ཨ་རྒྱའི་མི་ཐོབ་གནད་དོན་གདོང་ལེན་ཀྱི་ཁྱད་པར།

འབྲོག་མྱི།

        ཨ་རི་དང་རྒྱ་ནག་གི་འགྲོ་བ་མའི་ཐོབ་ཐང་གི་གྲོས་གཞིའི་ཁྲོད་ཁྱད་པར་ཆེ་ཤོས་ནི་ཡོངས་ཁྱབ་སྐྱོན་བརྗོད་རིགས་ངོས་ལེན་བྱེད་འདོད་ཡོད་མེད་ལ་རག་ལས་ཡོད་ཅེས་ཨ་རིའི་གྲོས་ཚོགས་འཐུས་མིས་གསུངས་འདུག

        གཟའ་སྔོན་མར། ཨ་རི་དང་རྒྱ་ནག་གཉིས་ཀས་ཡང་ཐེངས་ཤིག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཕན་ཚུན་ལ་ཁ་རྡུང་གཡུལ་འགྱེད་བྱས་འདུག སྤྱི་ཟླ ༤ ཚེས ༡༣ ཉིན། ཨ་རི་ཕྱི་སྲིད་ལྷན་ཁང་གིས ༼༢༠༡༥ལོའི་རྒྱལ་ཁབ་གཞན་དག་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ ༽ ཞེས་པ་བཏོན་པ་དང་། ཉིན་གཅིག་གི་རྗེས་སུ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་གིས་ཀྱང༼༢༠༡༥ལོའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ ༽ཟེར་བ་བཏོན་ནས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་བྱས་འདུག ཡིན་ན་ཡང་། ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་ཨ་རིའི་རང་གི་ནོར་འཁྲུལ་ལ་གཡོལ་ཐབས་མི་བྱེད་པ་མ་ཟད་མངོན་སུམ་འཛེམ་བག་མེད་པར་ཡོངས་ཁྱབ་རང་བཞིན་གྱི་སྐྱོན་བརྗོད་ལ་ངོས་ལེན་བྱེད་ངེས་ཡིན། འདི་ནི་ཨ་རི་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་གདོང་ལེན་བྱེད་ སྟངས་ཐད་ཀྱི་མ་འདྲ་ས་དེ་ཡིན་ཞེས་བརྗོད་འདུག

        ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་རྒྱ་ནག་ལས་དོན་ཚོགས་ཚུང་གིས་སྤྱི་ཟླ ༤ ཚེས ༡༤ ཉིན། རྒྱ་ནག་གཞུང་གི་ད་ལྟ་ལག་ལེན་དུ་བསྟར་གྱིན་པའི་སྡུག་སྦྱོང་མནར་གཅོད་ཀྱི་གནད་དོན་ཐད་ཉན་ཞིབ་ཚོགས་འདུ་བསྐོངས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཉི་མ་གཅིག་ལ་བཏོན་པའི༼༢༠༡༥ལོའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ ༽ དང༼༢༠༡༥ལོའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་དོན་དངོས་ཟིན་ཐོ ༽ཟེར་བའི་ཐད་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཊམ ཝོལ་ཙི(Tim Walz)ཡི་ལན་འདེབས་ཀྱི་ཚུལ་དུ་གསུངས་རྒྱུར། རྒྱ་ནག་གཞུང་གིས་བཏོན་པའི་སྙན་ཐོ་དེར་ཨ་རི་གཞུང་གིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད་ཅེས་བརྗོད་པ་དང་ཆབས་ཅིག  ཨ་རི་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གདན་དོན་ལ་གདོང་ལེན་བྱེད་སྟངས་ཐད་ཀྱི་མ་འདྲ་ས་གཙོ་བོ་ཞིག་ནི་ཡོངས་ཁྱབ་སྐྱོན་བརྗོད་ངོས་ལེན་བྱེད་ཐུབ་མིན་དེ་ཡིན། ཨ་རི་མི་དམངས་ཀྱིས་ཉི་མ་རྟག་པར་ཨ་རི་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་མོད། འོན་ཀྱང།  གཞུང་ལ་སྐྱོན་བརྗོད་བྱེད་མཁན་དེ་དག་རང་གི་སྨྲ་བརྗོད་ཙམ་ལ་རྐྱེན་བྱས་ནས་བཙོན་ལ་འཇུག་པ་དང་མནར་གཅོད་མྱངས་རྒྱུ། ཡང་ན་བོར་བརླག་ཏུ་འགྲོ་མི་སྲིད་ཅེས་དང་། ཡང་ཁོང་གིས། ངས་ཨ་རི་གཞུང་གི་བྱས་ཉེས་ལ་དག་འབུད་མི་བྱེད་ལ་འགེབས་སྲུང་དེ་བས་ཀྱང་མི་བྱེད། དེ་ལས་ལྡོག་དེ་ངས་མི་དམངས་ཀྱིས་གཞུང་གི་བྱས་ཉེས་ཐེར་འདོན་བྱས་ནས་སྐྱོན་བརྗོད་བྱས་པ་སོགས་དངོས་ཡོད་གནས་ཚུལ་རིགས་ངོས་ལེན་དང་སྲུང་སྐྱོབ་བྱེད་ངེས་ཡིན།  གཞུང་ལ་སྐྱོན་བརྗོད་མཁན་དེ་དག་ནི་མི་སེར་ཞིག་གི་འོས་འགན་ཁུར་དུ་ལེན་མཁན་གྱི་གྲོགས་ཡིན་པ་ལས་དགྲ་མ་རེད། ཁོང་ཚོའི་སྐྱོན་བརྗོད་ལས་ང་ཚོས་དེ་ལས་ལྷག་པའི་ཞབས་ཞུ་སྒྲུབ་རྒྱུར་འཐུས་གུ་ཐེ་ཚང་དུ་འགྲོ་ངེས་ཡིན་ཞེས་གསུངས་འདུག

       རྒྱ་ནག་གཞུང་གི་སྙན་ཐོའི་ནང་ཨ་རིས་རྒྱལ་ཁབ་གཞན་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་བྱས་ལུགས་སུན་འབྱིན་བྱས་ཡོད་ན་ཡང་།  རང་གི་ཚབས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཚིག་གཅིག་ཀྱང་གླེང་མེད། རྒྱ་ནག་གཞུང་གིས་ཡིག་འབྲི་ཁྲི་གཅིག་དང་སྟོང་གཉིས་ཅན་གྱི་སྙན་ཐོའི་ནང་ཕྱོགས་ དྲུག་ནས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་འཛུགས་བྱས་ཡོད་པ་དང་། དེ་དག་ནི་མེ་དམའ་དོ་དམ་ལྷོད་ཡངས། ཉེན་རྟོག་པས་རྩུབ་སྤྱོད། རྒྱུ་ནོར་དང་མི་ཚང་གི་ཆབ་སྲིད་དབང་བསྒྱུར། སྤྱི་ཚོགས་གནད་དོན་ཚབས་ཆེ་བ། རིགས་ཚོགས་ཀྱི་གནད་དོན་རྣོ་ངར་ཆེ་བ། བུད་མེད་ཀྱི་གནས་སྟངས་ཇེ་སྡུག་དུ་སོང་བ། རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་བཅས་རེད།

     ཡིན་ན་ཡང་། རྒྱ་ནག་གི་སྙན་ཐོའི་ནང་བཀོད་པའི་སྐྱོན་འཛུགས་དེ་དག་གི་ཡོང་ཁུངས་ཨ་རིའི་གསར་འགྱུར་སྨྱན་བྱད་ཁག་གི་གནས་ཚུལ་རེད།

        ཨ་རི་ཕྱི་སྲིད་ལྷན་ཁང་གི ༼༢༠༡༥ལོའི་རྒྱལ་ཁབ་གཞན་དག་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ ༽ཞེས་པའི་ནང་གི་རྒྱ་ནག་ཚན་པར། རྒྱ་ནག་ནང་ལོ་འདིའི་ནང། མི་སེར་གྱི་ཁེ་དབང་དང་། ཆབ་སྲིད་ཐོབ་ཐང་། ཐུན་མོང་ཁེ་ཕན། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་གནད་དོན། ཐོབ་ཐང་སྲུང་སྐྱོབ་སྒྲིག་འཛུགས་སོགས་ལ་དྲག་གནོན་དང་བཙན་སྐུལ་བྱས་པའི་རིགས་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་ཡོད་པའི་མ་ཚད། ཁྲིམས་ལུགས་སྡེ་ཁག་གི་དྲག་གནོན་དེ་བས་ཀྱང་ཚབས་ཆེན་རེད་ཅེས་བཀོད་ཡོད་པ་རེད།

       ཨ་རི་དང་རྒྱ་ནག་གཉིས་ཀས། སྤྱི་ལོ ༡༩༩༠ ལོ་ནས ༢༠༡༥ ལོའི་བར་བསྡོམས་པའི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐེངས ༡༩ གནང་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་ཕྱི་འབྲེལ་གྲོས་ མོལ་སྒྲིག་གཞི་རེད། འོན་ཀྱང་། ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་རྒྱ་ནག་ལས་དོན་ཚོགས་ཚུང་གི་ཚོགས་གཙོ། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁི་རེ་སི སི་མི་ཐི(Chris Smith)མཆོག་གིས། ཕན་ཚུན་བར་གྲོས་མོལ་བྱས་པ་ཙམ་ལ་དོན་དང་ལྡན་པའི་དངོས་ཡོད་གྲུབ་འབྲས་ཤིག་ཐོབ་མི་སྲིད་པས། འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གྲོས་མོལ་ཟེར་བ་དེ་སྟོང་བཤད་ཁོ་ན་ཙམ་ཡིན། རྒྱལ་ཁབ་སོ་སོས་ཁ་ཡོད་ལག་ཡོད་ཀྱིས་དངོས་ཡོད་གནད་དོན་ཐད་བསམ་གཞིག་དང་ལག་ལེན་ དུ་བསྟར་ཚེ་ད་གཟོད་གྲུབ་འབྲས་ཤིག་ཐོན་སྲིད་པ་རེད། འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གྲོས་མོལ་གྱི་དོན་སྙིང་ནི་རྒྱ་ནག་གཞུང་གིས་རང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་དངོས་ཡོད་གནས་ཚུལ་རིགས་ངོས་ལེན་དང་ཞིབ་བཤེར་བྱེད་འདོད་ཡོད་མེད་ལ་རེག་ལས་ཡོད། ཡིན་ན་ཡང་། དེ་རིང་གི་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དེ་ལས་ལྡོག་ཟླ་ཡིན་པ་ཀུན་པོས་མཐོང་བ་དེ་རེད་ཅེས་གསུངས་འདུག

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s