གཟུངས་ཕྱུག་སྐྱིད།
ལམ་ནི་རྒྱང་རིང་རྒྱང་རིང་ཞིག
དྲན་པ་ཡང་རྒྱང་རིང་རྒྱང་རིང་ཞིག
བར་ཐག་ནི་ཤ་སྐྱིའི་བར་གྱི་མདུད་པ་དང་འདྲ་ལ
ལན་རེར་ཚོར་བའི་ནང་གི་ན་ཟུག་དང་མཚུངས།
བསམ་གཞིག་མང་པོའི་རབ་ཁ་ནས།
རང་ཉིད་ཇི་ལྟར་སྲ་མཁྲེགས་ཀྱིས་བསྡད་ཀྱང་།
ཅི་ཡིན་མ་ངེས་པའི་དྲན་སྣང་རྨས་མ་ཞིག
ཕྱི་རོལ་ནས་རླུང་བུ་བཞིན་བཞུར་ཡོང་སྟེ།
གཉོམ་དུང་དུང་གི་སྐྱོ་བ་དག་གི་སྟེང་འོག་ཡང་ཡང་སྔོག
དྲན་སྣང་གི་ནམ་མཁའ་ལ་མཐའ་མེད་པ་བདེན་ན།
དེ་རིང་གི་བར་སྣང་ཡང་འདི་ལྟར་དམའ་དོན་ཅི།
བྱེའུ་འཕུར་འགྲོས་ལས་ཐུང་བའི་སྐད་ཆའི་གཤོག་པ་དག
བསམ་གཟས་ནས་བར་ཐག་གི་དྲན་པར་བཙངས་ཤིང་།
མིག་གི་རི་མོ་ཡང་གྱེས་བྲལ་གྱི་ཆར་བས་ཡང་ཡང་བརླན།
རང་ཉིད་ནི་མ་གཞི་ནས་ས་གཞིའི་སྟེང་གི
ཆེས་གཉོམ་པའི་སེམས་པ་ཞིག་ཡིན་པ་གཞི་ནས་ཚོར།
ཁ་ཁུ་སིམ་པའི་མཚན་སྨག་ཁྲོད་ཀྱི་རྨི་ལམ་རིང་མོ།
ཁྱེད་ཀྱིས་བདག་དང་བདག་གི
རྨི་ལམ་གྱི་མཛེས་པ་དག་ཁྱེར་ནས་གང་དུ་འགྲོ
སྐྱོ་སྣང་ལ་མཐའ་མེད་དུས།
དྲན་ཤིང་ལ་ཡང་མཐའ་མེད་དུས།
རང་ཉིད་ནི་མ་གཞི་ནས་ཁེར་རྐྱང་འཚོལ་བའི་རྨི་ལམ་ཞིག་དང་འདྲ་ཨང་།
༢༠༡༦། ༠༤ ། ༠༣
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག