ཨ དོན་ཉིས་དབྱིན་ཡིག་ནས་བསྒྱུར། ༼ཨ་རི༽

        སྒྱུ་རྩལ་གྱི་ཤེས་ཡོན་སློབ་གསོས་མི་བུ་སྒེར་དང་སྤྱི་ཚོགས་ཀྱི་དོན་དུ་ཅི་ཞིག་སྒྲུབ་ཐུབ་བམ། ང་ཚོས་ཅི་ཕྱིར་སྒྱུ་རྩལ་འཁྲིད་སྦྱོང་བྱེད་དགོས་པ་རེད། སྒྱུ་རྩལ་གྱིས་ཅི་ལྟར་བྱས་ནས་ཤེས་ཡོན་གྱི་གནས་ཚད་མི་འདྲ་བ་ཀུན་ནས་སློབ་གསོ་མཐོར་འདེགས་གཏོང་བར་མཐུན་རྐྱེན་སྦྱོར་བ་ཡིན་ནམ། དྲི་གཞི་འདི་དག་ལ་ཕྱོགས་མང་བོ་ནས་ཨ་ལན་ཡག་པོ་གདབ་ཏུ་ཡོད་ཀྱང་།

        དེང་གི་མཐོ་རིམ་སྤྱི་ཚོགས་དང་ཚོང་ལས་དཔལ་ཡོན་གྱི་ཁོར་ཡུག་ལ་དཔག་སྟེ་གཞིག་ན། མྱི་སུ་ཡིན་ཡང་སྒྱུ་རྩལ་ཤེས་བྱ་རིག་པའི་བརྡ་དོན་དེ་ཕྱོགས་གསུམ་ནས་རྟོགས་པར་བྱས་ན་ཕན་ཐོགས་ཆེ་བར་སྙམ།


• སྒྱུ་རྩལ་གྱི་བརྡ་དོན་ལས་ཀ་ཡིན།

         སྒྱུ་རྩལ་གྱི་ནུས་པ་ནི་མིའི་གསར་གཏོད་ཀྱི་བྱང་ཚད་དང་རང་ཉིད་ཀྱི་སྨྲ་བརྗོད། ཕན་ཚུན་འབྲེལ་མཐུད་ཀྱི་བརྡ་རྟགས་བཅས་ཀྱི་ཁྱད་ཆོས་ལས་རིང་དུ་བརྒལ་བ་ཞིག་ཡིན་ནའང་། སྒྱུ་རྩལ་ནི་མ་གཞི་ནས་ལས་ཀ་རིགས་ཤིག་ཡིན། སྒྱུ་རྩལ་གྱི་བྱིས་དུས་ལས་ཀའི་ངལ་རྩོལ་ཁྲོད་ནས་ལག་ཆགས་པ་རེད་ལ་ལས་ཀའི་འབད་འབུངས་ཁྲོད་ནས་ན་ཡང་བགྲེས་པ་རེད་དོ།། སྒྱུ་རྩལ་བརྒྱུད་ནས་སློབ་གཉེར་པ་ཚོར། ལས་ཀ་བྱེད་པའི་དགའ་སྤྲོའི་གོ་རྟོགས་སད་དུ་འཇུག་ཅིང་། རང་གིས་བསྒྲུབ་ན་འདོད་པའི་ལས་ཀ་གང་ཞིག་རང་སྟོབས་ལ་བརྟེན་ནས་མཐའ་འཁྱོངས་སུ་འཇུག་པར་སྐུལ་ལྕགས་གཞུ། མ་ཟད་ལས་ཀ་ཞིག་འགྲུབ་པའི་ཚེ་ན་ཡིད་སེམས་རབ་ཏུ་མགུ་བའི་ཚོར་སྤྲོ་ཡང་དྲག་པར་བྱེད།

       ང་ཚོའི་སྤྱི་ཚོགས་ལ་མཚོན་ན། ལས་ཀ་ཡག་པོ་ཞིག་ཇི་ལྟར་བསྒྲུབས་དགོས་པའི་ཐད་ཀྱི་བསམ་བློའི་དཔལ་ཡོན་བསྐྱར་གསོ་བྱེད་པའི་དུས་ལ་ཛ་དྲག་གིས་སླེབས་ཡོད། དཔེར་ན། མི་བུ་སྒེར་གྱི་འདོད་པ་ཚིམ་བྱེད་ཀྱི་ལས་ཀ་སྒྲུབ་སྟངས་ནས། སྤྱི་ཚོགས་ཀྱིས་ངོས་འཛིན་ལེགས་མིན་ཀྱི་ལས་ཀ་སྒྲུབ་སྟངས། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཚོང་ལས་སྒྲུབ་སྟངས་སོགས་གང་ལ་མཚོན་ན་ལས་ཀ་ནི་མིའི་རིགས་ཀྱི་ཆེས་བླ་ན་མེད་པའི་སེམས་ཉིད་གསོན་པོ་ཕྱི་ལ་སྟོན་བྱེད་དང་།

        སྒྱུ་རྩལ་ནི་ལས་ཀ་གང་ཞིག་ཚད་མཐོ་བའི་སྐས་རིམ་སྟེང་བགྲོད་བྱེད་ཀྱི་གཟི་དཔང་མངོན་པར་ཕྱུང་བྱེད་ཅིག་ཡིན། དེང་སྐབས་འུ་ཅག་གིས་རྒྱུན་དུ་མཐོང་ཞིང་ཐོས་པ་ནི་ཐོན་རྫས་གང་ཞིག་ཐོན་བསྐྱེད་བྱས་པའི་རྒྱུ་སྤུས་བཟང་མིན་དང་། མིས་ལས་ཀ་བྱེད་སྟངས་ཀྱི་འབྲེལ་ལམ་རིག་པ་འདི་གཉིས་ཡིན། དཔེ་མཚོན་དེ་གཉིས་ཀྱིས་འུ་ཅག་སྒྱུ་རྩལ་གྱི་ལམ་གང་ལ་འཇུག་པའི་ལས་རྐང་སོ་སོ་ནས་ནུས་ཤུགས་འདོན་སྤེལ་བྱེད་ཀྱིན་ཡོད། དེ་འདྲ་ཡིན་ཙང་ང་ཚོས་མི་བུ་ཆུང་ཐོགས་པ་ཚོར་ལས་ཀ་བྱེད་པའི་རིན་ཐང་རྟོགས་པར་འཇུག་ཆེད། ཁོ་པ་ཚོའི་བློ་རིག་འགྱུ་ཕྱོགས་ཀྱི་གོམ་སྟབས་སྒྱུ་རྩལ་གྱི་ལམ་ལ་འཁྲིད་རྒྱུ་དམིགས་ཡུལ་དུ་འཛིན་དགོས་སོ། །


• སྒྱུ་རྩལ་གྱི་བརྡ་དོན་སྐད་ཆ་ཡིན།

       སྒྱུ་རྩལ་ནི་རྟོག་འཆར་གྱི་སྐད་ཆའི་འབུར་གཟུགས་ཤིག་ཡིན་སྟབས། ཀུན་གྱིས་དེ་ཀློག་ཤེས་པའི་ཕྱིར་ཏན་ཏན་སྦྱོང་དགོས།

       སྒྱུ་རྩལ་གྱི་སློབ་ཐུན་སྐབས་སུ་ང་ཚོས་རྟོག་འཆར་གྱི་འཕར་ལྡང་མཚོན་ཐུབ་པའི་རི་མོ་འབྲི་རྒྱུ་སྦྱོང་བརྡར་བྱེད་དགོས། རི་མོ་དེ་དག་གིས་འུ་ཅག་གི་དགོས་འདུན་དང་འུ་ཅག་གི་གཤིས་སྤྱོད། འུ་ཅག་གི་རེ་བ། འུ་ཅག་གི་བསམ་བློ་སོགས་མཐར་ཐུག་གི་ཕུགས་བསམ་ངོ་མ་མཚོན་པའི་ནུས་ཤུགས་བླ་ནས་འདོན་ཐུབ་པ་ཡིན། རྒྱུ་མཚན་དེ་ཡི་ཕྱིར་ན། རི་མོའི་ཡོན་ཏན་མི་རྟོགས་ཤིང་རི་མོ་ཀློག་མི་ཤེས་པའི་མི་སྒེར་གང་དེས། ཤེས་ཡོན་སློབ་གསོ་སྦྱང་བའི་འགན་འཁྲི་ལ་འཐུས་ཤོར་བྱུང་ཡོད་པ་ཡིན། རྟོག་འཆར་རི་མོའི་གོ་དོན་རྟོགས་ནུས་པ་དང་དེ་ལ་ཨ་ལན་ལྡོན་ནུས་པ། གླེང་བརྗོད་སྤེལ་ནུས་པ་བཅས་ཀྱི་ལྟ་ཀློག་གི་ཤེས་ཡོན་ཡོངས་སུ་འགྲུབ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། དེར་བརྟེན། ལས་ཀའི་དོན་སྙིང་ཧྲིལ་པོ་ཡོངས་ཁྱབ་ཅན་དུ་ཕྱི་འགྲེམ་བྱེད་དགོས་ན་སྒྱུ་རྩལ་ཤེས་ཡོན་གྱིས་ཡི་གེ་དང་སྐད་ཆའི་གོ་དོན་ཡོད་ཚད་རྟོག་འཆར་གྱི་རི་མོར་འགོད་ཐུབ་པའི་སྒུལ་ཤུགས་བསྔོགས་འདོན་བྱ་ཐུབ་ཀྱི་ཡོད། སྒྱུ་རྩལ་འཁྲིད་མཁན་གྱི་མི་ཞིག་ཡིན་ཕྱིན། སྒྱུ་རྩལ་སློབ་གསོ་འཕེལ་རྒྱས་སུ་གཏོང་ཐབས་ནི་ནམ་ཡང་གནད་འགག་ཅན་གྱི་འགན་འཁྲི་གཡོལ་མེད་ཅིག་ཏུ་བསམ་དགོས། འདི་ནི་ང་ཚོས་སྐད་ཆ་རིག་པའི་འཇོན་ཐང་སྤེལ་བའི་བློ་སྤོབས་ཀྱི་ཐབས་ལམ་ཡིན། སློབ་གཉེར་པ་ཚོར་རྟོག་འཆར་གྱི་རི་མོའི་བརྡ་དོན་ལ་བཤད་པ་རྒྱག་པ། དབྱེ་ཞིབ་གཏོང་བ། ལོ་ཙཱ་བསྒྱུར་བ་བཅས་བརྒྱུད་ནས་སོ་སོའི་སེམས་ཀྱི་སྤོབས་པ་ངག་ཐོག་ནས་སྤོ་སྒུལ་གཏོང་དུ་འཇུག་དགོས། དེ་ནི་ད་གཟོད་རྒྱན་གྱིས་མ་སྤུད་པའི་ཤེས་བྱ་གཤའ་མ་དེའོ།།


• སྒྱུ་རྩལ་གྱི་བརྡ་དོན་རིན་ཐང་ཡིན།

        ང་རང་ཚོས་རང་ཁྱིམ་དང་ནང་མི། ལས་ཀ་དང་རྩེད་འཇོ། མི་སྒེར་དང་སྤྱི་ཚོགས། རང་བྱུང་ཁམས་དང་ཁོར་ཡུག་གཅེས་སྤྲས། དམག་འཁྲུག་དང་ཞི་བདེ། མཛེས་པ་དང་མི་མཛེས་པ། གདུག་རྩུབ་དང་བྱམས་བརྩེ་སོགས་ཀྱི་རིན་ཐང་ལ་མྱོང་རོལ་བྱེད་མི་བཏུབ་ཚེ། སྒྱུ་རྩལ་གྱི་དེ་ཉིད་ལ་དེ་བས་ཀྱང་མྱོང་རོལ་བྱ་ཐབས་བྲལ་བ་ཡིན། འདས་ཟིན་པའི་སྒྱུ་རྩལ་གྱི་རླབས་ཆེན་རང་བཞིན་དང་། དེ་རིང་གི་སྒྱུ་རྩལ་ཐུབ་ཆེན་པོ་འདི་བརྒྱུད་ནས་མིའི་རིགས་ཀྱི་འཚོ་བར་གསོན་ཤུགས་བསྐྲུན་པའི་འགན་འཁྲི་འགྲུབ་ནས་ཡོད་ལ་མུ་མཐུད་དུ་དེ་ལྟར་འགྲུབ་ཐབས་ལ་འབུངས་རྒྱུ་ཡང་གནད་འགངས་ཤིན་ཏུ་ཆེ། མི་བུ་སྒྱུ་རྩལ་འཁྲིད་མཁན་ཞིག་ལ་མཚོན་ན། སློབ་གཉེར་པའི་སྙིང་ཁོང་ལ་འཇགས་ནས་ཡོད་པའི་དད་མོས་ཀྱི་ལྟ་གྲུབ་གང་ཞིག་ལ་གཤག་བཅོས་བྱེད་པའི་གྲབས་གཤོམ་མི་ཆོག་ནའང་། སྒྱུ་རྩལ་གྱི་ངོས་ནས་ཡུལ་ལུང་མང་པོ་དང་མི་རིགས་འདྲ་མིན་ལ་སློབ་སྦྱོང་བྱེད་པའི་ཚེ། སློབ་གཉེར་པ་ཚོར་མིའི་རིགས་ཀྱི་རིན་ཐང་དང་ལས་དོན་རྟོགས་པར་བྱ་ཕྱིར། བསམ་བློའི་འགྱུར་བག་དམར་རྗེན་དུ་ཕྱི་ལ་འབྱོ་སའི་ཁོར་ཡུག་དཀྱེལ་ཡངས་པ་ཞིག་བཞེངས་སྐྲུན་བྱེད་དགོས། རིན་ཐང་ཡོད་ཚད་ཀྱི་གྲུབ་གཟུགས་མིའི་བརྩོན་འགྲུས་ཁོ་ནར་བརྟེན་ནས་བཟོས་པ་ཡིན་པ་ཁོ་ཚོར་ཚོར་ཤུགས་དྲག་པོའི་སྒོ་ནས་མྱོང་དུ་འཇུག་དགོས། དེ་ལྟར་འགྲུབ་ན། རྟོག་འཆར་གྱི་རི་མོ་དེ་ཚོ་མི་སྒེར་གྱི་རིན་ཐང་ལྟ་བར་གདམ་ཀ་གཏོང་བྱེད་ཀྱི་ལག་ཆ་བཟང་བོར་ཏན་ཏན་འགྱུར་ངེས། མི་སེམས་ཀྱི་མངོན་འདོད་ཆེ་ཕྲ་ཐམས་ཅད་སྒྱུ་རྩལ་གྱི་ལམ་ནས་ཅི་ལྟར་ཤུགས་ཆེན་པོས་ཕྱི་འགྲེམ་བྱེད་པའི་གོ་སྐབས་ལྡན་ན། དཔལ་ཡོན་ལྡན་པའི་ལས་ཀ་མང་པོ་ཞིག་སོ་སོའི་ས་ནས་བསྒྲུབ་ཐུབ་པར་ཐེ་ཚོམ་མེད།

        དེ་ལྟར་སྒྱུ་རྩལ་གྱི་རི་མོའི་རྨང་གཞི་ལེགས་པོ་ཞིག་སོ་སོའི་རྒྱུད་ལ་འཇོག་ཐུབ་སོང་ན། མི་རྣམས་ཀྱིས་ལས་ཀའི་རིན་ཐང་ལྟ་བར་བཟང་ཕྱོགས་ནས་གདམ་ཀ་གཏོང་བའི་བསམ་བློ་རང་རྐྱ་འཕེར་ཐུབ།
མདོར་དྲིལ་ན། ང་ཚོས་སྒྱུ་རྩལ་ལ་བློ་ཕུགས་གཏོད་དོན་ཡང་སོ་སོའི་འདོད་པ་ནང་ལྟར་གྱི་ལས་ཀ་ཞིག་འགྲུབ་པའི་ཕྱིར་དུ་ཡིན་ནོ།།

ཡོང་ཁུངས། ངེད་མི་རིགས་སྒྱུ་རྩལ་ཤེས་ཡོན་མཐུན་ཚོགས་ཀྱི་ངོས་ནས་ཨ་མེ་རི་ཀའི་གཞོན་བྱིས་རྣམ་པས་སྒྱུ་རྩལ་གྱི་ཤེས་ཡོན་ལ་སྦྱོང་བརྡར་འཐོབ་དགོས་པ་གལ་ཆེན་རང་བཞིན་དུ་མཐོང་ནས་དོན་ཚན་གསུམ་པོ་འདི་དམིགས་སུ་བཀར་ཞིང་ཕྱི་བསྒྲགས་བསྐྱངས་པ་ཡིན་ནོ།།

བསྒྱུར་རྩོམ་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading