་པའི་གཏམ་རྒྱུད་ལ་ཤ་ཚ་བློ་དཀར་སྐྱེས་ན་རེད་ཅེས་གུས་པས་ཕུལ་བའོ།།  ཞོར་ཏུ་ཚིག་དོན་གྱི་མདོ་མ་གོ་བར་འུར་མཁན་དག་ལ་གསལ་བཤད་འདི་ཧ་གོ་ན་རེེད། བོང་རྫི་ཧ་གོ་ན་རེེད་ཅེས་དྲན་སྐུལ་བའང་ཡིན་ནོ།།

      ད་རུང་གསལ་བཤད་བྱ་རྒྱུ་ཞིག་ལ། རྩོམ་འདི་སྤེལ་ནས་བོང་རྫི་ལགས་གཙོ་བྱས་པའི་དྲྭ་གྲོགས་མང་པོ་ཞིག་གིས་དྲང་ལྡོག་གཉིས་ཆ་ནས་སྐད་ཆ་མང་པོ་ལབ་འོང་སྲིད་མོད། ཅི་ཞིག་ལབ་ན་ལབ་ཏུ་ཆུགས། ངས་ནི་ཨ་ལན་ཡང་ལན་དེ་འདྲ་བ་འབྲི་མི་ཤེས་ལ་བྲི་རྒྱུའང་མིན་ཅེས་ཐལ་བའོ།།

2016-4-22ཉིན།

__ཨ  དོན་ཉིས་འོས་སྦྱོར་བྱས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s