རྒྱ་ནག་གི“རིག་གསར”དང་བོད།

འབྲོག་མྱི།

         ལོ་ངོ ༥༠ སྔོན་དུ། མའོ་ཙེ་ཏུང་གི་དམར་སྲུང་དམག་གིས་བོད་ཁུལ་ཡོངས་སུ་གཏོར་བརླག་གི་རང་བཞིན་སྲིད་དོ་ཅོག་འཛོམས་པའི་གསར་བརྗེ་བྱས་པ་རེད། དུས་དེ་རིང་རྒྱ་ནག་དེང་གཞུང་གིས་རིག་གནས་གསར་བརྗེ་ཆེན་མོ་ལ་གདེང་འཇོག་གིས་ ཁ་དང་ཁ་སྤུ་ཁ་ཁ་བྱས་པའི་སྲོལ་བཟུང་ཡོད་ཀྱང་། བོད་ཁུལ་ལ་དབང་བསྒྱུར་གྱི་བྱ་བཞག་རིགས་སྔར་རྒྱུན་གཞིར་བཞག་གིས་རྒྱུན་འཁྱོངས་བྱས་ཡོད།
སྤྱི་ཟླ ༥ ཚེས ༡༦ ཉིན་ནི་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་གསར་བརྗེའི་ལས་འགུལ་དེ་བསླངས་ནས་ལོ ༥༠ འཁོར་བའི་དུས་དྲན་ལ་ཁེལ་ཡོད་པ་དང་། སྤྱི་ལོ ༡༩༦༦ ཟླ ༥ ཚེས ༡༦ ཉིན། རྒྱ་ནག་དབུས་གཞུང་གིས ༼༥-༡༦བརྡ་སྦྱོར༽ཞེས་པ་བཀྲམས་ནས་རྒྱ་ནག་རྒྱལ་ཡོངས་སུ་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སྤེལ་རྒྱུར་སྐུལ་སློང་བྱས་ཡོད་པས། ཉི་མ་དེ་རིག་གནས་གསར་བརྗེ་ཆེན་མོ་བསླངས་པའི་ཉིན་མོར་ངོས་འཛིན་བྱས་ཡོད།

         རྒྱ་ནག་གི་གནད་དོན་ཐད་ཆེད་མཁས་པ་སྐུ་ཞབས་ཨོ་སི་ཀར ཝེ་གྷོལ་ལགས་ཀྱིས་རིག་གནས་གསར་བརྗེ་ཆེན་མོར་འདི་ལྟར་གསལ་བཤད་བྱས་ཡོད། རིག་གསར་གྱི་དམིགས་ཡུལ་ནི་མི་གསར་བ་སྐྱེད་བསྲིང་དང་སྤྱི་ཚོགས་གསར་བ་གསར་འཛུགས་ཀྱི་ཆེད་དུ་ཡིན་རྒྱུ་རེད། རིག་གསར་གྱི་ཁྱབ་ཁོངས་སུ། རིག་གནས་གསར་བརྗེ་ཆེན་མོའི་ཁ་གཡང་སྒྲོག་ཚིག་ནི་རྙིང་པ་བཞི་ཏེ། རིག་གནས་རྙིང་པ། ལམ་སྲོལ་རྙིང་པ། གོམས་གཤིས་རྙིང་པ། བསམ་བློ་རྙིང་པ་རྩ་རྫོགས་བྱེད་རྒྱུ་དེ་ཡིན། བོད་ཁུལ་གྱི་ལས་འགུལ་སྤེལ་སྟངས་རྒྱ་ནག་ནང་ལོགས་ལས་ཐལ་ཧ་ཅང་ཧ་ཅང་དྲགས་པོ་རེད། བོད་ཀྱི་དུས་རབས་བར་མ་ལྟ་བུའི་རིག་གཞུང་ལ་ལོ་ངོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཡོད་ལ། དེ་ན་གྲྭ་བཙུན་གྱི་རིག་གནས་འབུར་དུ་ཐོན་པ་ཡོད།  དུས་རབས་དེའི་རྒྱ་ནག་པ་ཞིག་ལ་མཚོན་ན། དེ་དག་ཡོད་ཚད་ཤིན་ཏུ་ནས་ངོས་ལེན་བྱེད་དཀའ་བ་ཞིག་ཡིན།

       སྤྱི་ལོ ༡༩༦༦ ལོའི་དབྱར་གཞུང་དུ། རྒྱ་ནག་ནང་ལོགས་ཀྱི་སློབ་གྲྭ་ཆེ་འབྲིང་ཕལ་མོ་ཆེ་རུ་དམར་སྲུང་དམག་གི་རྩ་འཛུགས་བཙུགས་པ་དང་། “གྱེན་ལོག་ཤོག་ཁག” གིས་བཟོ་གྲྭ་དང་ཁེ་ལས་སོགས་ཀྱི་དོ་དམ་དབང་ཆ་བཙན་གྱིས་བླངས་ནས། རིམ་པ་སོ་སོའི་འགོ་ཁྲིད་ཚོར་བཙན་དབང་གིས་གནད་དོན་ཁས་ལེན་བྱེད་དུ་བཅུག་པ་དང་། “མི་དམངས་གོང་ཧྲེ” ཟེར་བའང་གསར་དུ་འཛུགས་སྐྲུན་བྱས་པ་རེད། དེ་དང་མཉམ་དུ “འབྱོར་ལྡན་གྲལ་རིམ” དང “བཀས་བཀོད་རྒྱུན་འཛིན” གྱི་རྨོངས་དད་རིགས་གཙང་སེལ་མཐར་ཕྱིན་བྱས་ཤིང་། དེ་ཡི་སྔོན་དུ། བོད་ཀྱི་རིག་གཞུང་ལ་རྒྱ་ནག་བཙན་འཛུལ་བས་གཏོར་བརླག་ཚབས་ཆེན་བཟོས་ཟིན་པ་རེད།

      རྒྱའི་རིག་གནས་རིག་པ་བ་སྐུ་ཞབས་ཐོ་མ་སི ཧེ་པིར་ལགས་ཀྱིས། ༡༩༥༩ ལོར་ལྷ་སའི་གྱེན་ལངས་ཀྱི་ལས་འགུལ་བྱུང་ནས ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་ལ་ཕེབས་པའི་རྗེས་སུ། བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་སྒྲོམ་གཞི་དེ་དྲག་པོས་གཏོར་བཤིག་དང་གཙང་དག་བྱས་པ་རེད། བོད་ཀྱི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་དང་དགོན་སྡེ་ཁག་བོད་ཀྱི་རིག་གཞུང་གི་སྲོག་ཤིང་དུ་ངོས་འཛིན་བྱས་ཏེ་རྩ་མེད་དུ་བཏང་བ་རེད། བོད་ལྗོངས་ཀྱི་དགོན་པ ༢༧༠༠ ལྷག་ལས་དགོན་པ ༢༦༩༠ རྩ་མེད་དུ་བཏང་ཡོད་པས། བོད་ཀྱི་སློབ་གསོ་དང་། རིག་གནས། ཆོས་ལུགས་བཅོས་ཀྱི་བསྟི་གནས་དུས་དེ་ནས་རྨེག་མེད་དུ་བཏང་བར་ངོས་འཛིན་བྱས་ཀྱང་མ་འགྲིག་བ་ཅི་ཡང་མེད། ཅེས་བྲིས་འདུག

       དེ་རིང་། རྒྱ་ནག་དེང་གཞུང་གི་དབུ་ཁྲིད་རིམ་པས་བོད་ཁུལ་ལ་ཐེབས་པའི་གཏོར་བརླག་ཚང་མའི་ནོར་འཁྲུལ་རིག་གནས་གསར་བརྗེ་ཆེན་མོར་བཀལ་འདུག སྐུ་ཞབས་ཝེ་གྷོལ་ལགས་ཀྱི་བཤད་སྲོལ་ལ་གཞིགས་ན། རིག་གསར་དེ་མི་ཆོས་དང་བྲལ་བའི་གདུག་རྩུབ་ཅན། གསོ་ཐབས་མེད་པའི་གཏོར་བརླག་ཅིག་ཅེས་སུན་འབྱིན་བྱས་ཡོད། ཡིན་ན་ཡང་། འཇར་མི་ནིའི་བཙན་བྱོལ་བོད་མི་སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱི་དགོངས་ཚུལ་ལྟར་ན། དེ་ནི་རྒྱ་ནག་གི་དབུ་ཁྲིད་ཚོས་སེམས་ངན་ཁོག་ཏུ་བཅངས་ནས་དཀར་ནག་གོ་ལྡོག་པའི་ལས་ཤིག་རེད།  ༡༩༨༧ ལོར། སྐབས་དེའི་འཇར་མི་ནིའི་སྲིད་བློན Helmut Kohl མཆོག་གིས་བོད་ལྗོངས་སུ་འཚམས་གཟིགས་གནང་སྐབས། སྐབས་དེའི་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་གྱི་གསར་འགོད་གསལ་བསྒྲགས་སྐབས། བོད་ལྗོངས་ལ་ཐེབས་པའི་གཏོར་བརླག་གི་བརྒྱ་ཆའི་དགུ་བཅུ་རིག་གསར་སྐབས་བྱུང་རབས་དངོས་སུ་ཁས་ལེན་བྱས་ཡོད། བོད་ལ་མཚོན་ན་རིག་གསར་ནི་ཤི་གསོན་དང་རེག་ལས་པའི་རྡུང་རྡེག་ཚབས་ཆེན་ཞིག་ཡིན། རིག་གསར་གྱི་རྗེས་སུ། རྒྱ་ནག་གི་དབུ་ཁྲིད་གསར་བ་དག་གིས་བོད་ཁུལ་ཡང་བསྐྱར་འཛུགས་སྐྲུན་གྱི་གནད་དོན་ཐད་ཀྱི་བྱེད་སྟངས་ཀྱིས་ཀྱང་དེ་མཚོན་ཐུབ་ཡོད། རིག་གསར་སྐབས་གཏོར་བརླག་ཐེབས་པའི་དགོན་སྡེ་ཁག་ཁོ་ན་བསྐྱར་གསོ་བྱས་ཡོད་པ་ལས་ཤེས་ཐུབ་པ་ཞིག་ནི། དགོན་སྡེ་ཧ་ཅང་ཉུང་ཉུང་ཞིག་ལས་བསྐྱར་གསོ་མི་བྱེད་རྒྱུ་དེ་ཡིན།

