ཐེ་ཝན་མང་ཚོགས་ཐེ་ཝན་རང་བཙན་ལ་ཕྱོགས་པ།

འབྲོག་མྱི།

       རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་འགན་འཛིན་ཀྲང་ཀྲི་ཇུན་གྱིས་ཉེན་ཤས་གོང་དུ “ གལ་ཏེ་ཐེ་ཝན་གྱི་འཕེལ་ཕྱོགས་དེ་རང་བཙན་ལ་ཕྱོགས་ཚེ་ཤི་ལམ་ལས་མེད ” ཅེས་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ན་ཡང་། ཐེ་ཝན་གྱི་མང་ཚོགས་འདོད་བློ་བརྟག་དཔྱད་ཐེབས་རྩ་ཁང་གིས་ཉེ་ཆར་བླངས་པའི་ཐེ་ཝན་མང་ཚོགས་ཀྱི་འདོད་བློ་བརྟག་དཔྱད་ལྟར་ན། ཕྱེད་ཀ་ལས་མང་པའི་ཐེ་ཝན་མང་ཚོགས་ཀྱིས་ཐེ་ཝན་རང་བཙན་བྱ་རྒྱུར་འདོད་མོས་ཡོད་པ་དང་། མང་ཚོགས་ཀྱི་བཞི་ཆའི་གཅིག་གིས་ད་ལྟའི་གནས་སྟངས་སོར་འཇོག་བྱེད་འདོད་ཡོད་པ་རེད། 
ཐེ་ཝན་གྱི་མང་ཚོགས་འདོད་བློ་བརྟག་དཔྱད་ཐེབས་རྩ་ཁང་གིས་སྤྱི་ཚེས ༢༧ ཉིན་སྤེལ་པའི་ཁ་བྱང་ལ། སྲིད་འཛིན་གྱི་སྙན་གྲགས། རང་བཙན་གྱི་བློ་ཁ་དང་མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བ། དེང་གི་ཐེ་ཝན་མི་དམངས་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་བསམ་ཕྱོགས་ཐད་ཀྱི་འདོད་བློ་བརྟག་དཔྱད། ཅེས་པའི་སྙན་ཐོའི་ནང་། བཅར་འདྲི་ཞུ་ཡུལ ༥༡% ལ་ཐེ་ཝན་རང་བཙན་གྱི་འདོད་མོས་ཡོད་པ་དང་། ༡༥% ཡིས་གཅིག་གྱུར་ལ་འདོད་མོས་ཡོད་པ། ཡང ༢༥% ཡིས་ད་ལྟའི་གནས་སྟངས་སོར་འཇོག་བྱེད་འདོད་ཡོད་པ་རེད།

        ཐེ་ཝན་གྱི་མང་ཚོགས་འདོད་བློ་བརྟག་དཔྱད་ཐེབས་རྩ་ཁང་ཞེས་པ་དེ་ད་ལོའི་སྤྱི་ཟླ ༤འི་ནང་གསར་དུ་བཙུགས་ཤིང་། ཐེངས་རྩ་ཁང་དེའི་འགན་འཛིན་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་རྒྱབ་ལྗོངས་ཅན་གྱི་སྐུ་ཞབས་ཡུག་ཡིན་ལོང་གིས་གོང་ཞུས་ཐེ་ཝན་གྱི་མང་ཚོགས་འདོད་བློ་བརྟག་ དཔྱད་ཐེབས་རྩ་ཁང་དེ “གཞུང་འབྲེལ་མིན་པ། ཁེ་གཉེར་མིན་པ། ཚོགས་ཁག་ལས་བརྒལ་བའི་རིག་མཛོད་ཀྱི་རྣམ་པ་ཅན་གྱི་སྒྲིག་འཛུགས་ཤིག ” ཡིན་ལུགས་འགྲེལ་བཤད་བྱས་འདུག སྐུ་ཞབས་ཡུག་ཡིན་ལོང་ལགས་ཀྱིས། ཐེངས་འདིའི་མང་ཚོགས་ཀྱི་འདོད་བློ་བརྟག་དཔྱད་འབྲས་བུ་ལས་ཤེས་ཐུབ་པ་ཞིག་ནི། ཐེ་ཝན་མི་དམངས་མང་ཆེ་བས་དུས་གཏན་དུ་ད་ལྟའི་གནས་སྟངས་སོར་འཇོག་བྱེད་རྒྱུའི་འདོད་མོས་ཡོད་ཟེར་བའི་དངོས་མིན་སྣང་ཚུལ་དང་ལྷ་སྒྲུང་དེའི་རྫུན་མཐིལ་བརྟོལ་ བ་རེད་ཟེར།

       འདས་པའི་ལོ ༢༠འི་ནང་གི་ཞིབ་འཇུག་གཞན་དག་དང་བསྡུར་ན། ཐེངས་འདིའི་བརྟག་དཔྱད་ལས་མངོན་པ་ཞིག་ནི། ཐོག་དང་པོར་ཐེ་ཝན་རང་བཙན་ལ་ཕྱོགས་མཁན་གྱི་གྲངས་ཀ་དེ་ཐེ་ཝན་མི་འབོར་ཕྱེད་ཀ་ལས་བརྒལ་བ་དེ་རེད། ཐེ་ཝན་རང་བཙན་ལ་ཕྱོགས་པའི་གྲངས་ཀ་རྦད་དེ་ཇེ་མང་དུ་ཕྱིན་པ་དེས་འབྱུང་འགྱུར་ཐེ་ཝན་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཧ་ཅང་གཏིང་རིང་པའི་དོན་སྙིང་ལྡན་ཡོད།

        ཐེ་ཝན་མི་དམངས་ཀྱི་མི་རིགས་ཀྱི་ངོས་འཛིན་ཐད་བརྟག་དཔྱད་དེ་ལས་གསལ་བ་ཞིག་ལ། ཐེ་ཝན་མི་དམངས ༨༡% གིས་རང་ཉིད་ཐེ་ཝན་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་དང་། ༨% གྱིས་རང་ཉིད་ཀྲུང་གོ་པ་ཞིག་ལ་ངོས་འཛིན་བྱས་ཡོད་ཅིང་། ཡང ༨% ཀྱིས་རང་ཉིན་ཐེ་ཝན་པ་དང་ཀྲུང་གོ་པ་གཉིས་ཀ་ཡིན་པར་ངོས་འཛིན་བྱས་འདུག

       དེ་མིན་སྲིད་ཚོགས་ངོས་འཛིན་གྱི་ཐད་ནས། ༤༩% ཡིས་རང་ཉིད་ཀྱི་བསམ་ཚུལ་དམངས་གཙོ་ཡར་ཐོན་ཚོགས་པ་དང་མཐུན་པར་ངོས་འཛིན་བྱས་ཡོད་པ་དང་། ༡༧% གྱིས་གོ་མེན་ཏང་དང་མཐུན་པར་ངོས་འཛིན་བྱས་འདུག དེ་བཞིན་དུ་ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚེ་ཡིན་ཝིན་གྱི་རྒྱལ་ཁབ་གྱི་དོན་ ཆེན་སྒྲུབ་ཕྱོགས་ཐད། མི་དམངས  ༧༠% ཡན་གྱིས་མོས་མཐུན་དང་ཡིད་ཆེས་བྱས་འདུག སྲིད་འཛིན་ཟུར་བ་མཱ་ཡིན་ཇུག་གི་ཆབ་སྲིད་སྐྱོང་ལུགས་ལ་བཅར་འདྲི་ཞུ་ཡུལ་མི་དམངས ༣༥% ཡིས་ཁག་ཐེག་བྱས་འདུག

