བོད་བཙན་པོའི་གདུང་རྒྱུད་ཙོང་ཁ་རྒྱལ་པོ་དུས་སྐབས་ཀྱི་གྱི་ཐང་ཐུ་བྷོད་སྲིད་དབང་།
རྩོམ་པ་པོ་ཐང་ཁད་ཅན།  བསྒྱུར་མཁན་གཅན་མུ་ཏིག
        ༄༅།།གྱི་ཐང་ཐུ་བྷོད་སྲིད་དབང་སྟེ།  འདི་ནི་སུང་རྒྱལ་རབས་ཀྱི་སྐབས་སུ་མདོ་སྨད་བོད་ རིགས་ཀྱིས་བཙུགས་པའི་གྱི་ཐང་མཁར་ལྟེ་བ་བྱས་པའི་བོད་རིགས་ཀྱི་ས་གནས་སྲིད་དབང་ཞིག་ཡིན།  འདི་སྤྱི་ལོ་ 1008  ལོའི་སུང་ཀྲིན་ཙུང་གི་སྐབས་སུ་ཐོག་མར་བྱུང་བའི་རྒྱལ་སྲས་ནས་རྩིས་ཏེ།   སྤྱི་ལོ་1116  ལོའི་སུང་ཝེ་ཙུང་གི་དུས་རྒྱལ་སྲས་ཀྱི་མངའ་ཁོངས་ཡོངས་སུ་རྫོགས་པ་སུང་རྒྱལ་རབས་ཀྱི་རྫོང་ཁོངས་སུ་བཙུད་པའི་བར་ཁྱོན་བསྡོམས་ལོ་ངོ་108 འདས་ཤིང་སྲིང་སྐྱོང་གི་མངའ་བདག་སྔ་ཕྱིར་རྒྱལ་སྲས།  ལྡོང་བཙན།  ཨ་ལི་གོ   བྱ་བཙན།  ལུང་བཙན།  ལུང་བཙན་གཞོན་པ་བཅས་རྒྱལ་པོ་དྲུག་བྱོན།  དུས་རབས་དགུ་པ་ནས་བཅུ་གསུམ་གྱི་བར་ནི་བོད་སིལ་བུའི་སྐབས་དང་མདོ་སྨད་ཀྱི་ཙོང་ཁ་རྒྱལ་པོ་དང་མངའ་རིས་གུ་གེ་རྒྱལ་པོ་གཉིས་ནི་སྐབས་དེ་ཤེད་དུ་བོད་མི་རིགས་ཀྱིས་བཙུགས་པའི་ཆེས་སྟོབས་ཤུགས་ཅན་གྱི་སྲིད་དབང་གཉིས་རེད།   ལྷག་པར་དུ་ཙོང་ཁའི་སྲིད་དབང་ནི་སྐབས་དེར་ཡུལ་དབུས་ (中原)  རྒྱལ་རབས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་དབང་ཞིག་རེད།   དེ་བས་ཙོང་ཁའི་སྲིད་དབང་ལ་ཞིབ་འཇུག་གཏིང་ཟབ་ཅིག་བྱེད་པ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་སྣང་ཆུང་བྱ་ཐབས་བྲལ་བ་ཞིག་ཡིན།   རྕོམ་ཡིག་འདིས་རྒྱལ་སྲས་དབང་བསྒྱུར་དུས་སྐབས་ཀྱི་ཙོང་ཁའི་སྲིད་དབང་གི་ལོ་རྒྱུས་ལ་ཅུང་མ་ལག་ཚང་བའི་རྟོག་ཞིབ་བྱས་ཏེ།   འཐུས་སྒོ་ཚང་བའི་སྒྲོམ་གཞི་ཞིག་བསྐྲུན་པར་འབད་བརྩོན་བྱེད་ཀྱིན་ཡོད།


གཅིག རྒྱལ་སྲས་སྲིད་དབང་མ་་བཙུགས་སྔོན་གྱི་ཧི་ལུང་河陇་ཀན་སུའུ་ཞིང་ཆེན་གྱི་ནུབ་རྒྱུད་ཁུལ་གྱི་གནས་བབ།
         ཐང་མཇུག་གི་ལོ་རབས་ལྔའི་སྐབས་ཀྱི་ཀན་སུའུ་ནུབ་ཁུལ་གྱི་མི་རིགས་གནད་དོན་རྙོག་འཛིང་རང་བཞིན་དེ་ཀུན་གྱིས་ཤེས་གསལ་དུ་གྱུར་པའི་གནས་ཚུལ་ཞིག་རེད།  སུང་རྒྱལ་རབས་བཙུགས་རྗེས་མི་རིགས་འདྲེས་མའི་རྣམ་པ་དེ་བས་ཀྱང་མངོན་གསལ་དོད་པོར་གྱུར།   དཔེར་ན་ལུང་རིགས་龙族དང།  ཐུང་ཅ通颊།   ལྷོ་རི་南山།   འ་ཞ་吐浑།   ཐུ་ཇོ་突厥།    བིན་མོ་塭末 སོགས་མི་རིགས་སུ་འབོད་པའི་ཚོ་ཁག་རྣམས་མེད་པར་གྱུར།  དེ་རྣམས་མི་ཉག་党项 དང་།  ཐུ་བྷོད་། གྲུ་གུ་回纥བཅས་མི་རིགས་ཆེན་པོ་གསུམ་གྱི་སྡེ་ཁག་ཏུ་འཐིམ་སྟེ།  ཀན་སུའུ་ནུབ་རྒྱུད་ཧྲིལ་བོ་རྩ་བའི་ཆ་ནས་རིགས་ཆེན་པོ་འདི་གསུམ་གྱིས་ཕན་ཚུན་དཔུང་ཤུགས་ངོམ་ས་ཞིག་ཏུ་གྱུར།   ཞ་ཀྲིག་夏州 སྲིད་དབང་སྲོག་ཤིང་བྱས་པའི་མི་ཉག་འཕེལ་རྒྱས་སུ་ཕྱིན་པ་ཧ་ཅང་མགྱོགས་པས་མི་ཉག་ཚོ་དཔོན་ལི་ཇུས་ཆེན་གྱིས་སྤྱི་ལོ་ 982 ལོའི་སུང་ཐའེ་ཙུང་ལ་ངོ་ལོག་ཅིང་སྤྱི་ལོ་1002  ལོའི་སུང་ཀྲིན་ཙུང་གི་དུས་ལིན་ཀྲུའུ་ 灵州་ འཕྲོག་པས་དེའི་སྟོབས་ཤུགས་དབྱར་གྱི་མཚོ་མོ་བཞིན་རྒྱས་ཏེ།   མི་ཉག་ཚོ་བའི་རྒྱ་བསྐྱེད་ཀྱི་མིག་རྒྱང་ནུབ་ཕྱོགས་སུ་བསྲིངས་ཤིང་ནུབ་ཀྱི་བོད་དང་བྱང་གྲུ་གུའི་རྟ་རྒོད་བཅས་འཕྲོག་བཅོམ་བྱས་པས་ནུབ་བྱང་ཁུལ་གྱི་དབང་ཤེད་ཅན་དུ་གྱུར།   སུང་ཀྲིན་ཙུང་གི་དུས་རོང་དྲུག་འཚོ་བའི་ཚོ་དཔོན་ཐོག་མ་འཕན་བློ་གྲོས་ལིས་ཇུས་ཆེན་གྱི་ཕྱོགས་གཏོགས་པའི་གཡོ་ཇུས་ཀྱིས་འཆི་ལམ་དུ་བརྫངས་རྗེས་མི་ཉག་ཚོ་དཔོན་ལིས་ཏིག་མིན་གྱིས་རོང་དྲུག་ཚོ་བ་ཟང་ཟིང་དུ་གྱུར་བའི་སྐབས་དང་བསྟུན་ནས་ལིང་ཀྲིག་ 凉州 མཁར་གཏོར་བས་མི་ཉག་ཚོ་ཁག་གི་གཟི་རྔམ་གྱི་བ་དན་དགུང་དུ་བསྒྲེངས།  དེ་དུས་ཀྲིང་ཕོས་ 张浦 དེང་ལིང་ཀྲིག་མཁར་བླངས་པས་རྒྱལ་ཁའི་གཟི་རྔམ་དར་ཟིན་ཅེས་སྨྲས།  འདིས་མི་ཉག་དང་།  བོད།  གྲུ་གུ་བཅས་རིགས་ཆེན་པོ་འདི་གསུམ་ཡུན་རིང་ལ་རྩ་བའི་སྟོབས་ཤུགས་མཉམ་གནས་བྱེད་པའི་གནས་བབ་རྨང་ནས་གཏོར་བས་བོད་དང་གྲུ་གུ་གཉིས་ཆགས་འཇིག་གི་གཡང་ལ་འཕངས།
          ལིང་ཀྲིག་་་འཕན་བློ་གྲོས་འདས་རྗེས་རོང་དྲུག་ཚོ་བའི་སྲིད་དབང་གི་སྟོབས་ཤུགས་ཡོངས་སུ་ཟད་མེད་ལ་རོང་དྲུག་ཚོ་བའི་ཚོ་དཔོན་རྣམས་ཀྱིས་བསྐྱར་དུ་འཕན་བློ་གྲོས་ཀྱི་ནུ་བོ་བསེའུ་སྟོབས་རོང་དྲུག་ཚོ་བའི་མགོ་དཔོན་དུ་བསྐོས།   བསེའུ་སྟོབས་ལ་བོད་ཀྱི་ཚོ་བ་རྣམས་ཀྱི་ཁྲོད་དུ་མཚན་སྙན་ཅུང་མཐོ་བར་སྣང་སྟེ།   བཤད་སྲོལ་ལ་བསེའུ་སྟོབས་ནི་བརྟན་བརླིང་ཞི་འཇམ་ལྡན་པ་ཞིག་དང་།   ཚོ་དཔོན་རྣམས་འདུ་ཐེངས་རེར་མཆོད་ཆང་གི་ཐོག་མ་ཁོང་ལ་འདྲེན་དགོས་ཤིང་དེའི་བཀའ་དང་འགལ་ཚེ་ཉེ་རིང་གི་དབྱེ་བ་མེད་པར་ཁྲིམས་ལ་སྦྱོར་བས་ཁུལ་དེའི་མི་རྣམས་ཀྱིས་ཁོང་ལ་བཀུར་བསྟི་བཟང་བོ་བྱེད་ཟེར།   སུང་རྒྱལ་རབས་ཀྱིས་ཀྱང་ཁོང་ཉིད་དེ་མ་ཐག་ངོས་ལེན་མཛད་དེ་ 1004 ལོར་བསེའུ་སྟོབས་སའོ་ཧྥང་དམག་གི་བཀོད་འདོམ་པ་དང་།  ལིན་ཀྲུའུ་ནུབ་མའི་ལྟ་ཞིབ་དཔོན།   རོང་དྲུག་ཚོ་བའི་ཚོ་དཔོན་ཆེན་མོ་བཅས་སུ་བསྐོས་པར་མ་ཟད།   ད་དུང་དཔལ་འབྱོར་དང་དམག་དོན་གཉིས་གྱི་ཐད་ནས་བསེའུ་སྟོབས་ཀྱི་སྲིད་དབང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་སྤྱི་ལོ་1004  ལོའི་ལོ་མཇུག་ཙམ་ལ་བསེའུ་སྟོབས་ཀྱིས་ལིང་ཀྲིག་མཁར་ཕྱིར་བླངས་ཏེ།   སུང་རྒྱལ་རབས་དང་འབྲེལ་བ་དམ་ཟབ་བྱུང་ཡང་བོད་ཀྱི་ཚོ་ཁག་རྣམས་ཀྱི་ཁྲོད་བསེའུ་སྟོབས་ཀྱི་དབང་ཤུགས་དང་མི་སྒེར་གྱི་འཇོན་ཐང་བཅས་འཕན་བློ་གྲོས་ཀྱི་དོ་ཟླར་མ་འོངས་ལ་ལིང་ཀྲིག་ 凉州  རོང་དྲུག་ཚོ་བའི་ནང་གི་མི་སྣ་གཉིས་པ་འབྲི་བོན་གཡུ་ལུང་འབུམ་རྩེས་རང་གི་མངའ་གཡོག་རྣམས་ཁྲིད་ནས་མི་ཉག་ཚོ་བར་མགོ་བཏགས་པས་བསེའུ་སྟོབས་ཀྱིས་དབང་བསྒྱུར་བའི་ཚོ་ཁག་གི་སྟོབས་ཤུགས་དེའང་འཕན་བློ་གྲོས་ཀྱི་དུས་སྐབས་ལས་དམན།    སྐབས་དེ་ཤེད་དུ་སུང་རྒྱལ་རབས་ཀྱི་འཛིན་སྐྱོང་དཔོན་རིགས་ཤིག་གིས་འདི་ལྟར་བརྗོད་ཡོད་དེ།   ཏིག་མིན་གྱིས་དུས་སྐབས་འདི་དམ་བཟུང་གིས་རོང་དྲུག་ཚོ་བར་རྒོལ་ན་སྙམ།   འོན་ཏེ་འཕན་བློ་གྲོས་ད་དུང་བཞུགས་ཀྱང་ཏིག་མིན་འཛེམ་ཟོན་མི་དགོས།   དེང་སང་འཕན་བློ་གྲོས་འདས་བཀྲོངས་སུ་ཕྱིན་པས་བསེའུ་སྟོབས་དེའི་དོ་ཡ་མིན་ཟེར།   བསེའུ་སྟོབས་ཀྱི་སྣེ་ཁྲིད་འོག་མི་ཉག་ཚོ་ཁག་གི་ཚུར་རྒོལ་རྣམས་ལན་དུ་མར་ཕར་བསྐྲད་དེ་བསེའུ་སྟོབས་ཀྱིས་འགོ་ཁྲིད་པའི་ལིང་ཀྲིག་རོང་དྲུག་ཚོ་བ་མིང་ཐོག་ནས་ལོ་ངོ་བཅུ་ཙམ་ལ་གནས་ཀྱང་དོན་དངོས་ཐོག་ཀན་སུའུ་ནུབ་རྒྱུད་ཀྱི་བོད་ཀྱི་ཚོ་བ་རྣམས་སླར་ཡང་གཙོ་ཤུགས་དབེན་པའི་གནས་སུ་གྱར།   བོད་མི་ཚོས་དཔའ་རིས་སུ་འབོད་པའི་རོང་དྲུག་ཚོ་དཔོན་བསེའུ་སྟོབས་ཀྱིས་ཀན་སུའུ་ནུབ་རྒྱུད་ཧྲིལ་པོའི་བོད་ཀྱི་ཚོ་ཁག་རྣམས་དབང་བསྒྱུར་བྱེད་མ་ཐུབ་པས་རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ཙོང་ཁའི་ཚོ་བ་རྣམས་ཐོག་མར་ལིང་ཀྲིག་རོང་དྲུག་ཚོ་བ་ལས་བུད།   ཅིན་ཏིག་ཁྲི་ལོ་དང་པོའི་སྐབས་སུ་ཙོང་ཁའི་ཚོ་བ་ནི་ད་དུང་ལིང་ཀྲིག་སྲིང་དབང་དུ་གཏོགས་པའི་ཚོ་བ་ཞིག་རེད།  ཅིན་ཏིག་ཁྲི་ལོ་གསུམ་པ་སྤྱི་ལོ་ 1006  ལོར་ཙོང་ཁ་ཚོ་བས་རང་གི་ཚོ་བའི་མིང་ཐོག་ནས་ཐད་ཀར་དབང་ཤུགས་ཚད་མགོ་ཚུགས།   སུང་གི་འདུ་ཚོགས་《宋会要。方域》 ལས་ཅིན་ཏིག་ཁྲི་ལོ་གསུམ་པར་མི་ཉག་དང་།  ཅའོ་ཀྲུའུ་交州།  ནུབ་བོད།  ལའོ་ནུབ་མ།大石།  ལི་ཡུལ་龟兹།  ཡི་ཐན་于阗།   ཀན་ཀྲུའུ་甘州  ཙོང་ཁ་བཅས་ཀྱིས་བཏེགས་པའི་སྐྱེས་འབུལ་བཞེས་ཞེས་བཀོད་ཅིང་འདིས་ཅིན་ཏིག་ཁྲི་ལོ་གསུམ་པའི་སྐབས་ཀྱི་ཙོང་ཁ་ཚོ་བས་རང་མགོ་ཐོན་ཏེ།  སུང་གོང་མར་ལེགས་སྐྱེས་ཕུལ་པར་མ་ཟད།   ད་དུང་སུང་གོང་མས་མཐོང་ཆེན་བྱས་ཏེ།   ཙོང་ཁ་དེ་ཡི་ཐན་དང་ཀན་ཀྲིག   གྲུ་གུ་སྲིད་དབང་བཅས་གོ་གནས་གཅིག་ཏུ་སླེབས་པ་མཚོན་ཡོད།   དེ་མིན་རྨ་ཆུ་དང་ཙོང་ཆུ་བཞུར་རྒྱུད་ཀྱི་བོད་མི་སྟེ།   ཙོང་ཁའི་ཚོ་བ་རྣམས་ལིང་ཀྲིག་རོང་དྲུག་ཚོ་བ་ལས་གྱེས་ཏེ།   རང་ཉིད་དར་རྒྱས་ཀྱི་ལམ་སྣེར་ཞུགས་མགོ་ཚུགས།   སྐབས་འདིའི་ཤེད་དུ་བོད་ཀྱི་ཚོ་ཁག་མི་ཉུང་བ་ཞིག་ཀྱང་རོང་དྲུག་ཚོ་བའི་སྲིད་དབང་དང་བྲལ།   བསྡུ་བསྒྲིགས་རིང་མོ་།<<长遍>>  ལས་སྤྱི་ལོ་1010  ལོར་ཝེ་ཀྲིག་渭州  བོད་ཀྱི་ཚོ་དཔོན་ཁྲོ་ཁུག་ཙོང་  绰克宗  སུང་ལ་རྟ་འབུལ་བར་སླེབས།  གྲོ་ཁུག་ཙོང་གིས་སྔར་ཁོང་ཞི་ལིང་གཞུང་  西凉府  གི་མངའ་གཏོགས་ཡིན་ལ་མི་ཉག་ཇུས་ཆེན་གྱིས་གཏོར་རྗེས་ཁན་ཀའོའི་ 龛谷 ཕྱོགས་སུ་སྤར་ཞེས་བརྗོད།  དེ་མིན་དེང་སང་མཚོ་སྔོན་རྨ་ཆུའི་ལྷོ་རྒྱུད་རྣམས་ཀྱང་ལིང་ཀྲིག་རོང་དྲུག་ཚོ་བའི་སྲིད་དབང་དང་གྱེས་འདུག།  །<<长遍>> ་ལེའུ་ལྔ་བརྒྱ་བཅུ་མེད་བདུན་གྱི་གྱི་ཐང་ཟིན་ཐོ་ཞེས་པ་ལས།  ཐོག་མར་རྒྱལ་སྲས་ཀྱི་སྤུན་བཀྲ་ཤིས་གཡུ་ལུང་གིས་རྨ་ཆུའི་ལྷོ་ཕྱོགས་ཀྱི་ཚོ་བ་རྣམས་བསྡུས་ནས་རྒྱལ་སྲས་དང་མངའ་ཁུལ་ཁག་བགོས་ཏེ་དབང་བསྒྱུར་བས་ཕན་ཚུན་ལ་ཐེ་གཏོགས་མི་བྱེད་ཟེར།  སྔོན་གྱི་ཚོ་བ་རྣམས་རྨང་ནས་མ་ཉིལ་ཡང་དོན་དངོས་ཐོག་ཧི་ལུང་ཁུལ་ཧྲིལ་པོའི་བོད་ཀྱི་ཚོ་བར་དབང་བསྒྱུར་ཡང་དག་ཅིག་བྱེད་པའི་སྟོབས་ཤུགས་མེད་པ་བདེན་དཔང་བྱས།  དེ་བས་དམག་ཤུགས་ཆེ་ཆེར་ལྡན་པའི་མི་ཉག་ཚོ་ཁག་གིས་རིམ་གྱིས་དབང་ཤུགས་བསྐྱེད་འོངས་དུས་གཅིག་གྱུར་མེད་པར་རང་ས་རང་བཟུང་དང་རང་དཔོན་རང་གིས་བྱེད་པའི་ཧི་ལུང་ཁུལ་གྱི་བོད་ཀྱི་ཚོ་ཁག་རྣམས་ངེས་པར་དུ་གཅིག་གྱུར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་གྲུབ་པའི་སྲིད་དབང་ཅིག་ཏུ་གྱུར་ཏེ་མི་ཉག་ལ་རྒོལ་དགོས།  དེ་མིན་ཚེ་མི་ཉག་ཚོ་ཁག་གིས་ཁྱུར་མིད་གཏོང་བའི་ལས་དབང་དེ་ལྡོག་དཀའ་བས་རྒྱལ་སྲས་ཀྱི་སྲིད་དབང་ནི་འདི་ལྟ་བུའི་གནས་བབས་འོག་བྱུང་བ་རེད།

གཉིས།  ཙོང་ཁ་ཚོ་བའི་འཕེལ་རྒྱས་དང་རྒྱལ་སྲས་སྲིད་དབང་འཛུགས་སྐྲུན།
      ཙོང་ཁ་ཚོ་བ་ལིང་ཀྲིག་རོང་དྲུག་ཚོ་བ་ལས་བུད་རྗེས་དེའི་སྟོབས་ཤུགས་ཉིན་རེ་བཞིན་འཕེལ་རྒྱས་བྱུང་།   སྔར་རོང་དྲུག་ཚོ་བའི་ཁོངས་གཏོགས་སུ་གྱུར་པའི་དམེ་ནོ་ཚོ་ཆེན་ཡང་མ་པོ་ཚོ་བ་དང་མཉམ་དུ་ཙོང་ཁ་ཚོ་བའི་ནང་ཞུགས།  འདི་ལྟར་ཚོ་ཁག་རྣམས་གཅིག་རྗེས་གཉིས་མཐུད་ངང་ཙོང་ཁ་ཚོ་བའི་ནང་ཞུགས་པས་དེའི་སྟོབས་ཤུགས་གློ་བུར་དུ་རྒྱ་བསྐྱེད་བྱུང་།   སུང་ཀྲིན་ཙུང་ཀྲུང་ཞང་ཁྲི་ལོ་སྟེ།   སྤྱི་ལོ་1008 ནང་1016  བར་ཙོང་ཁ་ཚོ་བ་རྨ་ཆུ་དང་ཙོང་ཆུ་རྒྱུད་ཀྱི་ཆེས་སྟོབས་ཤུགས་ལྡན་པའི་བོད་ཀྱི་ཚོ་ཆེན་ཞིག་ཏུ་གྱུར།   རོང་དྲུག་ཚོ་བའི་ཀན་སུའུ་ལྷོ་རྒྱུད་ཀྱི་གོ་གནས་དེ་ཙོང་ཁའི་ཡུལ་ཁམས་ཀྱི་ཙོང་ཁ་ཚོ་བས་བཟུང་བ་འདི་ནི་ཟློག་དཀའ་བའི་ལོ་རྒྱུས་ཀྱི་འཕེལ་རྒྱས་རེད།
         ཙོང་ཁ་ཚོ་བ་དེ་ཧ་ལམ་ཕྱོགས་ཁག་ཆེན་པོ་གཉིས་སུ་དབྱེ་ཆོག་སྟེ།   གཅིག་ནི་ཙོང་ཁའི་མཁར་ 平安  གྱི་ཀླུ་ལུ་བཙན་ཕྱོགས་ཁག་དང་།   གཞན་ཞིག་ནི་མའོ་ཁྲོན་མཁར་ 乐都 གྱི་བོན་པོ་ཆིས་ཕྱོགས་ཁག་རེད།   ལིང་ཀྲིག་རོང་དྲུག་ཚོ་བ་རྨང་ནས་ཁ་འཐོར་དུ་མ་ཕྱིན་སྔོན་ལ་ཕྱོགས་ཁག་འདི་གཉིས་ལ་སྟོབས་ཤུགས་ཅི་ཙམ་ཡོད་དམ།   དེ་ཡང་སུང་གི་འདུ་ཚོགས་《宋会要。蕃夷》ལས་སྐབས་ཤིག་ལ་ཙོང་ཁའི་ཀླུ་ལུ་བཙུན་དང་།  རྒྱལ་སྲས།  བོན་པོ་ཆིས་བཅས་ཀྱི་ས་ཁོངས་སུ་རུ་ཁྱིམ་རབ་ཏུ་འཕེལ་ཏེ།  ཧྲག་དམག་ཁྲི་དྲུག་བདུན་ཙམ་བྱུང་ཞེས་བཀོད།  འདིར་ཧྲག་དམག་ཅེས་བཀོད་པ་ནི་རྩལ་སྟོབས་ཀྱི་ཁོ་ལག་རྫོགས་པའི་དཔའ་རྟུལ་ཁོ་ན་ལས་ཙོང་ཁའི་དཔུང་དམག་ཡོངས་སུ་རྫོགས་པ་འདུས་མེད། 《宋会要。蕃夷》ནང་བོན་པོ་ཆིས་ཀྱི་ཚ་བོ་བོན་ནག་གྲི་ཡུམ་ཁྲི་སིས་ 温讷支郢成四  ཀྱིས་མའོ་ཁྲོན་ཚོ་དཔོན་གྱི་འགན་འཁུར་དུས་དེའི་མངའ་ཞབས་སུ་གྱུར་པའི་ཚོ་ཁག་ཉེར་བརྒྱད་ལ་ཕལ་ཆེར་རུ་དམག་ཁྲི་དྲུག་དང་བཞི་སྟོང་ཡོད་པར་འདོད།  དེ་ནི་ཕྱིས་ཀྱི་ཀླུ་ལུ་བཙན་ཕྱོགས་ཁག་ཉམས་རྒུད་དང་འབྲེལ་བ་སྨོས་ག་ལ་དགོས།  བསྡུ་བསྒྲིགས་རིང་མོ《长编》་ལེའུ་བརྒྱད་པའི་རྒྱལ་སྲས་དང་།  ཀླུ་ལུ་བཙུན་གྱི་སྐབས་ཝང་ཏན་གྱིས་ཀྲུང་ཞང་ཁྲི་ལོ་དགུ་པར་རྒྱལ་སྲས་ཀྱིས་ཁྲིམས་ལུགས་གཏན་འབེལ་བྱས་ཏེ།  རྒྱལ་ཁྲིམས་བཙུགས་པས་འབངས་མི་ཁྲི་གསུམ་ཙམ་གཅིག་གྱུར་བྱས་ཟེར།  འདི་ནི་ཕལ་ཆེར་ཀླུ་ལུ་བཙུན་ཕྱོགས་ཁག་ལ་མངའ་ཞབས་འབངས་མི་ཁྲི་སུམ་ཅུ་ཙམ་དབང་པའི་མངའ་ཐང་ཆེས་དར་བའི་སྐབས་དང་བོན་པོ་ཆིས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱང་ཕལ་ཆེར་དེ་དང་འདྲ་མཉམ་རེད།  དུད་ཁྱིམ་རེ་ནས་དམག་རེ་དང་།  དུད་ཁྱིམ་རེར་མི་ལྔ་རྩིས་ན་དེར་ཡང་མི་འབོར་ཁྲི་སུམ་ཅུ་ཙམ་དང་དམག་མི་ཁྲི་དྲུག་ལྷག་ཡོད་པ་རེད།
