རྫ་ཚེ་རིང་བཀྲ་ཤིས།

སངས་རྒྱས་ལ་ཕྱག་འཚལ་ལོ།།

         མི་རིང་བར་ས་ག་ཟླ་བ་འཆར་ལ་ཉེ་ཞིང་། ས་ག་ཟླ་བའི་ནང་དུ་སངས་རྒྱས་སྐུ་འཁྲུངས་པར་ཕལ་ཆེར་འཛམ་གླིང་ནང་པ་ཚང་མས་ཁས་ལེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྟོན་པའི་འཁྲུངས་སྐར་ཡང་ཟླ་བ་འདི་རེད།  བོད་ཀྱི་མཁས་པའི་བཞེད་སྲོལ་གཅིག་མཐུན་མེད་པའི་དཀའ་ངལ་ཞིག་ཡོད་ན་ཡང་། རེ་ཞིག་ང་ཚོས་རྩོད་པ་ཟུར་དུ་འཇོག ནམ་ཡང་རྩོད་གླེང་བྱས་ནས་དུས་ཚོད་བསྐྱལ་ན་ཆོ་མི་འདུག དུས་ཚོད་ཀྱིས་ང་ཚོ་བསྒུག་གི་མི་འདུག

        གནས་སྐབས་ཡོངས་གྲགས་སྨན་རྩིས་ཁང་གི་ལོ་ཐོ་ལྟར་ཕུག་ལུགས་རང་གནང་རོགས། དེ་ལྟར་བྱས་ན་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བདུན་ཏེ། འདི་ལོ་སྤྱི་ཟླ་༥ ཚེས་༡༣ ལ་ཁེལ་འདུག  ས་ཟླའི་ཚེས་བཅོ་ལྔར་བོད་པ་ཚང་མས་གལ་ཆེན་དུ་རྩི་བཞིན་ཡོད་ན་ཡང་ད་བར་སངས་རྒྱས་ཀྱི་འཁྲུངས་ཚེས་འདི་དེ་ཙམ་གལ་ཆེན་དུ་རྩིས་མི་འདུག  དེ་ནི་བོད་པ་ཚོས་སྔ་མོ་ཡིན་ན་འདས་མཆོད་ལ་གལ་ཆེ་བར་རྩི་བ་ལས་སྐྱེས་སྐར་ལ་རྩ་ཆེན་པོ་བྱེད་པའི་གོམས་གཤིས་ཆེར་མེད་པ་དང་ཡང་འབྲེལ་བ་ཡོད་ཤས་ཆེ།

        དེང་སང་མི་ཚང་མས་སོ་སོའི་སྐྱེ་སྐར་ལ་གལ་ཆེན་རྩི་བ་ལྟར། ནང་པ་ཚང་མས་སངས་རྒྱས་སྐུའི་འཁྲུངས་སྐར་ལ་ཧ་ཅང་གལ་ཆེན་དུ་རྩི་བཞིན་ཡོད།  ཕྱི་ཕྱོགས་སུ་གནས་སྡོད་མཁན་དག་གི་ངོས་ནས་ལས་འགུལ་གྱི་རྣམ་པས་སྟོན་པའི་འཁྲུངས་སྐར་སྲུང་རྩི་བྱེད་པ་ནི་ཕྲུ་གུ་དག་གི་རྒྱུད་ལ་ནང་ཆོས་ཀྱི་བག་ཆགས་འཇོག་སྟངས་གལ་ཆེན་ཞིག་ཀྱང་རེད།  རྒྱལ་ཁབ་མང་པོས་སྟོན་པའི་འཁྲུངས་སྐར་ལ་རྒྱལ་ཡོངས་གུང་གསེང་ཡང་གཏོང་བཞིན་ཡོད། དེ་ནི་ཧ་ཅང་ཚད་མཐོ་བའི་མཐོང་ཆེན་ཞུ་སྟངས་ཤིག་རེད།  ང་ཚོ་ཡང་། སྤྱིར་ནང་པ་ཞིག་ཡིན་པ་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་པ་ཞིག་ཡིན་པའི་ཆ་ནས་འདིའི་ཕྱོགས་ལ་ངེས་པར་ཐུགས་སྣང་ཆེ་ཙམ་གནང་དགོས།

        དེས་ན་ང་ཚོས་ས་ག་ཟླ་བའི་ཚེས་གཅིག་ནས་མགོ་འཛུགས་ཀྱིས་ཆོས་ཕྱོགས་ཀྱི་དོན་སྙིང་ཡང་ཡོད་ལ་རིག་རྩལ་དང་འབྲེལ་བ་ཡོད་པ། དེ་བས་ཀྱང་མི་མང་དང་ན་གཞོན་ཚོའི་དོ་སྣང་འདྲེན་པའི་མི་མང་རང་བཞིན་གྱི་འཁྲུངས་སྐར་གྱི་ལས་འགུལ་གང་མང་སྤེལ་རྒྱུར་གྲ་བསྒྲིགས་ཡོད་དགོས།
གཤམ་ཏུ་སྒེར་ངོས་ནས་ལས་འགུལ་སྤེལ་སྟངས་ཐད་ཀྱི་བསམ་ཚུལ་དོན་ཚན་དགུ་ཞིགར་ཕུལ་ཡོད།


གཅིག ༽  བླ་ཆེན་ཚོས་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་འཚམས་འཕྲིན་དང་སྐུལ་སློང་གི་འབོད་སྐུལ་སྣེ་ཁྲིད་ལམ་སྟོན་བཅས་གནང་རྒྱུ།

གཉིས།༽  སློབ་གྲྭ་དག་གི་ནང་དུ་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་བྱེད་སྒོ་སྤེལ་རྒྱུ།

གསུམ།༽  གཞས་པ་དང་སྒྱུ་རྩལ་བ་དག་གིས་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་གླུ་བཞས་གཏམ་བརྗོད་སོགས་བྱ་རྒྱུ།

བཞི།༽  དྲྭ་འབངས་དག་གིས་ཀྱང་འབྲེལ་ཡོད་ཀྱི་པར་རིས་དང་སོགས་ཕན་ཚུན་སྐུལ་རྒྱུ་དང་། ཚོགས་པ་བཟོས་ནས་དུས་དྲན་ལ་དོ་སྣང་ཡོང་ཐབས་བྱ་རྒྱུ།

ལྔ་བ།༽   དགོན་པ་དང་། ཚོགས་པ་སྒེར་དང་སྲིད་གཞུང་བཅས་ནས་ཀྱང་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་རྩིའི་ལས་འགུལ་གཞི་རྒྱ་ཆེ་ཆུང་སྣ་ཚོགས་སྤེལ་རྒྱུ།

དྲུག༽  རྩོམ་པ་པོ་དག་གིས་ཆེད་དུ་རྩོམ་ཡིག་གི་ལམ་ནས་འཁྲུངས་སྐར་སྲུང་རྩིའི་དགོས་དམིགས་འགྲེལ་བརྗོད་དང་རྩོམ་ཡིག་གི་ལམ་ནས་སྟོན་པའི་འཁྲུངས་སྐར་བརྩི་སྲུང་གནང་རྒྱུ།

བདུན།༽  ཤིས་ཤོག་གི་བྱང་བུ་སོགས་སྐུར་རྒྱུ་དང་། ཕ་མ་དག་གིས་ཕྲུ་གུ་ལ་འཁྲུངས་སྐར་གྱི་རྔན་པ་དང་འཁྲུངས་སྐར་གྱི་སྤྲི་གོར་སོགས་ཉོ་རྒྱུ་སོགས་ཀྱི་ལམ་ནས་སངས་རྒྱས་ཀྱི་འཁྲུངས་སྐར་རྩི་སྲུང་བྱ་རྒྱུ།

བརྒྱད་པ།༽  སྲོལ་རྒྱུན་ལྟར་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་རྩིའི་ངོ་བོའི་ཐོག་ནས་དཀོན་མཆོག་ལ་མཆོད་པ་དང་། ངན་སློང་ལ་སྦྱིན་གཏོང་། ཚེ་ཐར་སྲོག་བླུ། ལམ་འཕྲང་བསལ་བ། གད་སྙིག་གཙང་བཟོ་དང་ཁོར་ཡུག་གོ་རྟོགས། གླིང་སྐོར་དང་མཆོད་མཇལ་སོགས་བྱ་རྒྱུ།

དགུ་བ།༽  གསར་འགྱུར་བརྒྱད་ལམ་དང་འཕྲིན་ལམ་དག་གིས་ཀྱང་སངས་རྒྱས་ཀྱི་འཁྲུངས་སྐར་དུས་ཆེན་དང་འབྲེལ་བའི་བཅར་འདྲི་དང་ལེ་ཚན་བཟོ་བ་གསར་འགྱུར་སྤེལ་བ། སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ།

       མཇུག་ཏུ་འདི་ལོའི་སངས་རྒྱས་ཐུགས་རྗེ་ཅན་སྐུ་བལྟམས་པའི་དུས་ཆེན་གྱི་འཁྲུངས་སྐར་ལ་བོད་བརྒྱུད་ནང་པའི་རྗེས་འཇུག་ཡོངས་ནས་སྔར་ལྷག་དོ་སྣང་ཡོང་བའི་འབོད་སྐུལ་བཅས།

  སྤྱི་ལོ་༢༠༡༦ཟླ་༥ཚེས་༢ ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་མཐའ་འཁོབ་ཨོ་སི་ཐྲི་ལི་ཡིའི་ཡུལ་ནས་སངས་རྒྱས་ཡིད་ལ་དྲན་པའི་སྣང་ཤེས་ཉི་ཚེ་བའི་བློས་སྤྲིངས། །

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d