སྨྱུག་མདའ།
ཐུབ་པ་ཆེན་པོས་སྤྱན་ཆབ་ཉི་ལི་ལི།།
དེ་ཡི་བཤུལ་ན་ཆགས་པས་བེར་བེར་བྱེད།།
ན་བཟའ་སེར་པོ་རྡུལ་དུ་འདྲེས་ལུགས་འདི།།
གྲྭ་ཇོས་མེ་ཕུང་བསྐོར་བའི་རོལ་རྩེད་དོ།།
བསྟན་པ་དུག་གིས་རྨས་པའི་སྒོ་ཆེན་ན།།
ཐུབ་པའི་ཡིག་འབྲི་སུ་ཡི་ཁ་ཕོར་གྱུར།།
མགྲིན་པ་རང་ལ་གཏོད་པའི་ཚུར་རོལ་ན།།
འདོད་ཡོན་རས་ཀྱིས་བཏུམ་པར་ཞེ་རེ་མུག།
ད་ཚོད་ད་ཚོད་བཙུན་མས་ཆགས་མིག་གཡོ།།
ཇ་ཕོར་ནང་གི་གྲྭ་བ་བཏུང་སྟེ་ཚར།།
ཀླད་པ་ཅུང་ཟད་སྔུན་དུ་འདུར་བ་འང་།།
སྲོག་གི་ཞེན་པ་གཟེབ་ཏུ་ག་ལེར་ཚུད།།
ལྟད་མོ་ངོམ་སའི་དྲ་ཐག་ཉེ་ཉེ་བས།།
ཡིད་ཀྱི་ཕྱི་ནང་འཇགས་སུ་མ་བཅུག་པར།།
དགོན་གྲོང་ན་བུན་གཞུང་དུ་ཁྲུས་སུ་རོལ།།
ལྷ་ཚོགས་གཉིད་ལ་ཞུགས་པའི་ལོ་ཟླ་རུ།།
མེ་ལོང་ནང་དུ་ཁ་དོག་ཡང་ཡང་འཕྲད།།
དབང་བོའི་སྒོ་དྲུག་འཕྲུལ་གྱིས་འགུལ་བར་བྱས།།
སྙིང་དང་གློག་སྐུད་སྡེབ་པས་ངར་ཤེད་ཀྱང་།།
ས་ལམ་སྒོ་མོ་གཅོད་པའི་རྦབ་རྡོ་འོ།།
རྣམ་ཤེས་འཇའ་རུ་བཏེག་པའི་ཕྱི་ཉམས་དེ།།
གྲྭ་ཤག་མཚན་མོར་འདྲེས་པའི་རས་ཤིག་རེད།།
སངས་རྒྱས་མལ་སར་བཞེངས་པའི་ཕ་རོལ་ན།།
སྲེད་པ་སེམས་སུ་གབ་པ་དཔར་བྱུང་ངོ་།།
དུས་དང་དུས་སུ་ཁྲ་ཁྲའི་གདུགས་འོག་ན།།
ན་བཟའ་དམར་པོ་བཟོ་ཚོང་སྟབས་བདེ་ཞིག།
ནུབ་གླིང་ལྷ་ཡི་གཤོག་པ་ཆགས་སོང་ངམ།།
ཐབས་ཤེས་ཟེར་ནས་ཐ་སྙད་ཆེ་ཙམ་བཟླས།།
སང་ཉིད་དེ་ཡང་ཆོས་བཤད་ཐན་ཐུན་གྱིས།།
མིད་པ་ངོ་སྐལ་འཇོག་སར་རྙེད་པར་བྱས།།
སྐྱེ་འཆིའི་རྩ་དོན་ངག་སྒོ་ཤར་སེ་བསྒྲིགས།།
སྤྲིན་པ་ལྟ་བུའི་མདུན་གྱི་བདག་མོ་ཡིས།།
ཁྱོད་ལ་ནུ་མ་ཟེར་བའི་མིང་ཡིག་བཀལ།།
ཉོན་མོངས་རུམ་ལ་ཞོགས་པར་མ་ཁོག་པས།།
དགེ་སློང་ཆོས་གོས་འཚིག་པ་གཏམ་རྒྱུད་དོ།།
༢༠༡༦། ༠༤། ༡༨ ལ་བྲིས།
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག