སྨྱུག་མདའ།


བར་ཐག

ཉི་མ་ལྡེ་ས་སྣང་བ་ཡན་ས་ཞིག།
རྣམ་ཤེས་འཁྱགས་ཤིང་དྲན་པ་ཕྱིར་བའོ།།
ཨ་ལན་མེད་པའི་སྐར་མ་བཏབ་པ་འདི།།
མེ་ཏོག་མཛེས་པ་ཁོ་ནས་བྱིན་པའོ།།
སྤྱན་གྱི་མདའ་རྩེ་སྙིང་ལ་ཟུགས་པ་ན།།
འཛུབ་མོས་ཡི་གེར་ལན་འགར་བཀྲུས་པའོ།།
སྔོན་གྱི་དེ་རིང་ངོ་མདངས་ཤར་བའི་ཚེ།།
ང་རང་སུ་ཡི་རྨི་ལམ་རྗེས་སུ་བསྔོ།།
བྱད་གཟུགས་ནག་མ་ཡིད་ཀྱི་གཏིང་མཐའ་ན།།
ཞོགས་པ་ཟེར་བའི་དྲོད་ཅིག་སློང་བའོ།།

༢༠༡༦ ། ༥། ༢༨ ཉིན།


དར་འུབ་པ།

ཉི་འོད་འབབ་སར་རོལ་དབྱངས་ཟ་ཟི་ཞིག།
ཡི་གེའི་ནང་དུ་འདྲོགས་ཤིག་བསླངས་པའང་།།
མཚན་གཞུང་ལ་མོ་བརྒལ་བའི་རྡོག་སྒྲ་འོ།།

ཐག་རིང་ཐག་རིང་ཟེར་ནས་འུད་པ་ན།།
ཤར་དང་ནུབ་ཀྱི་ཐ་སྙད་པ་ཏྲ་མ།།
མགྲིན་པ་མདོག་འགྱུར་མ་ཡི་སྦུགས་སུ་ཕབ།།

སྡོང་ལོ་རྐང་གཅིག་རླུང་ཁར་ཞོགས་པ་ན།།
སྐོམ་པའི་ཉམས་ཤིག་ཕྱིར་དུ་སྣོན་པ་དང་།།
སྟོང་བའི་ངོ་བོར་སྟོང་བ་གཞན་ཞིག་མིད།།

གློག་སྒོ་དམ་པོར་བརྒྱབ་པའི་བར་གླགས་ལ།།
ཤ་དང་རུས་པ་ཉེས་པའི་བརྡ་རྟགས་ཤིག།
ལྷིང་འཇགས་རེ་རེའི་ཕྱི་ནང་བརྟོལ་ཏེ་འོ།།

དུས་ཚོད་ཟེར་བ་ས་ལམ་དཔར་ཤིང་ཞེས།།
ཆིག་ལབ་སྣེ་མོར་སྦྲེལ་བའི་མི་ཕོས་ཀྱང་།།
མུན་པའི་ཟུར་ན་སྐད་ཅིག་ཐྲག་ཐྲག་གྲག།

ཕར་འགྲོ་ཉེ་ལ་རིང་བའི་གོ་རིམ་ན།།
རྟེན་འབྲེལ་ཁ་བཏགས་སྣེ་མོར་ལག་པ་འཁྱུད།།
ཅིས་ཀྱང་སོས་དལ་ངང་དུ་བཞག་ཚུལ་ལོ།།

དགའ་སྐྱོ་བརླན་གཤེར་འདྲེས་མའི་ཡུལ་ངོས་ན།།
མི་ཡི་རྣམ་རྟོག་གཏིང་འདི་རྨི་ལམ་མཛོད།།
བདག་གི་སྟོང་སེམས་རིང་མོ་དབྱངས་སུ་བསྡུ།།

༢༠༡༦ ། ༥ ། ༡༩ ཉིན།


བདུད་བྷེ་དྲན་པ།

མེ་ཏོག་རྙིད་ནས་ཡུན་རིང་འགོར་ཐལ།།
རྒྱུན་སྐུད་ཆད་ནས་ནམ་ཕྱེད་ཟིན་ཐལ།།
ནམ་ཞིག་དབྱངས་ཀྱི་རི་ཚོམ་དེ་རུ།།
རང་སེམས་གས་ཁར་ལྷན་པ་རྙེད་དམ།།
གྱ་གྱུ་མང་བའི་རི་ཉག་ཕ་གིར།།
ཇ་ཐུན་ཙམ་གྱི་བརྡ་ཞིག་བཏང་བ།།
ཆར་རླུང་ཁྲོད་ཀྱི་སེམས་འགྱུ་སྐྱུར་མོ།།
དཔྱིད་སྡོང་ཐ་ཐོར་སྟེང་གི་སྙན་ངག།

༢༠༡༦། ༥ ། ༡༣ ཉིན།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

%d