      ད་ལོའི་སྤྱི་ཟླ ༥ ཚེས ༢༠འི་ཉིན། བདམས་ཐོན་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚེ་ཡིན་ཝིན་ལགས་ཀྱིས་ཁྲི་འདོན་དམ་བཅའ་ཕུལ་ནས་ཐེ་ཝན་ཀྲུང་ཧྭ་མི་སེར་རྒྱལ་ཁབ་གྱི་སྲིད་འཛིན་སྐབས ༡༤ བར་གྱུར་རྗེས། ཐེ་ཝན་རང་བཙན་ཞེས་པའི་སྐད་ཆའི་བརྗོད་གཞི་དེ་མི་རྣམས་པའི་གླེང་བྱ་དང་ཡང་ན་བརྗོད་གཞིའི་འདུ་ས་རུ་གྱུར་ཡོད། རྩ་བའི་ཆ་ནས་བཤད་ན། ད་ལྟའི་གཞུང་འཛིན་ཚོགས་པ་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ནི་ཐེ་ཝན་རང་བཙན་ཡིན། ཡིན་ན་ཡང་། དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚེ་ཡིན་ཝིན་ལགས་ཐེ་ཝན་གྱི་སྲིད་འཛིན་དུ་བདམས་རྗེས། སྲིད་འཛིན་དེ་ཐེ་ཝན་རྒྱལ་ཁབ་གྱི་སྲིད་འཛིན་ཡིན་པ་ལས། སྲིད་ཚོགས་ག་གེ་མོ་ཞིག་གི་སྲིད་འཛིན་མིན་པས། ལྟ་བ་དང་ལངས་ཕྱོགས་རིགས་བཏང་སྙོམས་ཤིག་ལ་མི་འཇོག་རང་འཇོག་ཡིན། དེ་བས་ན། སྲིད་འཛིན་ཁྲི་འདོན་གསུང་བཤད་སྐབས་ལྕམ་ཚེ་ཡིན་ཝིན་ཀྱིས་ཐེ་ཝན་རང་བཙན་གྱི་ཚིག་ཟུར་ཙམ་ཡང་བཏོན་མེད་ལ། དེ་བཞིན་དུ་རྒྱ་ནག་གཞུང་གིས་ཞུ་དྲག་གཉིས་ཀས་གནོན་ཤུགས་སྤྲད་ནས “༩༢ སྤྱི་མོས་གྲོས་མཐུན ” ཟེར་བ་གླེང་དགོས་ལུགས་ནན་སྐུལ་རྫོགས་མཐའ་མེད་པ་ཞིག་བྱས་མིན་ལ་མ་བལྟས་པར། ལྕམ་ཚེ་ཡིན་ཝིན་ལགས་ཀྱིས་སྲིད་འཛིན་ཁྲི་འདོན་གསུང་བཤད་སྐབས “༩༢ སྤྱི་མོས་གྲོས་མཐུན” ཞེས་པའི་ཚིག་དེ་གླེང་མེད། ཡིན་ན་ཡང་། ཁོང་མོས “༩༢ ལོའི་ཚོགས་པ་གཉིས་ཀྱི་གྲོས་མོལ ” དེ་དངོས་སུ་བྱུང་ཟིན་པའི་ལོ་རྒྱུས་ཤིག་ཡིན་པས། དེ་ལ་གུས་བཀུར་ཡོད་ཅེས་བཤད་ཡོད་པ་རེད། དུས་ཡུན་སྐར་མ་སུམ་ཅུ་རིང་གི་ཁྲི་འདོན་གསུང་བཤད་དེ་རྫོགས་མ་ཐག རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས “ལྕམ་ཚེ་ཡིན་ཝིན་གྱི་མ་གེ་མོག་གེ་བྱས་ནས “༩༢ སྤྱི་མོས་གྲོས་མཐུན” ལ་ངོས་ལེན་གསལ་བོ་གནང་མེད་པས། མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བ་ནི་ངེས་པར་དུ་ལན་འདེབས་དགོས་པའི་རྒྱུགས་གཞི་ཞིག་ཡིན་པས། དེ་ན་མ་གེ་མོག་གེ་བྱས་སའི་བར་སྟོང་ཞིག་རྩ་བ་ཉིད་ནས་མེད ” ཅེས་ངར་སྐད་བརྒྱབས་ཡོད་པ་རེད།

         དེ་བཞིན་དུ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་འགན་འཛིན་ཀྲང་ཀྲི་ཇུན་གྱིས་ཉེན་ཤས་གོང་དུ “གལ་ཏེ་ཐེ་ཝན་གྱི་འཕེལ་ཕྱོགས་དེ་རང་བཙན་ལ་ཕྱོགས་ཚེ་ཤི་ལམ་ལས་མེད ” ཅེས་ཉེན་བརྡ་བཏང་བ་དང་ཆབས་ཅིག “༩༢ སྤྱི་མོས་གྲོས་མཐུན ” ནི་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་འབྲེལ་འདྲིས་བྱེད་རྒྱུའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་དེ་ཡིན་ཞེས་བཤད་ཡོད་པ་རེད། དེའི་ཐད་ཐེ་ཝན་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་ལིན་ཆོན་ལགས་ཀྱིས། ཐེ་ཝན་དང་རྒྱ་ནག་སྐམ་ཆེན་པོ་གཉིས་ཀས་ཀུན་སློང་བཟང་པོ་ཁྱེར་ནས་ཕར་འགྲོ་ཚུར་འོང་བྱས་ན་ད་གཟོད་འབྲེལ་བ་ཇེ་བཟང་དུ་འགྲོ་ཐུབ་ཅེས་བཤད་ཡོད་པ་རེད།

        ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་ལ་ངོ་རྒོལ་བྱེད་རྒྱུ་ནི་རྒྱ་ནག་གཞུང་གི་གཏན་ཁེལ་བྱས་པའི་སྲིད་ཇུས་ཤིག་ཡིན་པས་དེ་ལ་ཡ་མཚར་སྐྱེ་རིན་ཅི་ཡང་མེད་ལ། བ་མ་ཤི་ལྕི་བ་འཛད་མེད་ཅེས་པའི་དཔེ་རེད།   མ་འདྲ་ས་དེ་དེ་སྔ་རྒྱ་ནག་གཞུང་གིས་ཁ་གསལ་བོ་བྱས་ནས་བཤད་མེད། ད་ལྟ་གསལ་བོར་བཤད་དགོས་དོན་དེ་ཐེ་ཝན་རང་བཙན་གྱི་རྣམ་པ་དེ་ཇེ་ཆེར་འཕེལ་རྒྱུར་བློ་དོགས་ཡོད་པས་ཡིན་པས། རྒྱ་ནག་གཞུང་གིས་རྣམ་འགྱུར་གསལ་བོར་མ་བཏོན་རང་བཏོན་ཆགས་པ་རེད།

        ༡༩༩༧ ལོར་སྐབས་དེའི་ཐེ་ཝན་གྱི་སྲིད་འཛིན་ལའེ་ཏེང་ཧས་ཀྱིས “རྒྱལ་ཁབ་གཉིས་སྨྲས་བ” ཞེས་པའི་ལངས་ཕྱོགས་དེ་བཏོན་པ་ནས་བཟུང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཞི་བའི་ཕར་རྒོལ་དང་དྲག་པོའི་འཇིགས་སྐུལ་རིགས་ད་བར་ དུ་ཆད་མྱོང་མེད། ཡིན་ན་ཡང་། ཐེ་ཝན་དེ་གནའ་ནས་དེ་རིང་བར་རྒྱལ་ཁབ་ཅིག་གི་ངོ་བོས་འཛམ་གླིང་འདིའི་སྟེང་གནས་ཡོད་པས། གནས་སྟངས་དེར་སྔོན་ཆད་གྱུར་བ་ཐོངས་མེད་ལ་མ་འོངས་པར་ཡང་འགྱུར་བ་མི་ཐོངས། རྒྱ་གཞུང་ལ་རྒྱལ་ཁབ་གཅིག་གྱུར་གྱི་འདུན་པ་ཡོད་པ་བདེན་མོད། འོན་ཀྱང་འདུན་པ་ག་ཚོད་ཅིག་ཡོད་པ་ཤེས་ཐབས་མེད། དེང་གི་ཆར། རྒྱ་ནག་གཞུང་གི་རྒྱལ་ཁབ་གཅིག་གྱུར་གྱི་འདུན་པ་དེ་སྒྲུབ་རྒྱུར་དུས་ཚིགས་གལ་ཆེན་གཉིས་ལ་ཁེལ་ཡོད་པར་འདོད་། གཅིག་ནི་མ་འོངས་འི་ལོ་ལྔ་ཡི་རྗེས་དེ ༢༠༢༡ ལོར་བསླེབ་དུས། རྒྱ་ནག་དམར་ཤོག་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་ཆེན་ཡིན་པས། དེ་དུས་གཅིག་བགྱིས་ན་དྲག་པོའི་ལམ་དུ་མེས་རྒྱལ་གཅིག་གྱུར་གྱི་འདུན་པ་བསྒྲུབ་སྲིད། གལ་ཏེ་དེ་དུས་འདུན་པ་དེ་མ་འགྲུབ་ཚེ། དུས་ཚུགས་གཉིས་པ་དེ ༡༩༤༩ ལོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དེ་ཡིན་དགོས། དེ་ད་དུང་ལོ ༣༣ གི་རྗེས་ཡིན་པས། དེའི་བར་དུ་རྒྱ་ནག་དེང་གཞུང་གིས་རྟེན་མིན་ཡང་བཤད་དཀའ་བས། ད་ལྟ་ཚོད་དཔག་བྱས་ན་སྔ་དྲགས་པའི་སྐྱོན་ཡོད་པར་སྙམ།

 

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s