བོད་བཙན་པོའི་གདུང་རྒྱུད་ཙོང་ཁ་རྒྱལ་པོ་དུས་སྐབས་ཀྱི་གྱི་ཐང་ཐུ་བྷོད་སྲིད་དབང་།
རྩོམ་པ་པོ་ཐང་ཁད་ཅན།  བསྒྱུར་མཁན་གཅན་མུ་ཏིག

གསུམ།   རྒྱལ་སྲས་སྲིད་དབང་གི་འཕེལ་རྒྱས་དང་དེའི་ནང་ཁུལ་གྱི་འཐོར་ཞིག
         རྒྱལ་སྲས་སྲིད་དབང་འཛུགས་སྐྲུན་གྱི་ཐོག་མའི་དུས་རིམ་ནི་ཙོང་ཁ་ཚོ་བའི་རྣམ་པ་བྱུང་བ་ནས་ཡིན་ཀྱང་ཙོང་ཁ་ཚོ་བའི་མགོ་ཁྲིད་ནི་རྒྱལ་སྲས་དང་།  ཀླུ་ལུ་བཙུན།  བོན་པོ་ཆིས་བཅས་ཕྱོགས་ཁག་གསུམ་གྱི་སྒྲོམ་གཞི་ལས་གྲུབ་ཡོད།   དེ་ལས་རྒྱལ་སྲས་ནི་ཙོང་ཁའི་ཚོ་བ་འཕེལ་རྒྱས་སུ་འགྲོ་བའི་དཔུང་སྣ་ཡིན་པར་མ་ཟད།  ཀླུ་ལུ་བཙུན་དང་བུན་པོ་ཆིས་གཉིས་ཀྱི་དབང་ཤུགས་བཙན་གཉོམ་མི་ཤོར་བའི་རྒྱ་རྡོའང་ཡིན་པས་རྒྱལ་སྲས་སྲིད་དབང་བཙུགས་པའི་ཉིན་དང་པོ་ནས་བཟུང་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་ནུས་ཤུགས་དང་ནང་ཁུལ་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་རྣམས་མཉམ་གནས་བྱས་ཡོད་པ་རེད།  རྒྱལ་སྲས་སྲིད་དབང་འཕེལ་རྒྱས་སུ་ཕྱིན་པའི་གོ་རིམ་ཧྲིལ་པོའི་ཁྲོད་ནང་ཁུལ་ འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྣམས་མགོ་མཇུག་ཀུན་ཏུ་གནས་འདུག  ང་ཚོས་རྒྱལ་སྲས་སྲིད་དབང་དེ་ཕལ་ཆེ་བ་རྒྱ་བསྐྱེད་ཀྱི་གོ་རིམ་ཆེན་པོ་གསུམ་དང་འཐོར་ཞིག་གི་དུས་རིམ་ཆེན་པོ་གསུམ་དུ་བགོས་ཆོག་ལ་དེ་ནི་དར་རྒུད་དང་ཆགས་འཇིག་མོད་པས་འདི་ནི་རྒྱལ་སྲས་སྲིད་དབང་གི་ཁྱད་ཆོས་ཤིག་ཏུ་རྩིས་ཆོག

         སྤྱི་ལོ་ 1008 ལོར་ཀླུ་ལུ་བཙུན་དང་།  བོན་པོ་ཆིས་གཉིས་ཀྱིས་རྒྱལ་སྲས་བཙན་གྱིས་ཡར་གཟུར་མཁར་ཕྱོགས་སུ་ཁྲིད་རྗེས་ཐོག་མར་རྒྱལ་ཁྲིམས་བཙུགས་ཏེ།   རྒྱལ་སྲས་བོད་བཙན་པོའི་རྗེས་སྐྱོང་དུ་བསྐོས།   རྒྱལ་སྲས་ཞེས་པའི་མཚན་དེ་ཕྱིས་ཧི་ཀྲིག་ཁུལ་དུ་འབྱོར་རྗེས་བསྒྱུར་ཞིང་དེ་སྔོན་ལ་སུང་ཁྲང་སི་ཅིན་ཟེར་ཞིང་ཞན་ཕིན་ཁྲི་ལོའི་ལོ་དཀྱིལ་ལ་ཧི་ཀྲིག་ཏུ་འབྱོར་ནས་རྒྱལ་ཁྲིམས་འཛུགས་རྩིས་བྱས་ཤིང་དེ་དུས་མཚན་བསྒྱུར་ནས་རྒྱལ་སྲས་བཏགས།  གལ་ཏེ་ལི་ཧྲིས་མཛད་པའི་ཀྲའོ་ཇིན་ཝང་གི་དུར་བྱང་ 《赵郡王墓志铭》 ཞེས་པ་ཡིད་རྟོན་རུང་བ་ཞིག་ཡིན་ན་རྒྱལ་སྲས་ཀྱི་མཚན་ངོ་མ་ནི་ཞི་ལུག་锡勒ཡིན་འོས།   རྒྱལ་སྲས་ཞེས་སུ་བསྒྱུར་བའི་མཚན་འདི་ལ་བོད་སྐད་ཀྱི་ཁྲོད་དུ་རྒྱལ་བོའི་སྲས་སམ་རྒྱལ་རིགས་ཞེས་པའི་དོན་འདུས་ཤིང་གང་ལྟར་དེ་དབང་བསྒྱུར་བ་ཞིག་གི་མཚན་ཡིན་པས་མདོར་འདྲིལ་ན་དེ་ནི་ཀྲུང་གོའི་གནམ་སྲས་ཞེས་པ་དང་གཅིག་འདྲ་རེད།  ཙོང་ཁ་ཚོ་བས་རྒྱལ་སྲས་ཞེས་བཙན་པོའི་གདུང་རྒྱུད་འདི་ཡར་བཏེགས་པ་ནས་བཟུང་ཚོ་བ་དེ་འཕེལ་རྒྱས་མགྱོགས་ཤིང་ཧི་ལུང་ཁུལ་གྱི་བོད་ཚོ་བ་རྣམས་རིམ་གྱིས་རྡོག་རྩ་གཅིག་ཏུ་སྒྲིལ།  ཀྲུང་ཞང་ཁྲི་ལོ་བདུན་པ་དང་བརྒྱད་པ་སྟེ།  སྤྱི་ལོ་ 1014 དང་  1015  གཉིས་ནི་ཙོང་ཁ་ཚོ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་རེད།  ཡིན་ནའང་སྣང་འཇོག་བྱ་དགོས་པ་ཞིག་ནི་ཀྲུང་ཞང་ཁྲི་ལོ་བདུན་པར་རྒྱལ་སྲས་སྲིད་དབང་གི་ཕོ་བྲང་རྨ་ཆུའི་བྱང་རྒྱུད་ཀྱི་ཡར་གཟུར་མཁར་ནས་ཙོང་ཆུའི་བྱང་རྒྱུད་ཀྱི་ཙོང་ཁ་གྲོང་དུ་སྤར།  ཙོང་ཁ་གྲོང་ཁྱེར་ནི་ཀླུ་བཙུན་ཕྱོགས་ཁག་གི་གནས་གཞི་ཆེ་ཤོས་ཡིན་པ་དང་གྲོང་ཁྱེར་དེར་གནས་སྤར་རྗེས་ཀླུ་ལུ་བཙུན་ཁོང་གི་བློན་པོ་བྱས།  འདིས་ཙོང་ཁ་ཚོ་བའི་ཁྲོད་རྒྱལ་སྲས་སྲིད་དབང་གི་གཙོ་ཤུགས་ཀླུ་བཙུན་ཕྱོགས་སུ་ཤོར་ཞིང་བོན་པོ་ཆིས་ཙོང་ཁ་ཚོ་བའི་ཁྲོད་ཀྱི་མི་སྣ་གསུམ་པར་གྱུར་པ་གསལ་བཤད་བྱེད་ཐུབ།   ཕྱོགས་རིས་རང་བཞིན་འདི་ཕལ་ཆེར་རྒྱལ་སྲས་དང་ཀླུ་བཙུན་ཕྱོགས་ཁག་བར་གྱི་གཉེན་འབྲེལ་ལ་རག་ལས་སྙམ་ལ་ལིག་ཆིན་ཕྱོགས་བསྡུས 《乐全集》་ ས་བཅད་གཉིས་པར་ཙོང་ཁ་གྲོང་ཁྱེར་དུ་གནས་སྤར་བ་དང་བསྟུན་ཀླུ་ལུ་བཙུན་གྱི་བུ་མོ་བཙུན་མོར་བསུས་ཞེས་བརྗོད་འདུག   སུང་བོད་ཀྱི་ལོ་རྒྱུས་ལས་ཀྱང་རྒྱལ་སྲས་ཀྱིས་ཀླུ་ལུ་བཙུན་གྱི་བུ་མོ་གཉིས་ཀ་བཙུན་མོར་བསྟེན་ཞེས་བཀོད།   དོན་དངོས་ཐོག་གཉེན་འབྲེལ་འདི་ནི་ཕྱོགས་གཉིས་ཀའི་དགོས་མཁོར་དམིགས་ནས་ཀླུ་ལུ་བཙུན་གྱིས་རང་གི་བུ་མོ་རྒྱལ་སྲས་ལ་སྤྲད་པས་བོད་ཀྱི་བཙན་པོ་ཁྱིམ་རྒྱུད་དང་ཐག་ཉེ་རུ་ཕྱིན་པ་ལས་གཞན།  ད་དུང་བཙན་པོ་འདི་ཚོད་འཛིན་བྱ་བར་དེ་བས་སྟབས་བདེ་རུ་ཕྱིན་མོད་རིམ་གྱིས་ནར་སོན་པའི་རྒྱལ་སྲས་ལ་མཚོན་ན།  ཀླུ་ལུ་བཙུན་ལྟ་བུའི་དངོས་ཤུགས་ཕྱོགས་ཁག་གིས་ཁོང་རང་གི་སྲིད་གཞུང་ལ་རམ་འདེགས་བྱས་བས་ཁོས་ཙོང་ཁར་དེ་བས་ཀྱང་དབང་བསྒྱུར་བྱ་ཐུབ་པར་གྱུར།  ཀླུ་ལུ་བཙུན་ཙོང་ཁ་ཚོ་བའི་དབང་འཛིན་མི་སྣར་གྱུར་པ་མ་ཟད།  ད་དུང་དམིགས་བསལ་གྱི་དབང་ཤུགས་ལྡན་པའི་ཧམ་ཤེད་ཅན་དུ་གྱུར་པས་ཚོ་བའི་ཁྲོད་ཀྱི་མི་རྣམས་ཁོ་ལ་ཞེ་འཁུན། ལོ་རྒྱུས་ཁྲོད་དུ་གོང་འོག་ཐམས་ཅད་སྡང་ནས་འབངས་སེམས་དཀྲུགས་ཤིང་ཚོ་བའི་ཆིག་སྒྲིལ་བོར་ཞེས་བཀོད་འདུག     ཁོར་དབང་བའི་སྟོབས་ཤུགས་ཀྱི་རྐྱེན་ཀྱིས་ཀླུ་བཙུན་ཧམ་སེམས་ཇེ་ཆེར་གྱུར་ནས་བསྟུད་མར་སུང་གོང་མར་ཁོང་ལ་བཙན་པོའི་གོ་གནས་སྤྲོད་པའི་རེ་སྐུལ་དང་སུང་གོང་མའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་སྲས་ཀྱི་གོ་གནས་རང་གིས་ཧམ་བཟུང་བྱེད་རྩིས་བྱས།   སུང་རྒྱལ་ཁབ་ཀླུ་བཙུན་བཙན་པོར་བཞེངས་འདོད་ཀྱི་མོས་པ་དེར་མོས་མཐུན་མེད་ནའང་རོང་དྲུག་ཚོ་བའི་བསེའུ་སྟོབས་བཞིན་ཀླུ་ལུ་བཙུན་ལ་ཁུལ་བདེ་སྲུང་དཔོན་གྱི་གོ་གནས་སྤྲད་ཅིང་དེའི་ཡར་སྔོན་དུ་སུང་སྲིད་གཞུང་གིས་རྒྱལ་སྲས་ལ་ཐད་བསྐོས་ལྟ་ཞིབ་དཔོན་གྱི་མིང་ཙམ་བསྩལ།  དམིགས་ཡུལ་མི་གསལ་བའི་སུང་སྲིད་གཞུང་གི་གོ་གནས་འདིས་གནད་དོན་ཞིག་གསལ་བཤད་བྱ་ཐུབ་སྟེ།  དེ་ནི་སྐབས་དེ་ཤེད་ཀྱི་སུང་སྲིད་གཞུང་གི་དཔོན་རིགས་རྣམས་གསར་དུ་དར་ཞིང་རྒྱས་པའི་ཙོང་ཁ་ཐུ་བྷོད་ཚོ་བའི་ནང་ཁུལ་ལ་ད་དུང་རྩ་བ་ནས་རྒྱུས་མངའ་མེད་ཅིང་ཁོ་ཚོས་རྟོགས་པ་ནི་ཀླུ་ལུ་བཙུན་དེ་ཁུལ་དེའི་ཐུ་བྷོད་ཚོ་བའི་ནང་གི་དངོས་ཤུགས་ཅན་གྱི་མི་སྣ་ཞིག་ཡིན་པ་དེ་རེད།
          སུང་སྲིད་གཞུང་གིས་མགོ་རྟིང་སློག་སྟེ།  སྤྲད་པའི་གོ་གནས་དེ་ནི་དགུང་ན་ཉི་ཤུ་ལོན་པའི་ཐུ་བྷོད་ཀྱི་བཙན་པོར་མཚོན་ན་འཁོན་སེམས་མི་སྐྱེས་ཐབས་མེད་དུ་གྱུར་པའི་གནས་ཤིག་རེད།  ཞིབ་འཇུག་པ་མང་པོ་ཞིག་གི་བསམ་པར་རྒྱལ་སྲས་ཀླུ་ལུ་བཙུན་གྱི་དབང་འོག་ཏུ་ཤོར་ཏེ།  ཅི་བྱ་གཏོལ་མེད་དུ་གྱུར་སྙམ།   དངོས་ཡོད་ཐོག་དེ་འདྲ་ཞིག་མིན་པར་རྒྱལ་སྲས་བཙན་པོ་བྱས་པའི་ལོ་ངོ་བདུན་བརྒྱད་ཙམ་གྱི་ནང་དུ་ཁོས་རིམ་གྱིས་རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་དེ་ཐུ་བྷོད་ཚོ་བའི་ཁྲོད་གཟི་རྔམ་མི་དམན་པ་ཞིག་བསྐྲུན་འདུག   དེ་ལྟར་སུང་སྲིད་གཞུང་ལ་ཞེ་ཁུན་ཞིང་ཡིད་མ་རངས་པས་ཀྲུང་ཞང་ཁྲི་ལོ་བརྒྱད་པ་དང་དགུ་པར་ཁོས་སུང་གི་མཐའ་མཚམས་སུ་དམག་དྲངས་ནས་བཙན་འཛུལ་བྱས།   ལིག་ཆེན་ཕྱོགས་བསྡུས་ 《乐全集》 ་གཉིས་པར་ཀྲུང་ཞང་ཁྲི་ལོ་བརྒྱད་པའི་སྟོན་ཁར་རྒྱལ་སྲས་ཀྱིས་ཐུ་བྷོད་ཚོ་བའི་ཏུའུ་ཙའོ་ཆིན་ཀྲིག་ 秦州  ཤར་བྱང་གི་ཏོན་ཐིག་རི་བོར་  断头山 མངགས་ཏེ།   ཐུ་བྷོད་ཚོ་བར་རྒྱལ་ཁྲིམས་ཟུར་དུ་འཛུགས་པའི་ངན་སྐུལ་བྱས།  ཡང་ཀྲུང་ཞང་ཁྲི་ལོ་དགུ་བའི་དཔྱིད་ཀར་ལྷོ་གྲོང་ཐུ་བྷོད་ཚོ་བའི་གོ་སིས་  郭斯  རྒྱལ་སྲས་གདན་དྲངས།  ཁོས་ཡང་བསྐྱར་ཀླུ་བཙུན་དང་ཡིས་ཅའོ་ཁྲན་ 鱼角蝉  སོགས་ལ་དམག་ཁྲིད་ནས་མཐའ་ཁུལ་བཅོམ་དུ་བཅུག་ཟེར།    བསྡུ་བསྒྲིགས་རིང་མོ་ 《长编》་ ས་བཅད་བརྒྱད་པར་ཀྲུང་ཞང་ཁྲི་ལོ་དགུ་བའི་ཟླ་དྲུག་པར་རྒྱལ་སྲས་ཀྱིས་ཝེ་ཀྲིག་མཐའ་ཁུལ་དུ་མི་མངགས་ཏེ།  དུད་སྡེ་རྣམས་དཀྲུགས་ཤིང་དཔྱ་ཁྲལ་བསྡུས།   ཁྲལ་མི་སྤྲོད་པའི་དུད་སྡེ་རྣམས་གཏོར་ཅེས་བཀོད།
         སུང་བོད་ཀྱི་ལོ་རྒྱུས་སུ་ཙོང་ཁ་རྒྱལ་སྲས་དང་།  མ་པོ་འཕྲིན་ལས  马波叱腊 །  ཡིས་ཅའོ་ཁྲན་སོགས་ཀྱིས་མ་ཞན་ཧྲན་དང་།  ལན་ཀྲིག  ཁན་ཀའོ།   ཀྲན་མའོ་ཧྲན།   ཀྲའོ་ཀྲིག  ཧི་ཀྲིག་སོགས་ཀྱི་སྤྱང་དམག་ཁྲིད་ནས་ཆང་ཀྲད་ལུང་གསུམ་དབང་དུ་བསྡུས་ཞེས་བརྗོད།   དེ་ཡང་ལུང་ཕིན་ཕྱོགས་བསྡུས 《隆平集》  ས་བཅད་གཉིས་པར་རྒྱལ་སྲས་ཀྱིས་ཀླུ་བཙུན་ལ་དཔུང་དམག་ཁྲི་བརྒྱད་ཁྲིད་ནས་ཆིན་ཀྲིག་གི་དུད་ཁྱིམ་རྣམས་བཅོམ་དུ་བཅུག་ཟེར།
         རྒྱལ་སྲས་དང་ཀླུ་བཙུན་གཉིས་ཀྱིས་ཐེངས་འདིའི་སུང་གི་མཐའ་ཁུལ་གྱི་ཆིན་ཀྲིག་  秦州  ཏུ་བཙན་འཛུལ་བྱས་པ་དེར་ཚའོ་ཝེ་  曹玮  ཡིས་རྒོལ་ལན་སློག་པས་ལུང་གསུམ་གཡུལ་འགྱེད་ཁྲོད་རྒྱལ་སྲས་དང་ཀླུ་ལུ་བཙུན་ཚའོ་ཝེ་曹玮  ཡིས་ཕམ་ཉེས་སྤྲད་ཅིང་བྱང་རྒྱུད་ཁུལ་གྱི་ས་ལེ་དབར་ཉི་ཤུ་མཚམས་སུ་དམག་མི་སྟོང་ཕྲག་གི་མགོ་བྲེགས་ཤིང་མི་བདུན་གསོན་པོར་བཟུང་ལ་དེ་མིན་རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་དང་།  གྱོན་གོས།  དམག་ཆས་བཅས་སུམ་ཁྲི་སུམ་སྟོང་ཙམ་ལོན་ཅེས་བཀོད།   ལུང་གསུམ་གཡུལ་འགྱེད་ཀྱི་རྗེས་སུ་རྒྱལ་སྲས་ཀྱི་གཟི་རྔམ་བོར་ཞིང་ཧི་དང་ཀྲའོ། ལན་བཅས་ཁུལ་གསུམ་དང་།  ཨན་ཅང་ 安江།  མའོ་ཏུན་妙敦།  མའོ་ཁྲོན།   ཏང་ཕུ་  党逋  སོགས་ ཀྱི་སྤྱང་རྣམས་ཙོང་ཁ་བྲལ་ཏེ།  རང་ཁྲིམས་བཙུགས་ཤིང་ནང་ཁུལ་དུ་ཁྲལ་བསྡུས་ཟེར།  ཙོང་ཁའི་རྒྱལ་ཁྲིམས་བཤིག་པ་དང་ཙོང་ཁ་ཚོ་བ་སིལ་བུར་འཐོར་བ་ཁྱབ་བསྒྲགས་བྱས་པས་རྒྱལ་སྲས་དང་ཀླུ་བཙུན་གཉིས་དབར་གྱི་འགལ་བ་གཏིང་ཇེ་ཟབ་ཏུ་ཕྱིན་ཏེ།  ཁོང་གཉིས་གཏན་ནས་ཁ་བྲལ་དུ་ཕྱིན་ཅིང་རྒྱལ་སྲས་ཀྱིས་རང་གི་མངའ་ཞབས་རྣམས་ཁྲིད་དེ་ཀླུ་ལུ་བཙུན་དང་གྱེས་ཏེ།  མའོ་ཁྲོན་མཁར་གྱི་ཚོ་དཔོན་བོན་པོ་ཆིས་ལ་མགོ་བཏགས་པས་འདི་ནི་རྒྱལ་སྲས་སྲིད་དབང་བཙུགས་རྗེས་ཀྱི་གོད་ཆག་དང་པོ་རེད།
          རྒྱལ་སྲས་མའོ་ཁྲོན་ཕྱོགས་སུ་གནས་སྤར་བ་ནི་ཐན་ཧྲིན་ཁྲི་ལོ་གཉིས་པའི་རྗེས་ཀྱི་དོན་ཡིན་འོས་ཏེ།  མའོ་ཁྲོན་ནི་བུན་པོ་ཆིས་དབང་ཤུགས་ཀྱི་མངའ་ཁོངས་ཡིན་ལ་རྒྱལ་སྲས་མའོ་ཁྲོན་དུ་འབྱོར་རྗེས་བོན་པོ་ཆུས་ཀྱང་བློན་པོར་བསྐོས་ཤིང་དེའི་དམིགས་འབེན་ནི་བོན་པོ་ཆུས་ཀྱི་དབང་ཤུགས་སྤྱད་དེ་རང་ཉིད་ཀྱི་སྟོབས་ཤུགས་སླར་གསོ་བྱ་རྒྱུ་དེ་རེད།  རྒྱལ་སྲས་ཀྱི་གཉེན་དོན་ཐོག་མ་ནི་ཀྲུང་ཞང་ཁྲི་ལོ་བདུན་པ་སྟེ།  དགུང་ན་བཅོ་བརྒྱད་རེད།  སྐབས་དེའི་སྟོབས་ཤུགས་དེ་ད་དུང་ཤིན་ཏུ་གཉོམ་པས་རྒྱལ སྲས་ཀྱིས་ཀླུ་བཙུན་ཕྱོགས་ཁག་དང་ཆབ་སྲིད་ཀྱི་གཉེན་བཟུང་སྟེ།  རང་ཉིད་ཀྱི་མངའ་ཐང་རྒྱ་བསྐྱེད་འདོད་པ་ནི་མངོན་གསལ་ཧ་ཅང་དོད་པོ་རེད།  ཀླུ་ལུ་བཙུན་གྱི་ཉམས་རྒུད་དང་ཀླུ་ཚང་ཕྱོགས་ཁག་དང་ཁ་འཐོར་དུ་ཕྱིན་པ་དེས་རྒྱལ་སྲས་ལ་ཆབ་སྲིད་རང་བཞིན་གྱི་གཉེན་འབྲེལ་གཉིས་པ་དེ་བྱུང་དུ་བཅུག
          བསྡུ་བསྒྲིགས་རིང་མོ་《 长编》 ་ས་བཅད་བརྒྱ་དང་བཅུ་དགུ་པར་ཅིན་ཡིག་ཁྲི་ལོ་གསུམ་པའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་རྒྱལ་སྲས་ཐོག་མར་ཀླུ་བཙུན་གྱི་བུ་མོ་དང་གཉེན་བསྒྲིགས་ཏེ།   བུ་ཞ་བཙན་དང་མའོ་བཙན་ཅའོ་གཉིས་སྐྱེས།   དེ་ནས་ཡང་བྲེ་བོ་ཚང་དང་གཉེན་འགྲིག་ནས་བུ་ལྡོང་བཙན་སྐྱེས་ཟེར།   འོ་ན་རྒྱལ་སྲས་དུས་ནམ་ཞིག་ལ་གྲེ་བོ་ཚང་དང་འགྲིག་པ་རེད་ཅེ་ན།  ཡང་བསྡུ་བསྒྲིགས་རིང་མོ་ 《长编》 ་ལྟར་ན་མའོ་ཁྲོན་ཚོ་བའི་མགོ་དཔོན་རྒྱལ་སྲས་ཀྱི་བུ་ལྡོང་བཙན་ཧེ་ཀྲིག་གི་མྱུལ་ཞིབ་དཔོན་དུ་བསྐོས་ཤིང་ལྡོང་བཙན་ནི་དགུང་ན་དགུ་ལ་སོན་ཟེར།  འདིར་གཞིག་ཚེ་ལྡོང་བཙན་སྤྱི་ལོ་  1031  ལོར་སྐྱེས་པ་རྟོགས་ཤིང་དེ་ནི་སུང་རིན་ཙུང་ཐན་ཧྲིན་ཁྲི་ལོ་དགུ་བ་ཡིན་ཞིང་ང་ཚོས་རིགས་བསྒྲེས་ཏེ་དཔོག་ཐུབ་པ་ནི་རྒྱལ་སྲས་གྲེ་བོ་ཚང་དང་གཉེན་འགྲིག་པ་ནི་ཉུང་མཐར་ཡང་ཐན་ཧྲིན་ཁྲི་ལོ་དྲུག་པ་དང་བདུན་པའི་བར་གྱི་གནས་ཚུལ་ཡིན་ལ་དུས་སྐབས་འདི་ནི་ཏག་ཏག་རྒྱལ་སྲས་མའོ་ཁྲིན་དུ་ཕྱིན་ཏེ་སྟོབས་ཤུགས་བསྐྱར་དུ་བསྐྲུན་པའི་དུས་རེད།  གྲེ་བོ་ཚང་ནི་ཐུ་བྷོད་ཀྱི་ཁྱིམ་རྒྱུད་ཆེན་པོ་ཞིག་སྟེ།   ཚོ་བ་དེར་མི་ཁྲི་དྲུག་བདུན་ཙམ་ཡོད་ཅིང་སྔར་ལིས་ཅིན་མཁར་  历精城  དུ་གནས་ཤིང་ཕྱིས་ཧི་ཀྲིག་ཡར་གཟུར་མཁར་ལྷོ་ཕྱོགས་སུ་གནས་བཅས་ཤིང་རྒྱལ་སྲས་བྲེ་བོ་ཚང་དང་གཉེན་འགྲིག་པས་དབང་ཤུགས་ཇེ་ཆེར་འགྱུར་བ་ནི་སྨོས་མེད་ཡིན་མོད།  འོན་ཏེ་མའོ་ཁྲོན་སྲིད་དབང་གི་དངོས་ཤུགས་འཛིན་མཁན་གྱི་མི་སྣ་བོན་པོ་ཆིས་ལ་མཚོན་ན་དེ་ནི་འབྱུང་འགྱུར་གྱི་ཉེན་ཁ་ཞིག་རེད།  དེ་བས་རྒྱལ་སྲས་དང་བྲེ་བོ་ཚང་བར་གྱི་གཉེན་སྒྲིག་དེས་རྒྱལ་སྲས་སྲིད་དབང་ཐེངས་གཉིས་པར་འཐོར་ཞིག་ཏུ་འགྲོ་བའི་ས་བོན་བཏབ་པ་རེད་ཅེས་བརྗོད་ཆོག   ཁོ་ཚོའི་བར་གྱི་འགལ་བ་དེ་ཡོངས་སུ་མངོན་གསལ་ ཅན་ཏུ་མ་འགྱུར་བར་ཐུན་མོང་ཁེ་ཕན་གྱི་ཕྱིར་དུ་རྡོག་རྩ་གཅིག་སྒྲིལ་བྱེད་དུ་བཅུག
         ལིག་ཆིན་ཕྱོགས་བསྡུས 《乐全集》་་ ས་བཅད་ཉེར་གཉིས་སུ་ཐན་ཧྲིན་ཁྲི་ལོ་དགུ་བའི་ཟླ་བཅུ་གཉིས་པར་བོན་པོ་ཆིས་ཀྱི་ཚ་བོས་རྟ་སྐལ་དང་འོ་ཕྱུར་ཁྱེར་ནས་རྒྱ་ཡུལ་དུ་བསྐྱོད་དེ་རྒྱལ་སྲས་སུང་དང་འདུམ་པའི་གྲོས་བྱས་ཞེས་བརྗོད།  འདི་སྐབས་ཀྱི་རྒྱལ་སྲས་ནི་སྐབས་དེའི་གཞོན་ནུའི་ངར་ཤུགས་གནོན་མ་ཐུབ་པའི་རྒྱལ་སྲས་མིན་ཏེ།  མིག་སྔར་གྱི་ཁོས་ཁོང་གི་མིག་སྔར་གྱི་དངོས་ཤུགས་དང་གནས་བབ་གཟིགས་ཚེ་སུང་སྲིད་གཞུང་གིས་ངོས་ལེན་དང་རོགས་རམ་མ་མཛད་ཚེ་ཧི་ལུང་ཐུ་བྷོད་ཚོ་དབང་བསྒྱུར་ཐབས་བྲལ་བས་རྒྱལ་སྲས་ཀྱིས་ཆིན་ཀྲིག་ཏུ་ཕོ་ཉ་མངགས་ཏེ།  དེའི་ཁོངས་གཏོགས་བྱེད་པའི་རེ་འདུན་བཏོན་ཞིང་སུང་སྲིད་གཞུང་ལ་ཐུ་བྷོད་ཀྱི་རྟ་མཁོ་ཕྱིར་ཐུ་བྷོད་དུ་ཕོ་ཉ་བརྫངས་ཏེ།   རྒྱལ་སྲས་མའོ་ཁྲོན་ཕྱོགས་སུ་བཀུག་ནས་སྤྱང་མི་སུང་གི་རྒྱལ་ཁམས་སུ་བསྐྱོད་དེ་རྟ་ཕུལ་ཟེར།
          སྤྱི་ལོ་ 1032  ཏེ།  སུང་རིན་ཙུང་ཏའོ་ཡོན་ཁྲི་ལོ་དང་པོའི་ཟླ་བརྒྱད་པར་སུང་རྒྱལ་ཁབ་ཀྱིས་རྒྱལ་སྲས་ལ་དངོས་སུ་ཉི་ཡོན་དམག་སྤྱི་ཆེན་མོ་དང་ཨེ་ཀྲིག་གི་ཐོན་ལེན་ཧྲིའི  爱州团练使  གོ་གནས།  བོན་པོ་ཆིས་ལ་ཕྱི་འདུལ་དམག་སྤྱིའི་གོ་གནས་བཅས་བསྩལ་བས་ལོ་དེ་ག་རང་ལ་མའོ་ཁྲོན་སྲིད་དབང་གི་མི་སྣ་གཉིས་པས་སྲིད་འགྱུར་ཞིག་བསླངས་ཏེ་རྒྱལ་སྲས་བཙོན་དུ་བརྫངས།  སུང་བོད་ཀྱི་ལོ་རྒྱུས་སྟེང་འདི་འདྲ་ཞིག་བཀོད་ཡོད་དེ།  བོན་ཆིས་ཀྱིས་ཟིང་ཆ་བསླངས་ནས་རྒྱལ་སྲས་ནག་སྦལ་དུ་བཅུག་མོད་བཙོན་སྲུང་རྒྱལ་སྲས་ལ་གློ་བ་ཉེ་ནས་ཁོང་དང་དཔུང་བ་གཅིག་སྦྲེལ་གྱིས་བོན་ཆིས་བཀྲོངས།  ལིག་ཆན་ཕྱོགས་བསྡུས་ཀྱི་ས་བཅད་ཉེར་གཉིས་སུ་བོན་ཆིས་ངོ་ལོག་ནས་རྒྱལ་སྲས་བཟུང་སྟེ།བཙོན་ལ་བརྫངས་རྗེས་ཕྱི་ཡུལ་ལ་དམག་དྲངས་སུ་བསྐྱོད།  དེ་ནས་བཙོན་སྲུང་རྣམས་རྒྱལ་སྲས་དང་བློ་ཁ་མཐུན་ནས་དམག་རྟ་རྣམས་བསྡུས་ཏེ།  མཁར་སྒོ་བསྡམས་ནས་འཛིངས་པས་བོན་ཆིས་ཕམ་ཞེས་བཀོད།
          ཞིབ་འཇུག་པ་རྣམས་ཀྱི་བསམ་པར་བོན་པོ་ཆིས་ཀྱི་ཐེངས་འདིའི་སྲིད་འགྱུར་ནི་ཁོང་རང་ཉིད་ཀྱི་ཧམ་སེམས་ཡིན་ཏེ།  དེས་རྒྱལ་སྲས་ཀྱིས་རང་གི་གོ་གནས་འཕྲོག་ངེས་པའི་དོགས་པ་རེད་སྙམ་ཡང་བདག་གིས་དེ་ལྟར་མི་འདོད་དེ།  བོན་ཆིས་ཀྱི་ཐེངས་འདིའི་སྲིད་འགྱུར་ནི་མི་ཉག་ཚོ་ཁག་གི་ནུབ་འདུལ་ལ་རྒྱལ་ཁ་ཐོབ་པ་དེའི་རྐྱེན་ཡིན་ཚོད་རེད།  མིན་ཏོ་ཁྲི་ལོ་དང་པོར་མི་ཉག་ཚོ་ཁག་གིས་ཀན་དང་ལིང་གཉིས་གཏོར་རྗེས།  ལྷོ་ངོས་ཀྱི་ཙོང་ཆུའི་རྒྱུད་དུ་རྒོལ་བ་ནི་གཡོལ་ཐབས་བྲལ་བའི་སྟོབས་ཤུགས་ཤིག་རེད།  སྤྱིར་ཡོན་ཧོ་གཡོ་སྒྱུ་ཆེ་ཞིང་དབྱེན་ལ་མཁས་པས་ཙོང་ཆུའི་རྒྱུད་ལ་དམག་མ་དྲངས་སྔོན་སྟོབས་ཤུགས་ཅུང་ཆེ་བའི་བོན་ཆིས་ཕྱོགས་ཁག་ངེས་པར་དུ་ཚུར་སླུས་དགོས་ཤིང་མའོ་ཁྲོན་ཕྱོགས་ཁག་གི་མགོ་དཔོན་བོན་ཆུས་དཔུང་སྟོབས་རབ་ཏུ་རྒྱས་པའི་མི་ཉག་ཚོ་བའི་གནོན་ཤུགས་དྲག་པོས་རང་ཉིད་ཀྱི་དབང་ཤུགས་བརླག་འདོད་མེད་པ་དང་།  ཕྱོགས་གཞན་ནས་རྒྱལ་སྲས་བྲེ་བོ་ཚང་དང་གཉེན་འགྲིག་པ་དེས་མའོ་ཁྲོན་སྲིད་དབང་ཁྲོད་ཀྱི་ཁོང་གི་གོ་གནས་ལ་ཚབས་ཆེ་བའི་འཇིགས་སྐུལ་ཐེབས་པས་བོན་ཆིས་ཀྱིས་ལྐོག་ནས་མི་ཉག་ཚོ་ཁག་ལ་མགོ་སྒུར་ནས་ཐེངས་འདིའི་སྲིད་འགྱུར་འདི་བསླངས་ཡོད་སྲིད་ལ་འདི་བོན་ཆིས་ཀྱི་བུ་བོན་ཧྲི་ཁྲིན་གཡུ་ལུང་དང་མི་ཉག་བར་གྱི་འབྲེལ་བས་བདེན་དཔང་བྱེད་ཐུབ།
        བསྡུ་བསྒྲིགས་རིང་མོ་《长编》་ལས་བོན་པོ་ཆིས་ཀྱི་བུ་ཅིན་ལུང་གིས་མངའ་ཞབས་པ་ཁྲི་ལྷག་ཁྲིད་ནས་ལྐོག་ཏུ་ཡོན་ཧོ་ལ་མགོ་བཏགས་ཟེར།  འདི་ནི་རྒྱལ་སྲས་སྲིད་དབང་ནང་ཁུལ་དུ་བྱུང་བའི་གོད་ཆག་ཐེངས་གཉིས་པ་དེ་རེད།ཐེངས་དང་པོའི་འཐོར་ཞིག་གིས་རྒྱལ་སྲས་ལ་ཀླུ་བཙུན་ཕྱོགས་ཁག་གི་སྟོབས་ཤུགས་བོར་དུ་བཅུག་པ་དང་།  ཐེངས་གཉིས་པས་མའོ་ཁྲོན་ཕྱོགས་ཁག་གི་བོན་ཆིས་སྟོབས་ཤུགས་བོར་དུ་བཅུག  གང་ལྟར་སྲིད་འགྱུར་འདི་དུས་ཡུན་ཐུང་ངུ་ཙམ་གྱི་ནང་རོལ་ལ་ཞོལ་འཇགས་སུ་སོང་མོད་རྒྱལ་སྲས་ཀྱི་དངོས་ཤུགས་ཇེ་ཉམ་དང་ཇེ་རྒུད་དུ་ཕྱིན་པས་ཁོས་སྐབས་འདི་དང་བསྟུན་ནས་བྲེ་བོ་ཚང་དང་ལྷན་དུ་དམག་རྟ་རྣམས་ཁྲིད་ནས་རྒྱལ་མཁར་མའོ་ཁྲོན་ནས་ཡང་བསྐྱར་གྱི་ཐང་དུ་སྤོས།
         རྒྱལ་སྲས་གྱི་ཐང་དུ་གནས་སྤར་རྗེས་རྒྱབ་རྟེན་སའི་ཉེ་འབྲེལ་གྱི་དཔུང་ཤུགས་གཙོ་བོ་ནི་བྲེ་བོ་ཚང་ཡིན་ལ་དེའི་རྟེན་གཞི་ནི་ལི་ཅིན་མཁར་ 历精城  ཡིན།  མཁར་དེ་གྱི་ཐང་ནུབ་ངོས་ཀྱི་ལེ་དབར་དྲུག་གི་མཚམས་སུ་གནས་ཤིང་རང་གི་སྲིད་དབང་སྲ་བརྟན་ཡོང་ཆེད་རྒྱལ་སྲས་ཀྱིས་ཁ་གཏད་ཕྱོགས་ཁག་རྣམས་བཏུལ་ནས་ངོ་ལོག་གི་སྒོ་མོ་བསྡམས་ཏེ།  དཔུང་དམག་གི་སྣ་དྲངས་ནས་གྱི་ཐང་དུ་གཞི་བྱས་པ་དང་བྲེ་བོ་ཚང་གི་ལྕམ་བཅས་ལི་ཅིན་མཁར་དུ་བཞུགས་ནས་ཕན་ཚུན་དཔུང་བ་མཉམ་གཤིབ་ཀྱི་ཚུལ་དུ་བསྡད།  དེ་ནི་ལིང་ཀྲིག་གི་མི་ཉག་དཔུང་དམག་ལྷོ་རྒོལ་དུ་འོང་བ་དང་ནམ་འོང་ཆ་མི་མཚལ་བའི་བོན་ཆུང་གྱི་འཁོན་ལན་བཅས་རྒྱུ་རྐྱེན་གང་མང་ཞིག་ལ་དམིགས་ཏེ།  གཅིག་ལ་གཅིག་ རྟེན་བྱེད་ཐུབ་པའི་ཆེད་དང་།  ཡང་གཞན་ཞིག་ནི་ལི་ཅིན་མཁར་དབང་དུ་བཟུང་ཚེ་སྐབས་དེའི་ནུབ་འབྲེལ་གྱི་ཚོང་ལམ་དབང་དུ་བཟུང་བ་དང་ཁྱད་མེད་པ་དང་བཅས་གཉིས་སོ།  སུང་བོད་ཀྱི་ལོ་རྒྱུས་ལས་རྒྱལ་སྲས་ཧྲན་ཀྲིག་ཏུ་བཞུགས་ཤིང་ནུབ་འབྲེལ་གྱི་ལི་ཅིན་མཁར་མཚོ་སྔོན་དང་འབྲེལ་ཞིང་ལི་ཡུལ་གོང་ཐང་སོགས་རྒྱལ་ཁབ་རྣམས་ཀྱི་ཚོང་བ་ཧྲན་ཀྲིག་བརྒྱུད་ནས་ཚོང་ཟོག་བརྗེ་རེས་བྱེད་པས་འབྱོར་ཕྱུག་རབ་ཏུ་རྒྱས་ཟེར།  གྱི་ཐང་དུ་གནས་སྤར་རྗེས་རྒྱལ་སྲས་ཀྱིས་ཕྱོགས་གཅིག་གི་སའི་གནས་བབས་བེད་སྤྱད་ནས་ཚོང་ལས་དཔལ་འབྱོར་ཡར་རྒྱས་སུ་བཏང་ནས་དངོས་པོའི་རྨང་གཞི་འཛུགས་བསྐྲུན་དང་།  ཡང་གཞན་ཞིག་ནས་མུ་མཐུད་དེ་ཐུ་བྷོད་བཙན་པོའི་གདུང་རྒྱུད་ཀྱི་མཚན་སྤྱད་ནས་མཐའ་གཅིག་ཏུ་རང་ཉིད་ཀྱི་དངོས་ཤུགས་རྒྱ་བསྐྱེད།  སྔོན་ཙོང་ཁ་ཚོ་བའི་སྐབས་སུ་རྒྱལ་སྲས་ལ་མགོ་བཏགས་པའི་བསེའུ་སྟོབས་ཚོ་བས་ཙོང་ཁའི་རྒྱལ་ཁྲིམས་བཤིག་སྟེ།  ཚོ་བ་དང་ལོགས་སུ་གྱེས་ནའང་རྒྱལ་སྲས་གྱི་ཐང་དུ་སྤར་རྗེས་རོང་དྲུག་གི་ཚོ་བ་འགས་ཕྱིར་རྒྱལ་སྲས་སྲིད་དབང་ལ་མགོ་བཏགས།  དེ་ཡང་སུང་བོད་ཀྱི་ལོ་རྒྱུས་ལས་ཡོན་ཧོ་ཡོས་ཞིས་ལིང་མཁར་བཟུང་མ་ཐག་ཕན་བློ་གྲོས་ཀྱི་ཕྱོགས་གཏོགས་རྣམས་ཀྱིས་རྒྱལ་སྲས་ལ་མགོ་བཏགས་ཤིང་གྲུ་གུ་མི་རིགས་ཀྱང་ཁྲི་ལྷག་ཙམ་འབྱོར་ཟེར།
          དེ་མིན་གྲོ་ཚང་གྲོང་གི་ལོ་རྒྱུས་རགས་རམ 《东都市略传》 ཀྱི་ས་བཅད་བརྒྱ་དང་བཅུ་དགུའི་ཟིན་བཀོད་ཨང་བདུན་པར་ཡོན་ཧོས་ཞི་ལིང་མཁར་བཅོམ་རྗེས་རྒྱལ་སྲས་ལ་བསེའུ་སྟོབས་ཀྱི་མངའ་ཞབས་ཁྲི་བཅུ་ལྷག་དང་།  གྲུ་གུ་བ་ཁྲི་ཙམ་གྱིས་མགོ་བཏགས།  མིན་ཏའོ་ཁྲི་ལོ་དང་པོར་ཡོན་ཧོས་ཞི་ལིང་མཁར་བཅོམ་པས་ཐེངས་འདིར་བསེའུ་སྟོབས་ཀྱིས་རྒྱལ་སྲས་ལ་མགོ་བཏགས་པ་རྒྱལ་སྲས་གྱི་ཐང་དུ་སྤར་བའི་རྗེས་རེད།   དེ་ལྟར་རོང་དྲུག་བོད་མི་ཁྲི་བཅུའི་སྟེང་ད་དུང་གྲུ་གུའི་མི་འབོར་ཁྲི་འགའ་བསྣན་ཚེ་ཧ་ལམ་མི་འབོར་ཁྲི་ཉེར་ལྔ་ཙམ་གྱི་སྟོབས་ཤུགས་དེ་མཐའ་གཅིག་ཏུ་རྒྱལ་སྲས་ལ་དབང་བས་ཁོའི་དཔུང་ཤུགས་དེ་སྐད་ཅིག་དེ་ཉིད་ལ་བརྡོལ་དུ་བཅུག
          བསྡུ་བསྒྲིགས་རིང་མོ་ 《长编》་ས་བཅད་བརྒྱ་དང་བཅུ་བདུན་དུ་ཡོན་ཧོ་ཡིས་གྱི་ཐང་དང་།  ཨན་འར་安二།  ཙོང་ཁ།   ཏར་ཞིན་ལིན་  带星岭  མཁར་རྫོང་བཅས་ལ་རྒོལ་བས་རྒྱལ་སྲས་ཀྱི་དམག་སྤྱི་ཨན་ཙི་ལོས་ 安子罗 དམག་དཔུང་ཁྲི་བཅུའི་སྣེ་དྲངས་ནས་ཕྱི་བསྐྱོད་ཀྱི་ལམ་བུ་བསྡམས་ཟེར།  ཨན་ཙི་ལོ་  安子罗  གཅིག་པུས་དཔུང་དམག་ཁྲི་བཅུའི་སྣ་དྲངས་ཚེ་སྐབས་འདི་ཤེད་དུ་རྒྱལ་སྲས་ཀྱི་དམག་དོན་ནུས་ཤུགས་དེ་ཉུང་མཐར་ཡང་ཁོ་ལས་ལྡབ་གཉིས་རེད།  རྒྱལ་སྲས་གྱི་ཐང་དུ་གནས་སྤར་རྗེས་བསེའུ་སྟོབས་ཀྱི་མངའ་ཞབས་ལས་གཞན་གྲུ་གུའི་འབངས་མི་རྣམས་ཀྱིས་ཀྱང་ཁོང་ལ་མགོ་བཏགས་པས་ཙོང་ཁའི་རྒྱལ་ཁྲིམས་བཤིག་སྟེ།   སིལ་བུར་འཐོར་པའི་ཐུ་བྷོད་ཀྱི་ཚོ་བ་རྣམས་སླར་ཡང་རྒྱལ་སྲས་དབང་འོག་ཏུ་འདུས་པས་ལོ་རྒྱུས་སུ་དེར་རྒྱལ་སྲས་ཀྱི་སྟོབས་ཤུགས་རིམ་གྱིས་སྤྱང་ངམ་ཆའང་གི་ཚོ་ཁག་ལས་སྟོབས་ལྡན་པར་གྱུར།
         སུང་རིན་ཙུང་ཅིན་ཡིག་ཁྲི་ལོ་གཉིས་པའི་ཟླ་བཅུ་གཉིས་པ་ནི་རྒྱལ་སྲས་གྱི་ཐང་དུ་གནས་སྤར་བའི་ལོ་གསུམ་པ་ཡིན་ལ་མི་ཉག་ཚོ་ཁག་གི་མགོ་པ་ཡོན་ཧོས་ཙོང་ཆུའི་ལྷོ་རྒྱུད་ལ་དམག་དྲངས་ནས་ཐོག་མར་མཛོ་མོ་མཁར་གཏོར་ཞིང་ཕྱིས་སུ་ཨན་འར་དང་།   ཙོང་ཁ།   ཏར་ཞིན་ལིན་རྫོང་མཁར་རྣམས་ལའང་རྒོལ་བས་རྒྱལ་སྲས་ཀྱི་ཐུ་བྷོད་ཚོ་ཁག་གི་སྣེ་དྲངས་ནས་མི་ཉག་དམག་དཔུང་དང་ཉིན་སུམ་བརྒྱའི་རིང་ཉིན་མཚན་བསྟུན་ཏེ།  གཡུལ་འགྱེད་དྲག་པོ་བྱས་མོད་མཐར་གཡུལ་ཕམ་པས་ཡོན་ཧོས་དམག་དཔུང་ཐད་ཀར་རྒྱལ་སྲས་ཀྱི་རྒྱལ་ས་གྱི་ཐང་དུ་དྲངས།   རྒྱལ་སྲས་ཀྱིས་མི་ཉག་ཚོ་ཁག་གི་དམག་ཤུགས་ལ་འགྲན་མི་བཟོད་པ་མཐོང་བས་གྱི་ཐང་མཁར་སྒོ་བརྟན་སྲུང་བྱེད་བཞིན་གཡུལ་འགྱེད་ལ་ནར་འགྱངས་དང་ཞོར་དུ་སོ་མྱུལ་མངགས་ཏེ།   མི་ཉག་དམག་དཔུང་གི་སྟོབས་ཤུགས་ཆེས་ཞན་ས་དེ་བཙལ།   ཡོན་ཧོས་དམག་སྣེ་དྲངས་ཏེ།  ཙོང་ཆུ་བརྒལ་སྐབས་དར་བཙུགས་ནས་ཆུ་བོའི་ཟབ་ཚད་འཇལ་བའི་མཚན་མ་བཏབས་པ་དེ་རྒྱལ་སྲས་ཀྱིས་ལྐོག་ནས་མི་མངགས་ཏེ་གཏིང་སར་བཙུགས་ཤིང་ཡོན་ཧོའི་དཔུང་དམག་རྣམས་ངལ་ཞིང་དུབ་པའི་དུས་སུ་རྒྱལ་སྲས་ཀྱིས་དཔུང་དམག་དྲངས་ནས་ཐོལ་གྱིས་རྒོལ་པས་གཡུལ་འགྱེད་ཐེངས་གཅིག་གིས་མི་ཉག་གི་དམག་དཔུང་རྣམས་ལ་ཕམ་ཉེས་ཚབས་ཆེན་སྤྲད་དེ་ཕྱིར་ཙོང་ཆུ་བརྒལ་སྐབས་ཉིས་ཆའི་ཕྱེད་ལས་བརྒལ་བའི་དམག་མི་མང་པོ་ཞིག་ཆུ་བོའི་འཇིངས་སུ་ནུབ།   གཡུལ་འགྱེད་འདིས་མི་ཉག་དམག་དཔུང་གི་དཔུང་འཇུག་ལ་རྒོལ་ལན་སྤྲད་ཅིང་བསྐྱར་དུ་བཙུགས་མ་ཐག་པའི་རྒྱལ་སྲས་སྲིད་དབང་ཡང་བརྟན་བསྲུང་ཐུབ་པས་ཐུ་བྷོད་ཚོ་བའི་ཁྲོད་ཀྱི་རྒྱལ་སྲས་ཀྱི་གཟི་རྔམ་དགུང་ལ་གཏད་ཅིང་རྒྱལ་སྲས་ཀྱིས་ཐུ་བྷོད་ཚོ་བ་གཅིག་གྱུར་བྱ་བའི་སྒུལ་ཤུགས་སྔར་བས་ཀྱང་ཇེ་ཆེར་གྱུར།
        དེ་བས་དུས་སྐབས་འདིར་རྒྱལ་སྲས་སྲིད་དབང་ནང་ཁུལ་གྱི་གོད་ཆག་གསུམ་པ་དེ་བསྐྱར་དུ་བྱུང་ཞིང་དེ་ནི་ད་དུང་རྒྱལ་སྲས་ཁྱིམ་རྒྱུད་ནང་ཁུལ་དུ་བྱུང་།   རྒྱལ་སྲས་ཀྱི་བཙུན་མོ་སྔ་མ་གཉིས་ནི་ཀླུ་ལུ་བཙུན་གྱི་བུ་མོ་ཡིན་ལ་ཀླུ་བཙུན་ཕྱོགས་ཁག་གི་ཉམས་རྒུད་དང་ཕྱོགས་ཁག་ནང་འགལ་གྱིས་བཙུན་མོ་ཆེ་བ་གཉིས་དང་འགལ་ཟླར་གྱུར་པ་སྨོས་ག་ལ་དགོས།  དེ་མིན་བྲེ་བོ་ཚང་དང་དེའི་སྒེག་ཅིང་མཛེས་ལརྒྱབ་གཟུར་མཐོ་བ།  འཁོས་འཇོན་གཉིས་ལྡན་གྱི་བུ་མོ་བྲེ་ཧྲི་དང་གཉེན་བསྒྲིགས་པས་ཀླུ་ཚང་བུ་མོར་འདང་བོར་བ་ནི་མ་བཅོས་ལྷུན་གྱིས་འབྱུང་བ་ཞིག་རེད།  རྒྱལ་སྲས་ཀྱིས་ཀླུ་ཚང་གི་བུ་མོ་བཙུན་མ་བྱེད་པའི་བཀའ་ཕབ་ཅིང་གོ་ཀྲིག་ཏུ་སྡོད་དུ་བཅུག་པ་དེར་ཀླུ་ཚང ཕྱོགས་ཁག་ཧ་ཅང་ཡིད་མ་རངས་པར་གྱུར་པས་དེའི་བུ་ཞ་བཙན་དང་མའོ་བཙན་ཅའོ་མའི་ཕྱོགས་སུ་འཁོར་ཏེ།  ཁོ་ཚོས་རང་གི་ཨ་མ་ཁྲིད་ནས་ཙོང་ཁའི་ཕྱོགས་སུ་བྲོས་ཤིང་རྒྱལ་སྲས་ཀྱི་བུ་ཆེ་འབྲིང་གཉིས་ཕ་དང་ཞེ་འགྲས་ཏེ།  ཞ་བཙན་ཧི་ཀྲིག་ཁན་ཀོ་དང་ མའོ་བཙན་ཅོ་ཙོང་ཁར་བཞུགས་འདི་ལྟར་རྒྱལ་སྲས་ཁྱིམ་རྒྱུད་འཐོར་ཞིག་ཏུ་སོང་བས་མི་ཉག་ཕྱོགས་ཁག་ལ་ཚུར་རྒོལ་གྱི་སྒོ་གླེགས་ཕྱེ།  ཡོན་ཧོས་རྒྱལ་སྲས་ཀྱི་བུ་གཉིས་ཕར་སྡང་བ་རྟོགས་པས་ལྐོག་རྔན་གྱ་ནོམ་པ་བརྫངས་ཏེ་དབྱེན་དཀྲུགས་པས་ཚོ་དཔོན་རྣམས་ཀྱང་བློ་ལོག  མི་ཉག་གིས་ཧི་ཞིས་ཁུལ་གྱི་ཀབ་ཀྲིག་དང་།   ཧྲ་ཀྲིག  སའོ་ཀྲིག་བཅས་ཀྲིག་གསུམ་གཏོར་རྗེས་ལྷོ་ཁུལ་དུ་དམག་དྲངས་ནས་ལན་ཀྲིག་ཁུལ་གྱི་ཐུ་བྷོད་ཀྱི་ཚོ་བ་རྣམས་ཕམ་པར་བརྒྱབ་ཅིང་གནས་དེའི་དུད་ཁྱིམ་སྟོང་ཕྲག་ལ་དབང་བསྒྱུར་བའི་བོད་ཀྱི་ཚོ་དཔོན་རྨ་དཔལ་གྱིས་མི་ཉག་ལ་མགོ་བཏགས་ནས་མི་ཉག་རྒྱལ་ཁབ་ཀྱི་མག་པར་གྱུར་ཅིང་མི་ཉག་དམག་དཔུང་གིས་ལྷོ་ནས་མ་ཞན་བར་བཙན་འཛུལ་བྱས་ཤིང་ཝ་ཁྲིན་ཧེ་  瓦川会  རུ་རྫོང་མཁར་བརྩིགས་ཏེ་དམག་དཔུང་དྲག་པོས་སྲུང་བས་སུང་རྒྱལ་ཁབ་དང་ཧི་ཧོང་ཐུ་བྷོད་ཀྱི་འབྲེལ་ལམ་བཅད།  དེ་ལྟར་མི་ཉག་གིས་བྱང་རྒྱུད་ཀྱི་ལིང་ཀྲིག་དང་ཤོར་ངོས་ཀྱི་ལན་ཀྲིག་རྣམས་ལ་དབང་བསྒྱུར་བས་ཙོང་ཁའི་ཡུལ་ཁམས་དེ་རྒྱལ་སྲས་ལ་རྒྱབ་འགལ་བྱས་བའི་ཀླུ་ཚང་ཕྱོགས་ཁག་གི་ལག་ཏུ་ཤོར་ཞིང་མའོ་ཁྲོན་དེ་རྒྱལ་སྲས་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཟླར་གྱུར་པའི་བོན་ཡུམ་ཁྲི་གཡུ་ལུང་གི་དབང་དུ་ཤོར་ལ་རྨ་ཆུའི་ལྷོ་ཕྱོགས་རྣམས་རྒྱལ་སྲས་ཀྱིས་འདུལ་ཐབས་བྲལ་བའི་སྤུན་མཆེད་བཀྲ་ཤིས་གཡུ་ལུང་འབུམ་གྱིས་དབང་དུ་བསྡུས།   ཧི་ཀྲིག་ཁུལ་རྒྱལ་སྲས་ལ་ངོ་ལོག་མཁན་གྱི་ཞ་ ཙན་གྱིས་བཟུང་བས་རྒྱལ་སྲས་ཀྱི་རྒྱལ་མཁར་གྱི་ཐང་དེ་ཁོང་གི་དགྲ་དང་ངོ་ལོག་པའི་མདུང་རྩེར་ལྷུང་པས་བར་སྐབས་སུ་གྱི་ཐང་དང་གྱེས་ཏེ་གྲེ་བོ་ཚང་གི་གནས་གཞི་ལི་ཅིན་མཁར་དུ་  历精城  མི་སྡོད་ཀ་མེད་བྱུང་།  ཐན་ཁོན  田况  གྱིས་རྒྱལ་སྲས་ཉིན་རེ་བཞིན་རྒུད་པ་འདིས་རྒྱལ་སྲས་སྲིད་དབང་ཐེངས་གསུམ་པར་འཐོར་ཞིག་ཏུ་སོང་རྗེས་སུ་བྱུང་བའི་རྣམ་པ་ཏག་ཏག་མཚོན་ཡོད།
          གནས་བབ་འདི་ཧ་ལམ་ལོ་ངོ་ཉི་ཤུ་སྟེ།  སུང་རིན་ཙུང་ཅིན་ཡུག་ཁྲི་ལོ་གསུམ་པ་སྤྱི་ལོ་ 1058  ལོར་ཞ་བཙན་དང་མའོ་བཙན་ཅའོ་གཉིས་འདས་པའི་བར་རང་སོར་གནས་ཤིང་ཕྱིས་སུ་གནས་བབ་འདིར་འགྱུར་བ་ཕྲན་བུ་ཕྱིན་ཏེ།མའོ་བཙན་ཅའོའི་བུ་ཞ་བཙན་སི་ཏིན་དང་རྨོ་ཡུལ་བྲེ་བོ་ཚང་ཙོང་ཁའི་ཚོ་དཔོན་རྣམས་ཀྱིས་སླར་ཡང་དུས་གཅིག་ཏུ་རྒྱལ་སྲས་ལ་མགོ་བཏགས།   ལོ་དེའི་ཟླ་བཅུ་གཉིས་པར་རྒྱལ་སྲས་རིམ་གྱིས་གྱི་ཐང་ནས་ཙོང་ཁའི་ཡར་པེ་མཁར་དུ་ཀླུ་ཚང་དང་ཞ་ཊི་སི་ཏིན་བཅས་ལྷན་དུ་བཞུགས།  དེ་ཡང་ལིག་ཆིན་ཕྱོགས་བསྡུས་《乐全集》  སུ་སྤྱི་ལོ་1059 སྟེ།   ཅ་ཡིག་ཁྲི་ལོ་བཞི་བའི་ཟླ་བཞི་བར་མའོ་ཁྲོན་མཁར་གྱི་ཚོ་དཔོན་ཆེན་མོ་ཡུམ་ཁྲི་གཡུ་ལུང་འབུམ་ཡང་ནད་ཀྱིས་མནར་ཏེ་འདས་པས་ལྡོང་བཙན་གྱིས་རྒྱུན་ཆད་མེད་པར་དམག་སྣ་དྲངས་ཏེ།  དེའི་ས་ཆ་རྣམས་འཕྲོག་པས་མའོ་ཁྲོན་ཡང་རྒྱལ་སྲས་ཀྱི་དབང་འོག་ཏུ་ཤོར།  ཞ་བཙན་འདས་པའི་རྗེས་སུ་ཁོང་གི་བུ་རྣམས་མིང་ཐོག་ནས་ཧི་ 河དང་།  ཐའོ 洮།  ཝུན་武 བཅས་སུ་གནས་ཀྱང་དོན་དངོས་ཐོག་ཕལ་ཆེར་རྒྱལ་སྲས་ལ་དབང་ཡོད་པས་ཀྲང་ཧྥང་ཕིན་  张方平  གྱིས་སྔོན་རྒྱལ་སྲས་དང་།  ཞ་བཙན།   མའོ་བཙན་ཅའོ་རྣམས་ཀྱིས་ས་ཁུལ་བཅད་བཟུང་བྱས་ཏེ།  རང་ས་རང་གིས་དབང་དུ་བསྒྱུར་ཀྱང་དེང་སང་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་སྟོབས་ཤུགས་ཆེ་རུ་ཕྱིན་འདུག   འདིར་རྒྱལ་སྲས་ཀྱི་སྲིད་དབང་དེ་ལོ་ངོ་ཉི་ཤུའི་གས་ཆག་གི་ལོ་ཟླ་རིང་མོ་བརྒྱུད་ཅིང་མཐར་རྒྱལ་སྲས་དགུང་ལོ་མཐོ་རུ་སོན་དུས་སླར་ཡང་གཅིག་སྒྲིལ་གྱི་ཕྱོགས་སུ་གོམ་ཁ་ཕྱོགས་པ་མཐོང་མོད་སྐབས་འདིའི་རྒྱལ་སྲས་ནི་རྒས་ཤིང་འཁོགས་པས་ཐུ་བྷོད་གྱི་ཐང་སྲིད་དབང་གི་དབང་ཤུགས་དངོས་དེ་རྒྱལ་སྲས་ཀྱི་བུ་ཐ་ཆུང་ལྡོང་བཙན་གྱི་ལག་ན་གནས།

བཞི །རྒྱལ་སྲས་སྲིད་དབང་གི་ལོ་རྒྱུས་བྱེད་ནུས།
        སྤྱི་ལོ་ 1065 སྟེ།  སུང་ཡུན་ཙུང་ཀྲིས་ཕིན་ཁྲི་ལོ་གཉིས་པར་རྒྱལ་སྲས་སྙུང་གཞིས་བཀྲོངས་ཤིང་དགུང་ན་རེ་དགུར་སོན།  རྒྱལ་སྲས་སྲིད་དབང་དེ་སྤྱི་ལོ་ 1008 དེ།   སུང་ཀྲིན་ཙུང་ཏ་ཞང་ཁྲི་ལོ་དང་པོ་ནས་བཙུགས་པར་རྩིས་ཚེ་རྒྱལ་སྲས་ཀྱིས་ཧི་ལུང་ཁུལ་གྱི་ཐུ་བྷོད་ཚོ་བ་རྣམས་ལོ་ངོ་ལྔ་བཅུ་ལྔ་བདུན་རིང་དབང་བསྒྱུར་བྱས་པ་དེ་ནི་སུང་དང་།  ལེའོ།  མི་ཉག་བཅས་རྒྱལ་ཁབ་རྣམས་ཀྱི་རྒྱལ་རིང་གསུམ་རེའི་བར་ཡིན་པས་དེ་ནི་དུས་རབས་བར་མའི་སྐབས་སུ་དབང་ཤུགས་བཟུང་བ་ཆེས་རིང་བའི་རྒྱལ་བོ་ཞིག་ཡིན་ལ་འདི་ལྟ་བུའི་དབང་བསྒྱུར་བས་དེ་ལྟ་བུའི་སྲིད་དབང་གི་ལོ་རྒྱུས་སྟེང་ཐེབས་པའི་ཤུགས་རྐྱེན་དང་བྱེད་ནུས་ལ་འདི་འདྲའི་གདེང་འཇོག་བྱེད་རིན་མཆིས།

གཅིག  རྒྱལ་སྲས་སྲིད་དབང་གིས་ཧི་ལུང་ཐུ་བྷོད་ཚོ་བར་དབང་བསྒྱུར་བ་དེས་ས་ཁུལ་དེ་ཡོངས་རྫོགས་གཅིག་གྱུར་བྱེད་པར་སྐུལ་འདེད་བྱས།
        སྤྱི་ལོ་ 842  ལོར་ཐུ་བྷོད་ཀྱི་བཙན་པོ་གླང་དར་མ་ལྷ་ལུང་དཔལ་རྡོར་གྱིས་ལྐོག་གསོད་བྱས་པས་ལྷ་སའི་ཐུ་བྷོད་སྲིད་གཞུང་དེ་སྐད་ཅིག་ཉིད་ལ་རྒུད་ཅིང་འོད་སྲུང་དང་ཡུམ་བརྟན་ ཉིས་ལ་ཕྱོགས་གཏོགས་བློན་པོ་ཚོས་རྒྱབ་སྐྱོར་བྱས་བས་དེ་གཉིས་ཀྱིས་ནང་དམེ་རྒྱུན་རིང་བྱས།  ལོ་ངོ་ཉི་ཤུ་ལྷག་གི་རྙོག་འཛིང་གི་ནང་དམེ་ཁྲོད་སྐུ་དྲག་དང་། དབང་ཤུགས་ཅན།  ཚོ་དཔོན་རྣམས་ཀྱིས་ཕན་ཚུན་འཕྲོག་བཅོམ་གྱི་འཁོར་ལོ་བསྐོར་བས་བོད་ཁམས་ཡོངས་རྫོགས་སིལ་བུར་འཐོར་ཞིང་སྤྱི་ལ་དབང་བའི་རྒྱལ་བོ་མེད་པར་སིལ་བུའི་གནས་བབས་འདི་ལོ་ངོ་བརྒྱ་དང་ལྔ་བཅུ་ཙམ་གནས་ཤིང་ལིང་ཀྲིག་རོང་དྲུག་ཚོ་བ་མཉམ་འབྲེལ་བྱུང་རྗེས་རྣམ་པ་འདི་དལ་གྱིས་འཕོ་འགྱུར་བྱུང་།  དེ་ཕྱིར་ལིང་ཀྲིག་རོང་དྲུག་ཚོ་བ་དེ་མ་ཐག་མི་ཉག་ཕྱོགས་ཁག་གི་དྲག་པོའི་དམག་ཤུགས་ཀྱིས་སིལ་བུར་གཏོར་པས་རྒྱལ་སྲས་ཀྱིས་གནས་བབ་འདིའི་འོག་ནས་རྒྱལ་ཁྲིམས་བཙུགས་ཏེ།  ཧི་ལུང་ཁུལ་གྱི་བོད་ཀྱི་ཚོ་བ་རྣམས་གཅིག་གྱུར་བྱས་ཏེ་ཐུ་བྷོད་ལོ་རྒྱུས་སྟེང་གི་མདོ་སྨད་ཀྱི་སྲིད་དབང་ཐོག་མ་དེ་བཙུགས།  སྲིད་དབང་འདིར་ནང་ཁུལ་ཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྐྱེན་ཤིན་ཏུ་འཛོམས་ཤིང་གཅིག་གྱུར་གྱི་ས་ཁོངས་ལ་ཚད་བཀག་ཡོད་རུང་མཐར་གཏུགས་ན་དེ་ནི་ས་ཁུལ་ཞིག་ལ་དབང་བསྒྱུར་བའི་ཆབ་སྲིད་ཀྱི་ཕུང་བོ་ཞིག་ཡིན་པས་ས་ཁུལ་འགར་དོན་དམ་གྱིས་དབང་བསྒྱུར་བྱས་པས་སྔོན་གྱི་ལུང་པ་རེ་ལ་ཚོ་བ་རེ་དང་།  ས་ཆ་རེ་ལ་དཔོན་པོ་རེ་ཞེས་པའི་ཁ་འཐོར་གྱི་རྣམ་པ་དེ་བསྒྱུར།  འདི་ལྟར་ས་ཕྱོགས་རེ་འགའ་གཅིག་གྱུར་གྱི་རྣམ་པ་བྱུང་བས་ཧི་ལུང་ཐུ་བྷོད་ཚོ་བ་རྣམས་གཅིག་གྱུར་དང་མཐུན་སྒྲིལ་འོང་པའི་སྟོབས་ཤུགས་ཇེ་ཆེར་གྱུར།   ཕྱི་ཕྱོགས་སུ་ཧི་ལུང་ཐུ་བྷོད་ཚོ་བའི་ཆབ་སྲིད་ཀྱི་ཁེ་ཕན་དཔལ་འབྱོར་གྱི་ཡོང་སྒོས་མཚོན་པའི་སྲིད་དབང་གི་འབྲེལ་འོང་འདི་དུས་ཡུན་རིང་པོར་སིལ་བུར་གནས་པའི་མདོ་སྨད་བོད་རིགས་རྣམས་ལ་མཚོན་ན་འདི་ནི་དངོས་ནས་བཀྲ་ཤིས་པའི་དོན་ཞིག་རེད།

གཉིས།  རྒྱལ་སྲས་སྲིད་དབང་གིས་རྒྱལ་ཁའི་ངང་མི་ཉག་གི་བཙན་འཛུལ་ལ་རྒོལ་ལན་སྤྲད་པ།
          ཐུ་བྷོད་སིལ་བུར་འཐོར་རྗེས་དུས་ཡུན་རིང་བོར་ས་ཁུལ་བཅད་བཟུང་གི་རྣམ་པར་གནས་ཏེ།  ཕན་ཚུན་ནང་དམེ་བྱས་པས་ཐུ་བྷོད་ཀྱི་སྟོབས་ཤུགས་ཡོངས་སུ་ཟད།  དེ་ཡང་མི་རབས་ལྔ་བའི་དེབ་ཐེར་གསར་མའི་བོད་ཀྱི་རྣམ་ཐར་ལས་མི་རབས་ལྔ་བའི་དུས་སུ་ཐུ་བྷོད་ཀྱི་སྟོབས་ཤུགས་ཟད་ཅིང་གྲུ་གུ་དང་མི་ཉག་སོགས་ཀྱིས་དེ་ལ་བཙན་འཛུལ་བྱས་ཏེ།  མི་དམངས་ཚོར་དཀའ་སྡུག་ཚད་མེད་སྤྲད་པས་ཕྱིའི་བཙན་འཛུལ་ལ་རྒོལ་བའི་ནུས་སྟོབས་རྨང་ནས་ཉིལ། ལིང་ཀྲིག་རོང་དྲུག་ཚོ་བ་འཛུགས་དུས་མི་ཉག་གི་ཚུར་རྒོལ་མཐའ་གཅིག་ཏུ་ཉམས་ཉེས་བཏང་མོད་ཅུང་མ་ཕྱིན་པར་མི་ཉག་ཕྱོགས་ཁག་གི་དཔུང་ཤུགས་དྲག་པོས་ཚོ་བ་འདི་གྱོ་ཆག་སྐྱ་ཉིལ་ལེར་བཏང་།  རྒྱལ་སྲས་སྲིད་དབང་བཙུགས་རྗེས་མི་ཉག་ཡོན་ཧོ་དང་ལིང་ཙོ་གཉིས་ཀྱིས་སྔ་གཞུག་ཏུ་ཅིན་ཡིག་ཁྲི་ལོ་གཉིས་པ་དང་གསུམ་པ།  ཅ་ཡིག་ཁྲི་ལོ་གསུམ་པ་བཅས་སུ་དམག་དྲངས་ནས་ཙོང་ཆུའི་ཕྱོགས་སུ་བཙན་འཛུལ་བསྟུད་མར་བྱས།   རྒྱལ་སྲས་སྲིད་དབང་གི་སྣེ་ཁྲིད་འོག་ཧི་ལུང་ཐུ་བྷོད་རྣམས་ཀྱིས་ཕྱིའི་བཙན་འཛུལ་ལ་རྒོལ་པས་མི་ཉག་ཕྱོགས་ཁག་གི་དྲག་པོའི་དཔུང་ཤུགས་རྨང་ནས་བྲི།  སུང་བོད་ཀྱི་ལོ་རྒྱུས་ལས་རྒྱལ་སྲས་ཀྱི་ཐབས་མཆོག་དུ་མས་ཡོན་ཧོ་ཆམ་ལ་ཕབ་པས་ཕྱིས་ཡོན་ཧོ་ཡིས་གྱི་ཐང་ཁུལ་ལ་རྒོལ་མ་ནུས་ཟེར།རྒྱལ་སྲས་སྲིད་དབང་གིས་རྒྱལ་ཁའི་ རང་ཉིད་ཀྱི་ས་ཁུལ་སྲུང་ཞིང་མི་ཉག་གིས་སུང་གི་མཐའ་ཁུལ་དུ་བཙན་འཛུལ་བྱེད་པར་ འགོག་རྐྱེན་བཟོས་པས་སུང་གི་སུན་ཕོའིས་ཡོན་ཧོས་སྲིད་ཀྱི་ཁ་ལོ་བསྒྱུར་བ་ནས་བཟུང་ཀོན་ཀྲོང་ཁུལ་དུ་བསྐྱོད་མི་ནུས་པ་རྣམས་རྒྱལ་སྲས་ལ་སྐྱབས་མ་བཅོལ་ཚེ་ཕྱིས་འབྱུང་གི་སེམས་ཁྲལ་ཡིན

གསུམ། རྒྱལ་སྲས་སྲིད་དབང་གིས་ཤར་ནུབ་འབྲེལ་འོང་གི་གནའ་ལམ་སླར་གསོ་དང་སྲུང་སྐྱོབ་བྱས་ཏེ།  རྒྱ་ནག་དང་ཡ་གླིང་དབུས་མ་དང་ནུབ་མའི་ས་ཁུལ་བར་གྱི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་བཅས་ཀྱི་འབྲེལ་འོང་ལ་སྐུལ་འདེད་བྱས།
         སུང་བྱང་མའི་དུས་འགོར་སུང་རྒྱལ་ཁབ་ནུབ་ཡུལ་དང་ཡ་གླིང་དབུས་མའི་རྒྱལ་ཁབ་རྣམས་དང་སྦྲེལ་བའི་ལམ་ཆེན་ནི་ལྷོ་བྱང་ལམ་བུ་གཉིས་སུ་བགོས་ཆོག་སྟེ།  བྱང་ལམ་ནི་དེང་གི་ཉིང་ཞ་བྱང་རྒྱུད་ཀྱི་ཇི་ཡན་ཧར་ནས་ཞིན་ཅིང་ཏུ་འཐེན།   ལྷོ་ལམ་ནི་ཧི་ཞི་ཙུག་ལང་ནས་ཞིན་ཅང་ནང་ཟུག་ཡོད།   ལམ་ཆེན་གྱི་ཐོན་ཡུལ་ནི་ལིན་ཀྲིག་དང་ཞ་ཀྲིག་གཉིས་ཡིན་ལ་མི་ཉག་ཇུས་ཆེན་གྱིས་སུང་ལ་ངོ་ལོག་བྱས་རྗེས་ལིན་ཀྲིག་དང་ཞ་ཀྲིག་གཉིས་མི་ཉག་ཕྱོགས་ཁག་གིས་དབང་བསྒྱུར་བྱས་ཤིང་མི་ཉག་གི་དབང་བསྒྱུར་པས་ཡ་གླིང་དབུས་མའི་ཚོང་བ་རྣམས་བཅོམ་སྟེ།   འབྲེལ་འོང་གི་ཕོ་ཉ་ཚོ་བཀག་འཇུག་བྱས་པས་འགྲོ་འོང་ཟབ་པའི་དར་ལམ་ལ་ཆད་མཐུད་ཀྱི་བར་ཆད་གང་མང་བྱུང་ལ་ཡོན་ཧོས་ཧི་ཞི་ས་ཁུལ་ཡོངས་རྫོགས་དབང་འོག་ཏུ་བསྡུས་རྗེས་མི་ཉག་སྲིད་གཞུང་གིས་ཚོང་ཟོག་གི་བཅུ་ཆའི་གཅིག་ཁྲལ་དུ་བསྡུས་པའི་ལམ་སྲོལ་བཙུགས་ཤིང་དེ་མིན་ཚོང་ཟོག་ཁྲོད་ཀྱི་ཅ་དངོས་སྤུས་དག་རྣམས་བཙན་གྱིས་སྤྲོད་དུ་བཅུག་སྟེ། ཕྱོགས་བཞིའི་ཚོང་བ་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་དེད།  རྒྱལ་སྲས་སྲིད་དབང་བཙུགས་རྗེས་ཐོག་མར་ཉེ་འབྲེལ་གྱི་ཀན་ཀྲིག་གྲུ་གུའི་ཕོ་ཉ་སྐྱབས་ཏེ།  ཙོང་ཆུ་བརྒྱུད་ནས་སུང་གི་ཡུལ་ཁམས་སུ་བསྐྱོད་དུ་བཅུག   དེ་དང་མཐུད་ནས་སྤྱི་ལོ་དུས་རབས་བཞི་བ་དང་ལྔ་བའི་སྐབས་སུ་དར་ཞིང་རྒྱས་མྱོང་བའི་འ་ཞའི་ཚོང་ལམ་དེ་སླར་གསོ་བྱས།   ཙོང་ཆུའི་འ་ཞའི་ཚོང་ལམ་འདིར་ཞུགས་སྟངས་རྣམ་པ་གཉིས་ཡོད་དེ།   གཅིག་ཤིན་ཅང་དུ་བསྐྱོད་རྗེས་ཧིག་ཞི་ཙུག་ལིང  (河西走郎)  བྱང་ཁུལ་བརྒྱུད་དགོས་ལ་དེ་ནས་ཇུ་ཡན་ཧད་ (居延海)་  ལྷོ་རྒྱུད་དུ་བབས་ཏེ།   ཧི་ཞི་ཙིག་ལིང་  (河西走郎)  འཕྲེད་ཀྱིས་བཅད་དེ་ཏ་ཊིག་པ་ཀོ  (大斗拔谷)  བརྒྱུད་ཚེ་རྨ་ཙོང་ཆུ་བོའི་རྒྱུད་དུ་འབྱོར་ཐུབ་ལ་དེ་ནས་ཞི་ཧིག་  (熙河)   བརྒྱུད་ཚེ་ཆིན་ཀྲིག་ས་ཁུལ་ཏུ་འབྱོར་ངེས།