       ད་དུང་ངེས་པར་དུ་གསལ་བཤད་ཅིག་བྱེད་དགོས་པ་ནི་ཙོང་ཁ་ཚོ་བའི་ནང་དབང་ཤུགས་ཆེས་ཆེ་བའི་ཕྱོགས་ཁག་རྣམ་གཉིས་ནི་རྩ་བ་ནས་ཐ་དད་པའི་ཆོས་ལུགས་ཀྱི་ཕྱོགས་ཁག་གཉིས་རེད།   ཀླུ་ལུ་བཙན་ཕྱོགས་ཁག་ནི་ནང་པའི་བླ་དཔོན་ཚོས་དབུ་ཁྲིད་པའི་ཕྱོགས་ཁག་ཅིག་སྟེ།   ཀླུ་ལུ་བཙུན་ལ་ཀླུ་བཙུན་ནམ་ཡང་ན་རིན་པོ་ཆེའང་ཟེར།  བསྡུ་བསྒྲིགས་རིང་མོ་《长编》་ལེའུ་བརྒྱད་པར་ཀླུ་ལུ་བཙུན་ཐོག་མར་རབ་ཏུ་བྱུང་བ་དང་།   ཕྱིས་སུ་ཁྱིམ་དུ་ལོག་ཅེས་བཀོད་འདུག   སུང་གི་འདུ་ཚོགས་《宋会要。蕃夷》་བདུན་ཆའི་བཞིའི་ནང་དུ་ཀླུ་བཙུན་རབ་བྱུང་ནས་ཁྱིམ་པར་བབས་ཏེ།   བོད་ཀྱི་ཚོ་བ་རྣམས་སུ་བཙུན་མོ་བཅོ་བརྒྱད་བླངས་པར་བཤད།   འདི་ནི་སུང་གི་ཕོ་ཉའི་གོ་ནོར་ཡིན་པ་སྨོས་ག་ལ་དགོས།   ཀླུ་ལུ་བཙུན་རབ་བྱུང་ནས་ཁྱིམ་པར་གྱུར་མེད་ལ་ཁོང་གིས་བོད་ཚོ་ཁག་རྣམས་ལས་བཙུན་མོ་བཅོ་བརྒྱད་བླངས་བས་ཁོང་ཁྱིམ་པ་བར་གྱུར་མེད་དེ།  དེ་ནི་སྐབས་དེ་ཤེད་ཀྱི་བོད་ནང་བསྟན་གྱི་ཁྱད་ཆོས་ཤིག་རེད།  ལྷོ་བྱང་སུང་གཉིས་ཀྱི་སྐབས་སུ་བོད་ཀྱི་ནང་ཆོས་དེ་བསྟན་པ་ཕྱི་དར་གྱི་སྐབས་ཏག་ཏག་ལ་འཁེལ་ཡོད་པས་སྐབས་དེར་གསང་སྔགས་ཀྱི་བསྟན་པ་ས་དར་རྡོ་དར་ལ་འགྲོ་བའི་དུས་རེད།   གསང་སྔགས་ཀྱི་བསྟན་པས་སྡོམ་ཁྲིམས་ལ་གཙིགས་ཆེན་མི་བྱེད་པས་རབ་བྱུང་བ་ཚོས་ཆུང་མ་བསུས་ནས་བུ་ཕྲུག་སྐྱེས་ཆོག   གནས་བབ་འདི་སུང་གི་མིན་ཀྲིག་ཀོན་རིན་བསམ་གཏན་གླིང་གི་རྡོ་རིང་ 《岷州广仁禅院碑》སྟེང་དངོས་སུ་བཀོད་འདུག་ལ་དེར་ཀླུ་བཙུན་སྟོན་པར་རྒྱུས་ཆེ་བ་ལས་སྡོམ་ཁྲིམས་མི་ཤེས་ཤིང་ཁོང་ལ་ཆུང་མ་མང་བས་གཡེམ་སྦྱོར་དང་སྲོག་གཅོད་བྱེད་ཅིང་ཤ་ཆང་བག་མེད་དུ་སྤྱོད་ཟེར།  སུང་གི་མི་རྣམས་ཀྱིས་ཀླུ་ལུ་བཙུན་གྱིས་ཆུང་མ་བླངས་བས་ཁྱིམ་པར་གྱུར་སྙམ་ཡང་།   དོན་དམ་ཐོག་ཀླུ་ལུ་བཙུན་ཕྱོགས་ཁག་ནི་ཐོག་མཐའ་ཀུན་ཏུ་ནང་བའི་བླ་དཔོན་ཚོས་སྣེ་ཁྲིད་པའི་ཕྱོགས་ཁག་ཅིག་རེད།  དེ་ལས་ལྡོག་སྟེ   །བོན་པོ་ཆིས་ནི་བོན་ཀྱི་ཕྱོགས་ཁག་ཅིག་དང་།   ཨ་མདོའི་སྐད་དུ་ 温逋  དང་བོན་པོ་ཤིན་ཏུ་ཉེ་བས་ཆིན་རྒྱལ་རབས་སྐབས་ཀྱི་མིས་ཀྱང་བོན་པོ་ཞེས་བསྒྱུར་འདུག   ཙོང་ཁའི་ཡུལ་རྒྱུད་ནི་བོན་ཅུང་དར་ཁྱབ་ཆེ་བའི་ས་ཁུལ་ཞིག་སྟེ།  ལྷག་པར་དུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས་བོན་གྱི་བསྟན་པ་རབ་ཏུ་རྒྱས་ཤིང་ཤུགས་རྐྱེན་དེ་ད་ལྟའི་བར་ཁུངས་འདེད་ཐུབ་པ་ཞིག་ཆགས་ཡོད།  མཚོ་ཤར་དང་།  མཚོ་ལྷོ།  རྨ་ལྷོ་སོགས་ས་ཁུལ་དུ་བོན་ལ་སྤྱི་ཚོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ད་དུང་ཡང་གསོན་པོར་གནས་ཡོད།  བོན་པོ་ཆིས་ཀྱི་བོན་པོ་ནི་ཀླུ་ལུ་བཙུན་གྱི་བཙུན་དང་འདྲ་བར་མི་སོ་སོའི་མཚན་གྱིས་ཕྱོགས་གཏོགས་སུ་གྱུར་པའི་ཁོ་ཚོའི་ཆོས་ལུགས་དེ་མཚོན་ཡོད།   སྐབས་འདིར་མཐོང་ཐུབ་པ་ནི་ཙོང་ཁ་ཚོ་བའི་ནང་ཁུལ་གྱི་ཆགས་གྲུབ་དེ་ཀླུ་ལུ་བཙུན་གཙོ་བྱས་པའི་ནང་པའི་ཕྱོགས་ཁག་དང་།  བོན་པོ་ཆིས་མགོ་ཁྲིད་པའི་བོན་ཆོས་ཕྱོགས་ཁག་གཉིས་རེད།  མི་ཉག་ཚོ་ཁག་གི་བཙན་འཛུལ་ལ་རྒོལ་ཕྱིར་དད་ཡུལ་མི་གཅིག་པའི་བོད་ཀྱི་ཆོས་ལུགས་ཕྱོགས་ཁག་འདི་གཉིས་ཀྱི་ཐུན་མོང་གི་ཚོ་བ་ནི་ཙོང་ཁའི་ཚོ་ཆེན་རེད།   ཚོ་ཁག་གཅིག་གི་ནང་དུ་སྟོབས་ཤུགས་མཉམ་གནས་བྱེད་པའི་ཕྱོགས་ཁག་གཉིས་བྱུང་བས་ཕྱོགས་གཅིག་གི་སྣེ་ཁྲིད་འོངས་ནས་ཚོ་བའི་དཔོན་བྱེད་པ་ནི་འོས་འཚམ་ཞིག་ག་ལ་ཡིན།   འདི་ལྟར་ཕྱོགས་ཁག་གཉིས་པོའི་སྟོབས་ཤུགས་དོ་མཉམ་འོང་ཕྱིར་གཟུ་བོར་གནས་མཁན་ཞིག་མཁོ་བའི་སྐབས་ཏག་ཏག་ལ་བོད་བཙན་པོའི་གདུང་རྒྱུད་དུ་གྲགས་པའི་རྒྱལ་སྲས་ཧི་ཀྲིག་ཁུལ་ལ་འབྱོར་བས་འདིས་དར་ཞིང་རྒྱས་བཞིན་པའི་ཙོང་ཁ་ཚོ་བའི་འཕེལ་རྒྱས་ཀྱི་སྒོ་གླེགས་ཕྱེ།
        རྒྱལ་སྲས་ཀྱི་སྐྱེས་ཁུངས་དང་འབྲེལ་བའི་གནད་དོན་ལ་བདག་གིས་སྡོམ་ཚིག་ཡེ་ནས་བཀོད་མ་མྱོངས་ལ་མིག་སྔར་ལག་སོན་བྱུང་བའི་རྒྱུ་ཆར་གཞིགས་ཚེ་རྒྱལ་སྲས་ནུབ་ཡུལ་ལམ་རྨ་ཙོང་ཆུ་བོའི་རྒྱུད་དུ་འཁྲུངས་མིན་དངོས་ནས་ཐག་གཅོད་བྱ་དཀའ་བར་སྣང་།   ལོ་རྒྱུས་ཡིག་ཆར་བཀོད་པ་རྣམས་རྙོག་འཛིང་ཆེ་ལ་ཕན་ཚུན་འགལ་བ་ལྟག་སྤྲོད་དུ་གྱུར་པས་ལོ་རྒྱུས་དང་རིགས་ལམ་གཉིས་གཞི་གཅིག་ཏུ་སྦྲེལ་ཐབས་བྲལ་བར་འདུག    སུང་གི་ལོ་རྒྱུས་དང་།   བསྡུ་བསྒྲིགས་རིམ་མོ 《长编》 ལུང་ཕིན་ཕྱོགས་བསྡུས 《隆瓶集》 སོགས་སུ་རྒྱལ་སྲས་མང་ཡུལ་དུ་སྐྱེས་པར་བརྗོད་པ་དང་ལིག་ཆིན་ཕྱོགས་བསྡུས་ 《乐全集》 ་གཙོས་རྒྱལ་སྲས་བསམ་ཡས་སུ་སྐྱེས་ཞེས་བཀོད།   དེ་ལས་ཧྥང་ཀྲིག་ཕྱོགས་བསྡུས་ཀྲའོ་ཇིན་ཝང་གི་དུར་བྱང་ 《方舟集。赵郡王墓志铭》 ནང་རྒྱལ་སྲས་ཆུང་དུས་ནས་ཉིན་ཀྲིག་ཏུ་འཚར་ཞིང་སྐབས་དེའི་རྗེ་བོར་རང་ཅག་སུང་གིས་བོན་གཤིན་རྗེ་ 温希结  ཟེར་ཞིང་བུ་གཉིས་བྱུང་ཞིང་དེ་ལ་བུན་ཞི་ 温希 དང་།  ཞི་ལེ་锡勒  བཅས་སུ་བཏགས།《长编》 གྱི་ཐང་ཟིན་ཐོར་ཐོག་མར་ཇ་ལུག་སི་ལེད་  嘉勒斯赉  ཀྱི་སྤུན་བཀྲ་ཤིས་གཡུ་ལུང་འབུམ་ནི་ཙོང་ཁའི་ལྷོ་རྒྱུད་ཀྱི་ཚོ་དཔོན་དུ་བསྐོས་ཏེ།  ཇ་ལུག་སི་ལེད་ 嘉勒斯赉  དང་ལོགས་སུ་མངའ་ཁུལ་ལ་དབང་བསྒྱུར་བྱས་ཟེར།  མཇུག་གི་བཤད་ཚུལ་འདི་གཉིས་ནི་གོང་གི་ཡིག་ཆའི་བཤད་སྒྲོས་དང་ཡོངས་སུ་འགལ་བར་མ་ཟད།  ད་དུང་ཡིག་ཆ་འདི་དག་གཅིག་ལས་གཅིག་བཙུན་པས་གཅིག་དོར་གཉིས་ལེན་བྱ་དཀའ་བར་གྱུར།   དེ་བས་ངས་སྔོན་ཆད་བྲིས་པའི་རྩོམ་ཡིག་འགའི་ནང་མཐའ་གཅིག་ཏུ་རྒྱལ་སྲས་དོན་དམ་ཐོག་ནུབ་ཡུལ་ལམ་རྨ་ཙོང་ཆུ་བོའི་ཕྱོགས་སུ་འཁྲུངས་མིན་ནི་ད་དུང་ཐག་གཅོད་དཀའ་བའི་གནས་རེད་ཅེས་ནན་བཤད་བྱས་མྱོང།
        འོན་ཏེ་ཅུང་ཟད་ཡིད་རྟོན་འཕེལ་བ་ནི་སྤྱི་ལོ་  1008  ལོར་རྒྱལ་སྲས་དགུང་ལོ་བཅུ་གཉིས་སྟེང་ཀན་ལྷོ་ཁུལ་དུ་འབྱོར།  དེ་ཡང་སུང་བོད་ཀྱི་ལོ་རྒྱུས་སུ་རྒྱལ་སྲས་དགུང་ལོ་བཅུ་གཉིས་སྟེང་ཀན་ལྷོ་བསོད་ནམས་སྙིང་བྱམས་གུང་ཐང་དུ་སྡོད་ཅིང་དེ་དུས་ཁོས་རྒྱལ་སྲས་ཀྱི་བྱད་བཞིན་སོགས་ཁྱད་པར་ཅན་དུ་མཐོང་བས་ཕྱིར་ཁྲིད་ནས་ཙིག་ཞིན་མཁར་དུ་བཞག་ཀྱང་རྒྱལ་སྲས་ཀྱིས་ཧི་ཀྲིག་ཏུ་རྒྱལ་ཁྲིམས་འཛུགས་འདོད་པས་ཀོ་མཁར  公城  དུ་གནས་སྤར་ཟེར།  ལིག་ཆིན་ཕྱོགས་བསྡུས་ 《乐全集》 ཀྱི་ས་བཅད་ཉེར་གཉིས་ཀྱི་ཆིན་ཀྲིག་རྒྱལ་སྲས་ཀྱི་བྱ་བ་སྙན་ཞུ་ཞེས་པ་ལས་ནུབ་བོད་མགོན་མེད་དུ་གྱུར་ཞིང་བོད་ཚོ་བའི་སུང་ཁྲང་སེའུ་ཡུམ་བསམ་ཡས་སུ་ལྷགས་ཏེ།  རྒྱལ་སྲས་གདན་དྲངས་ཤིང་ཡུལ་ཁམས་དེར་མངའ་དབང་བསྒྱུར་ཏུ་བཅུག་ཅིང་དགུང་ལོ་བཅུ་གཉིས་སྟེང་ཧི་ཀྲིག་ཏུ་རྒྱལ་ཁྲིམས་འཛུགས་འདོད་སྐྱེས་ཞེས་བཀོད་འདུག
