ཤིང་བཟའ་སྤྲུལ་སྐུ།

སེར་བྱེས་མཁས་མང་ངུར་སྨྲིག་སྡེ་ཆེན་པོར།།
བློ་བཟང་རང་ལུགས་འཛིན་པའི་དཔལ་མངའ་བ།།
གཞུང་བརྒྱའི་ལྡེ་མིག་འབྱེད་ལྡན་མཁས་པའི་རྒྱན།།
སློབ་དཔོན་བཀའ་དྲིན་ཅན་གང་སྙིང་ནས་དྲན།།

རྗེ་བཙུན་བླ་མ་བདེ་ལྡན་ཞིང་ལ་ཕེབས།།
སློབ་བུ་ལས་ངན་ནུབ་གླིང་ཕྱོགས་ནས་ལྷག།
ཤར་ནུབ་གོ་ལའི་མཐའ་ཡི་རྒྱ་ཁྱོན་ནས།།
བླ་མ་དྲན་པའི་གདུང་བས་ཡང་ཡང་མནན།།
སྐུ་ཚེའི་མཐའ་མར་མ་མཇལ་ཡིད་རེ་སྐྱོ།།

ཆོས་ཀྱི་བདུད་རྩིས་བསྐྱངས་བའི་སློབ་བུ་བདག།
མགོན་མེད་ལོང་བར་ལྷག་པའི་དེང་གི་སྐབས།།
སྐྱབས་དང་རེ་ས་གཞན་ན་མ་མཆིས་པས།།
ཟབ་གསལ་གསུང་གི་ཉིང་ཁུ་རེ་རེ་བཞིན།།
དྲན་པའི་མོད་ལ་གདུང་བའི་མཆུ་མ་ཤོར།།

ཕ་ཡུལ་རྒྱང་ལ་གྱེས་ཏེ་མི་ཡུལ་དུ།།
བཤེས་གཉེན་དམ་པའི་བྱམས་བརྩེའི་དྲོད་རླབས་ལས།།
འོད་ཀྱིས་བསྐྱངས་བའི་སློབ་བུ་ཁོ་བོ་ཡི།།
ས་མཐའི་ཕ་མ་ལྟ་བུའི་སློབ་དཔོན་གང་།།
སྐུ་ཚེའི་མཐའ་མར་མ་མཇལ་ཡིད་རེ་ཕངས།།

ཐོབ་དང་སྙན་གྲགས་རེ་བས་མི་སྙེགས་པར།།
བདག་ཅག་སློབ་བུ་སྟོང་ཕྲག་དུ་མ་ལ།།
ཤེས་རབ་སྒྲོན་མེ་སྤར་བའི་འཇམ་དབྱངས་དངོས།།
གཞུང་ལུགས་ཁོ་ན་འཆད་ནས་སྐུ་ཚེ་རྫོགས།།
བཀའ་དྲིན་ཅན་གྱི་སློབ་དཔོན་སྙིང་ནས་དྲན།།

རྒྱུ་སྐར་དབུས་ན་མཚན་མོའི་ཟླ་བ་བཞིན།།
མཁས་མང་དབུས་སུ་འགྲན་པའི་ཟླ་བྲལ་བའི།།
གཞུང་ལུགས་རིན་ཆེན་གཏེར་གྱི་མཛོད་ཆེན་པོ།།
རྐྱེན་ངན་བདུད་ཀྱིས་གཏོར་བའི་གཏམ་ངན་དེ།།
སེམས་ལ་དྲན་ཐེངས་རེ་ལ་སྙིང་ནས་སྐྱོ།།

བླ་མ་དྲན་པའི་གདུང་འབོད་འདི་ཕྱི་ལོ་ ༢༠༡༦ ཟླ་ ༥   ཚེས་ ༢ ཉིན།  གང་གི་སློབ་བུ་ཤིང་བཟའ་སྤྲུལ་མིང་བས།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

%d