       རྒྱ་ནག་རྒྱལ་ཡོངས་སུ་རིག་གསར་གྱི་རླུང་ནག་འཚུབ་མ་འཁོར་བཞིན་པའི་དུས་སྐབས་དེར། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དང་། ནང་སྒོས་སུ་སློབ་ཆེན་ཁག་ཏུ་རིག་གསར་ལས་འགུལ་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས། དེ་བཞིན་མའོ་ཙེ་ཏུང་ལ་དད་པ་བྱེད་མཁན་ཡང་མང་པོ་བྱུང་བ་རེད། ཡིན་ན་ཡང་། རྗེས་སུ་དེ་དག་ཚང་མར་འགྱུར་བ་ཐེབས་ཡོད། དེ་སྔ་མ་ཤེས་རྨོངས་དད་དང་མ་རིག་རྨོགས་རྒྱུགས་བྱེད་མཁན་མི་ཉུང་ཞིག་རིམ་བཞིན་རྨོངས་བ་ལས་སད་དེ། ལོ་རབས ༨༠འི་བསྟོད་དུ། མི་མང་པོ་ཞིག་དངོས་སུ་བོད་ཁུལ་དུ་ཕེབས་ནས་བོད་ཁུལ་གྱི་གནས་སྟངས་ངོ་མ་མིག་མཐོང་ལག་ཟིན་བྱུང་བ་དང་། ཕེབས་མ་ཐུབ་པ་དག་གིས་ཀྱང་འབྲེལ་ཡོད་གནས་ཚུལ་དང་དཔེ་དེབ་བརྒྱུད་བོད་ཀྱི་དངོས་ཡོད་གནས་སྟངས་ལ་རྒྱུས་མངའ་ལོན་ཐུབ་བྱུང་། ནུབ་ཕྱོགས་སྤྱི་ཚོགས་ཀྱི་གཡོལ་ཕྱོགས་རང་དབང་རིང་ལུགས་པའི་བསམ་བློར་འགྱུར་བ་ཆེན་པོ་ཞིག་ཐེབས་པར་རྐྱེན་བྱས་ནས། ལོ་རབས ༨༠འི་སྨད་ནས་བཟུང་འཛམ་གླིང་གང་སར་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་མ་སྐུལ་ངང་གིས་གྲུབ་པ་རེད།

      རྒྱ་ནག་དར་ཞིང་རྒྱས་པའི་འགྲོས་དང་མཉམ་དུ། བོད་དོན་ལ་རྒྱབ་སྐྱོར་གྱི་ཤེད་ཤུགས་དེ་ཆབ་སྲིད་ཁོར་ཡུག་ན་དེ་སྔ་ལས་ཅུང་ཞན་པར་གྱུར་བའི་ཚོར་བ་ཞིག་མི་རྣམས་ལ་སྐྱེ་བཞིན་ཡོད། གཞིས་བྱེས་བོད་མི་ཚོས་གསལ་བོར་ཤེས་པ་ཞིག་ནི། གནད་དོན་གྱི་འགག་རྩ་ཐུག་ས་དེ་རྒྱ་ནག་ཡིན། བོད་དོན་སེལ་དགོས་ན། རྒྱ་ནག་དེང་གཞུང་གིས་རིག་གསར་དང་ཁ་དང་བ་སྤུ་ཁ་ཁ་བྱས་པ་ཙམ་དང་། བོད་ཐད་སྲིད་ཇུས་ཀྱི་ནོར་འཁྲུལ་ཚང་མ་རིག་གསར་ཁོ་ནར་ཁག་བཞག་བ་ཙམ་གྱིས་ག་ལ་ཡོང་། རྒྱ་ནག་གཞུང་ལ་མཚོན་ན། བོད་ཁུལ་དུ་གཏན་འབེབས་དང་ལག་བསྟར་བྱས་དང་བྱེད་ཀྱིན་པའི་ནོར་འཁྲུལ་ཆེ་བའི་སྲིད་ཇུས་རིགས་ལ་དག་ཐེར་དང་བཅོས་བསྒྱུར་བྱས་པ་བརྒྱུད། དབང་བསྒྱུར་བ་དང་བཙན་འཛུལ་བའི་བསམ་བློ་དོར་ནས་དགྲ་འཛིན་དང་ཕྱོགས་ལྷུང་མེད་པར། གཉིས་ཕན་དང་། ཡིད་ཆེས། བརྩི་བཀུར་ལྡན་པའི་ལམ་ནས་བྱ་བཞག་རིགས་སྤེལ་ཚེ། གཅིག་བགྱིས་ན་རིག་གསར་བྱུང་ནས་ལོ ༥༠འཁོར་བའི་དུས་སྐབས་འདི་ཡོད་ཚད་ཡང་བསྐྱར་མགོ་ནས་བརྩོམ་རྒྱུས་སྐལ་བ་བཟང་པོ་ཞིག་ཡིན་ཡང་སྲིད།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s