        ཙིག་ཞིན་མཁར་ནི་དེང་སང་ཀན་སུའུ་བསང་ཆུ་རྫོང་གི་བྱང་ངོས་དང་།  དེར་ཡུས་ཀོང་མཁར  公城་ཟེར་ཞིང་དེ་ནི་དེང་སང་བསང་ཆུ་རྫོང་རྒན་རྒྱ་ས་ཁུལ་གྱི་སྲས་ལོ་ཁུང་  斯柔城  ཡིན་པ་དང་དེའི་རྗེས་ཤུལ་དེ་ད་ལྟའང་ལྷག་འདུག   སྲས་ལོ་ཁུང་ནི་རྒྱལ་སྲས་ཀྱི་སྒྲ་འགྱུར་དང་ང་ཚོས་མཐོང་ཐུབ་པ་ནི་རྒྱལ་སྲས་ཀྱི་ཧི་ཀྲིག་ཏུ་རྒྱལ་ཁྲིམས་འཛུགས་དུས་དེ་ནི་རྒྱལ་སྲས་སྲིད་དབང་འཛུགས་པའི་ཆེས་ཐོག་མའི་དུས་སྐབས་ཡིན་འོས་ལ་དེ་བས་རྒྱལ་སྲས་ཧི་ཀྲིག་ཁུལ་དུ་ཡུན་རིང་མ་བསྡད་པར་ལོ་དེ་ག་རང་ལ་ཙོང་ཁ་ཚོ་བའི་ཕྱོགས་ཁག་ཆེན་པོ་གཉིས་ཀྱི་མགོ་གཙོ་ཀླུ་ལུ་བཙུན་དང་བོན་པོ་ཆིས་གཉིས་ཀྱིས་བཙན་ཤེད་ཀྱིས་ཡར་གཟུར་མཁར་ཕྱོགས་སུ་བསྐྱལ་ཟེར།
          དེ་ཡང་སུང་བོད་ཀྱི་ལོ་རྒྱུས་ལས་ཙོང་ཁའི་བཙུན་པ་ཀླུ་ལུ་བཙུན་དང་མའོ་ཁྲོན་གྱི་ཚོ་དཔོན་བུན་པོ་ཆིས་གཉིས་ཀྱིས་རྒྱལ་སྲས་འཕྲོག་སྟེ།  ཀོ་ཀྲིག་ཏུ་བཞག་ཟེར།  འོ་ན་ཡིག་ཆ་ཅི་ཞིག་གིས་རྒྱལ་སྲས་ཀོ་ཀྲིག་ཏུ་འབྱོར་བའི་དུས་ནི་ཀྲུང་ཞང་ཁྲི་ལོ་ཡིན་པ་བདེན་དཔང་བྱེད་ཐུབ་བམ་ཞེ་ན།  ཧྲན་ཐང་རྟོག་དཔྱོད་ཕྱོགས་བསྡུས་ཕྱི་མ 《山堂考索后集》 ་ས་བཅད་ཞེ་བཞི་རུ་འདི་ལ་ཚད་མའི་རྒྱབ་རྟེན་ཅུང་ཙམ་རྙེད་ཐུབ།   དེ་ནི་ཀྲུང་ཞང་ཁྲི་ལོའི་ཟླ་བཅུ་གཅིག་པར་ཙོང་ཁའི་རྒྱལ་སྲས་ཀྱིས་རྟ་ཕུལ་ཞེས་པ་དེ་རེད།
         རྒྱལ་སྲས་ཙོང་ཁ་ཚོ་བའི་གྲས་སུ་བཞག་པ་མ་ཟད།  ད་དུང་ཚོ་བའི་ཚོ་དཔོན་བྱས་ཏེ་སུང་རྒྱལ་ཁབ་ལ་སྐྱེས་འབུལ་བཏེགས་པ་འདིས་ཙོང་ཁའི་རྒྱལ་སྲས་སྲིད་དབང་དེ་སྤྱི་ལོ་ 1008་  དེ།   སུང་ཀྲིན་ཙུང་ཀྲུང་ཞང་ཁྲི་ལོར་དངོས་སུ་བཙུགས་པ་མཚོན།   རྒྱལ་སྲས་དང་།   ཀླུ་ལུ་བཙུན།  བུན་པོ་ཆིས་བཅས་ཀྱིས་བཙུགས་པའི་དཔུང་ཁག་འདི་ནི་གཅིག་སྟོབས་གཉིས་ཀྱིས་ནོན་པའི་མགོ་ཁྲིད་རྣམས་འདུས་ནས་ཧི་ལུང་ཙོང་ཁ་ཚོ་བའི་ཁྲོད་བྱུང་བ་དང་རྒྱལ་སྲས་ཀྱི་མཚན་ལ་གཞུག་སྐྱོང་བོད་བཙན་པོ་ཞེས་སུ་བཏགས།
      ཀླུ་ལུ་བཙུན་དང་བུན་པོ་ཆིས་གཉིས་ཀྱིས་དགུང་ལོ་བཅུ་གཉིས་ཅན་གྱི་རྒྱལ་སྲས་བཙན་པོར་བསྐོས་པ་ནི་ཕྱོགས་གཉིས་ཀའི་དགོས་མཁོར་དམིགས་པ་ཞིག་སྟེ།

གཅིག
         ཙོང་ཁ་ཚོ་བའི་ནང་ཀླུ་བཙུན་དང་བོན་ཆིས་ཕྱོགས་ཁག་གཉིས་ཀྱི་སྟོབས་ཤུགས་མཉམ་གནས་བྱེད་དགོས་ཤིང་གོང་དུ་བརྗོད་པ་བཞིན་ཀླུ་བཙུན་དང་བོན་ཆིས་ཕྱོགས་ཁག་ནི་ཙོང་ཁ་ཚོ་བའི་ནང་སྟོབས་ཤུགས་མཉམ་པའི་ཕྱོགས་ཁག་ཆེན་པོ་གཉིས་ཡིན་པར་མ་ཟད།  ད་དུང་ཕྱོགས་ཁག་སོ་སོས་དད་ཀྱིན་པའི་ཆོས་ལུགས་ཀྱང་ཐ་དད་པ་གཉིས་རེད།  གལ་ཏེ་ཕྱི་དགྲ་མི་ཉག་ཚོགས་ཁག་གིས་བོད་ལ་བཙན་འཛུལ་དང་འཇིགས་སྐུལ་མ་བྱས་ཚེ་ཕྱོགས་ཁག་འདི་གཉིས་ཀྱིས་ཕན་ཚུན་དགྲར་འཛིན་པ་ནི་སྨོས་མེད་རེད།  དེ་མིན་ད་སོ་མ་བཙུགས་མ་ཐག་པའི་ཙོང་ཁ་ཚོ་ཆེན་ནི་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་དགོས་པས་སུ་ཞིག་ཚོ་དཔོན་བྱེད་དགོས་པ་ནི་ངོ་མས་ཐག་གཅོད་བྱ་དཀའ་བ་ཞིག་རེད།འོན་ཏེ་བོད་བཙན་པོའི་གདུང་རྒྱུད་ཅིག་ཚོ་བའི་ཚོ་དཔོན་བསྐོས་ཚེ་གནད་དོན་འདི་ཐག་གཅོད་བྱེད་ཐུབ་པ་དང་།  དེ་ནི་གཉིས་ཀས་དང་ལེན་བྱེད་ནུས་ལ་གཉིས་ཀས་བློ་ཡང་འབབ་ངེས།  ཅིའི་ཕྱིར་ཅེ་ན།   གཅིག་རྒྱལ་སྲས་ནི་བཙན་པོའི་གདུང་རྒྱུད་ཡིན་པ་དང་།   ཙོང་ཁ་ཚོ་བའི་ཚོ་དཔོན་གྱི་གོ་གནས་ཁ་དོན་གཉིས་ནས་ཁོ་ལ་རན་འདུག   གཉིས་རྒྱལ་སྲས་ནི་ད་དུང་དགུང་ལོ་བཅུ་གཉིས་ལོན་པའི་བྱིས་པ་ཞིག་ཡིན་པས་ཁོ་ཚོ་རང་རང་གི་སྟོབས་ཤུགས་དང་དབང་ཆ་འཕྲོག་ངེས་སྙམ་པའི་སེམས་ཁྲལ་མེད།

གཉིས།
        ཙོང་ཁ་ཚོ་བ་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་དགོས་མཁོ།  ཐུ་བྷོད་ཀྱི་སྲོལ་ནི་རིགས་གཙོ་བོར་འཛིན་ཞིང་དེར་ཀྲང་ཧྥང་ཕིན་གྱིས་ཏ་ཀྲུང་ཁྲི་ལོའི་རྗེས་སུ་ཐུ་བྷོད་ཀྱི་ཚོ་ཁག་རྣམས་ཉམས་དམས་སུ་སོང་ནའང་རིགས་ཀྱི་གཙོ་བོ་དེ་མཐའ་ཁུལ་གྱི་སྤྱང་རིགས་རྣམས་ཀྱི་ཁྲོད་སྔར་བཞིན་བརྩི་འཇོག་བྱེད་ཟེར་ལ་དེ་མིན་ཝང་ཡིན་གྱིས་ཀྱང་ནུབ་བོད་ཀྱི་རིགས་ཐམས་ཅད་མཆོག་ཏུ་བརྩི་ལ་དེ་ལས་བཙན་པོའི་རྒྱུད་དེ་བས་ཀྱང་མཆོག་ཏུ་བརྩི།   བོད་བཙན་པོའི་གདུང་རྒྱུད་རྒྱལ་སྲས་ཚོ་དཔོན་དུ་བསྐོས་པ་ནི་སིལ་བུར་ཕྱིན་པའི་བོད་ཀྱི་ཚོ་བ་རྣམས་གཅིག་སྒྲིལ་གྱི་ནུས་པ་ཞིག་ཏུ་གྱུར་ཏེ།   སྔར་ཡོད་ཀྱི་ཙོང་ཁའི་འོག་གི་ཚོ་བ་རྣམས་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་མཉམ་གནས་འོང་བར་སྐུལ་འདེད་བྱས་པར་མ་ཟད།  དར་གྱིན་པའི་ཙོང་ཁའི་ཚོ་བ་འཕེལ་རྒྱས་དང་རྒྱ་བསྐྱེད་བཏང་བས་རྒྱལ་སྲས་ཙོང་ཁའི་ཚོ་དཔོན་དུ་གྱུར་པའི་རྗེས་སུ་ལོ་རྒྱུས་ཐོག་བོད་ཀྱི་ཚོ་བ་རྣམས་གཅིག་གྱུར་བྱུང་སྟེ།   དཔུང་སྟོབས་རྒྱས་པས་རོང་དྲུག་ཚོ་བའི་བསེའུ་སྟོབས་ཀྱིས་ཀྱང་རང་གི་མངའ་ཞབས་རྣམས་ཁྲིད་ནས་རྒྱལ་སྲས་ལ་མགོ་བཏགས་ཟེར།
སུང་གི་འདུ་ཚོགས་ 《宋会要。蕃夷》 ་ལས་ཀྲུང་ཞང་ཁྲི་ལོ་བརྒྱད་པའི་ཟླ་བཅུ་བར་ཙོང་ཁ་ཚོ་བའི་བསེའུ་སྟོབས་ཀྱིས་ཕོ་ཉ་མངགས་ཏེ།  སྐྱེས་འབུལ་བཏེགས་ཞེས་བཀོད་ཅིང་བསེའུ་སྟོབས་སྔར་རོང་དྲུག་ཚོ་བའི་ཁོངས་ཡིན་ལ་ད་ནི་ཙོང་ཁའི་ཁོངས་གཏོགས་སུ་གྱུར།  མངོན་གསལ་ལྡན་པ་ནི་ཀྲུང་ཞང་ཁྲི་ལོ་བརྒྱད་པར་བསེའུ་སྟོབས་ཀྱིས་རོང་དྲུག་བོད་མི་རྣམས་ཁྲིད་ན་རྒྱལ་སྲས་ཀྱིས་དབུ་ཁྲིད་པའི་ཙོང་ཁའི་ཚོ་བར་ཞུགས།   ཡང་བསྡུ་བསྒྲིགས་རིང་མོ་《长编》ལས་ཀྲུང་ཞང་ཁྲི་ལོ་བརྒྱད་པའི་ཟླ་བ་བརྒྱད་པ་ལ་རྒྱལ་སྲས་ཀྱི་ཕྱོགས་གཏོགས་ལིག་ཝང་ཧྲིས་ 刘王叔  ཅིན་པོ་ཅིས་  青波吉  མངགས་ཏེ།   རྒྱལ་སྲས་ལ་ཉེ་ཆར་ཞི་ལིང་གཞུང་གི་བསེའུ་སྟོབས་ཀྱི་དཔུང་དམག་ཁྲི་བཅུས་བྱང་རྒྱུད་ཚོ་བ་བཅོམ་ཟེར། གང་ལྟར་བསེའུ་སྟོབས་ཀྱིས་རོང་དྲུག་ཁུལ་གྱི་བོད་མི་ཁྲི་བཅུ་ལྷག་ཁྲིད་དེ་ཙོང་ཁའི་ཚོ་བར་ཞུགས་པས་དེས་རྒྱལ་སྲས་སྲིད་དབང་དེ་སྐད་ཅིག་ཉིད་ལ་འཕེལ་རྒྱས་སུ་སོང་།
        མུ་འགོད།
ཡོང་ཁུངས་དྲ་བ་གཞན།

དཔྱད་མཆན་སྤེལ།

%d