         དེ་ཡང་ལམ་གཞན་ཞིག་ནི་ཤིན་ཅང་དུ་བསྐྱོད་རྗེས་ཧི་ཞི་ཙིག་ལིང་  (河西走郎)  གི་ལྷོ་རྒྱུད་ཕྱོགས་སུ་བགྲོད་དགོས་ལ་དེ་ནས་མདོ་ལ་རིང་མོ་རྒྱུད་དེད་དེ་ལྷོ་ལམ་བགྲོད་ཚེ་མཚོ་སྔོན་པོར་འབྱོར་ཞིང་ཙོང་ཆུའི་ཕྱོགས་སུ་སླེབས་པས་སླར་ཡང་ཞི་ཧག་  (熙河)  བརྒྱུད་དེ་ཆིན་ཀྲིག་ཏུ་འབྱོར།  སྐབས་འདི་ཤེད་དུ་གྲུ་གུ་དང་།  ཨ་རབ།  ཡི་ཐན།  གུང་ཐང་།  ལི་ཡུལ་བཅས་རྒྱལ་ཁབ་རྣམས་ཀྱི་ཕོ་ཉ་བ་དང་ཚོང་བ་རྣམས་ཚོང་ལམ་འདི་ཉིད་བརྒྱུད་ཅིང་རྒྱལ་སྲས་མངའ་ཁོངས་ཀྱི་གྱི་ཐང་དང་།  ལི་ཅིན།   མའོ་ཁྲོན་ལ་སོགས་པའི་ས་ཆ་རྣམས་ནུབ་བྱང་རྒྱལ་ཁབ་ཁག་གི་ཚོང་ལས་ཀྱི་ལྟེ་གནས་སུ་གྱུར།  དེ་ཡང་ཆིན་ཀྲིག་གི་བདེ་སྲུང་བློན་ཆེན་ཡུག་ཧྲི་ཞུང་  游师雄  གིས་ཡི་ཐན་དང་།  ཨ་རབ།   གྲུ་གུ་བཅས་རྒྱལ་ཁབ་རྣམས་ཀྱི་ཕོ་ཉ་གཅིག་རྗེས་གཉིས་མཐུད་དུ་འབྱོར་བས་བཟའ་བཏུང་མཁོ་སྤྲོད་ཐུབ་མིན་ལ་དོགས་ནས་བཀག་འགོག་བྱས་ཏེ།   ལོ་གཉིས་རེའི་ནང་རོལ་ལ་ཐེངས་གཅིག་འོང་དུ་བཅུག  འདི་ལྟར་ནུབ་ཡུལ་གྱི་ཕོ་ཉ་མང་དྲགས་པས་ དེ་དག་ཚོད་འཛིན་བྱེད་པའི་བྱ་ཐབས་མི་སྤྱོད་ཀ་མེད་དུ་གྱུར་པས་རྒྱལ་སྲས་སྲིད་དབང་གིས་ཤར་ནུབ་འབྲེལ་འོང་གི་ལམ་བུ་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་པར་བྱེད་ནུས་གལ་ཆེན་ཐོན་ཡོད།

བཞི།  རྒྱལ་སྲས་སྲིད་དབང་གིས་རྒྱ་བོད་འབྲེལ་ལམ་བཟང་པོ་རྒྱུན་བསྲིངས་ཏེ།   དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བ་སྲ་བརྟན་ཏུ་བཏང་།
         རྒྱལ་སྲས་ཀྱིས་དབང་བསྒྱུར་བྱས་པའི་ལོ་ངོ་ལྔ་བཅུའི་ནང་ཀྲུང་ཞང་ཁྲི་ལོ་དགུ་བའི་སན་ཏུ་ཀུའུ་གཡུལ་འགྱེད་  (三都谷之战)  སོགས་རྒྱ་བོད་ཕན་ཚུན་གྱི་བར་ལ་འགལ་བ་མི་དམན་པ་གཅིག་ཙམ་ལས་མ་བྱུང་བས་ང་ཚོས་རྒྱལ་ སྲས་དབང་བསྒྱུར་དུས་སྐབས་ཀྱི་གྱི་ཐང་ཐུ་བྷོད་སྲིད་དབང་དང་སུང་རྒྱལ་རབས་གཉིས་བར་གྱི་འབྲེལ་ལམ་བཟང་པོ་དེ་གཙོ་ཤུགས་ཡིན་པར་འདོད།  འདི་ལྟ་བུའི་འབྲེལ་འོང་བཟང་པོ་མཚོན་པ་འདི་གཞུང་ཕྱོགས་ནས་ཕན་ཚུན་ཕོ་ཉ་འགྲོ་འོང་ཟབ་པ་དང་།  དམངས་ཁྲོད་དུ་རྣམ་པ་འདྲ་མིན་གྱི་དཔལ་འབྱོར་རིག་གནས་ཀྱི་སྤེལ་རེས་རེད།
         རྒྱལ་སྲས་སྲིད་དབང་གིས་སུང་རྒྱལ་ཁབ་ཏུ་མངགས་པའི་ཕོ་ཉ་ཅུང་མང་སྟེ།  རྒྱལ་སྲས་སྲིད་ཁྲིར་བཞུགས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ཕོ་ཉ་སུང་ལ་མངགས་པའི་ཟིན་ཐོ་རུ་ཐེངས་ཉི་ཤུ་ལྷག་བསྐྱོད་འདུག་ཅིང་དེར་སུང་སྲིད་གཞུང་གིས་བརྩི་འཇོག་ཆེན་པོ་བྱས་ཏེ།  སུང་གིས་ལམ་བར་དུ་ལྷ་ཁང་བཞེངས་ནས་ཕོ་ཉ་བསུ་ལེན་བྱེད་པ་མ་ཟད།  ཆིན་ཀྲིག་ཏུ་རྒྱལ་སྲས་ཁྱིམ་རྒྱུད་ལ་རྒྱུ་ནོར་འཇོག་སའི་ས་ཁུལ་ཞིག་བཀོད་སྒྲིག་བྱས་ཤིང་དེ་ལ་རྒྱལ་སྲས་ཚང་གི་གཞིས་ཀ་ཟེར།  དེ་བཞིན་སུང་སྲིད་གཞུང་གིས་རྒྱལ་སྲས་ལ་བསྩལ་བའི་ལེགས་སྐྱེས་ཀྱང་ཕྱིས་སུ་རིམ་གྱིས་ཇེ་མང་དང་ཇེ་རྒྱས་སུ་གྱུར།  སུང་གིས་ཐོག་མར་ཚུར་འབུལ་གྱི་ལེགས་སྐྱེས་ལྟར་ཕྱིར་དེ་ག་བཞིན་ཕུལ་མོད་སུང་དང་མི་ཉག་གི་གཡུལ་འགྱེད་སྐབས་རྒྱལ་སྲས་ལ་བསྩལ་བའི་ལེགས་སྐྱེས་ནི་དར་ཡུག་ཆེན་ཁྲི་གཉིས་དང་།  དེ་བཞིན་དུ་རྒྱལ་སྲས་ཀྱི་ཐོབ་དང་གོ་ས་རྣམས་རིམ་གྱིས་འཕེལ་ཏེ།   ཁོང་ལ་ཚོ་དཔོན་དང་།  ས་གནས་དཔོན།   ཁུལ་ལྟ་ཞིབ་དཔོན་ལ་སོགས་པའི་ཆོ་ལོ་འདྲ་མིན་བསྩལ་ཏེ།  འབུལ་རྟེན་ཡང་དེ་ག་བཞིན་འབོར་ཆེན་སྤྲད།  དེ་དག་ནི་མིན་ཏའོ་ཁྲི་ལོ་དང་པོར་ལོ་རེར་དར་ཡུག་ཆེན་བཅོ་ལྔ་དང་།  ཇ་བག་ཆ་དང་ཇ་སིལ་མ་རྒྱ་མ་བརྒྱ་དང་ལྔ་བཅུ་རེ།  ཅིན་ཏིག་ཁྲི་ལོ་གཉིས་པར་ཟླ་རེར་དར་ཡུག་ཆེན་སུམ་ཅུ།  ཇ་བག་ཆ་དང་ཇ་སིལ་མ་རྒྱ་མ་བཞི་བརྒྱ་ལྔ་བཅུ།  དེ་བཞིན་དུ་པོ་ཡོན་ཁྲི་ལོ་དང་པོར་དར་ཡུག་སྟོང་གཅིག   ཇ་བག་ཆ་དང་ཇ་སིལ་མ་རྒྱ་མ་སྟོང་རེ་འབུལ་ཞིང་འདི་དག་གིས་རྒྱལ་སྲས་ཀྱི་ སྲིད་དབང་དང་སུང་བར་གྱི་འབྲེལ་ལམ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བ་མཚོན་ཞིང་འབྲེལ་ལམ་བཟང་པོ་འདི་རྒྱལ་སྲས་འདས་པའི་བར་མུ་མཐུད་དེ་གནས།
       རྒྱལ་སྲས་ཀྱིས་སུང་སྲིད་དབང་དང་ཡུན་རིང་གི་འབྲེལ་ལམ་བཟང་པོ་བཙུགས་པས་རྒྱ་བོད་མི་རིགས་མཛའ་མཐུན་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཞིང་དེ་ལྟར་སུང་རྒྱལ་ཁབ་ཀྱི་ཆོག་མཆན་ལྟར་བོད་ཀྱི་ཚོང་བ་འབོར་ཆེན་རྒྱ་ཡུལ་དུ་བསྐྱོད་ནས་ཚོང་ལས་བྱས་པས་གར་འགྲོ་རང་དབང་གི་ཡུལ་ལྟ་བུར་གྱུར་ལ་ཁོ་ཚོས་རྒྱ་རིགས་ལ་མཁོ་བའི་ཚོང་ཟོག་ཁྱེར་ཏེ།   དགོས་མཁོའི་ཅ་དངོས་དང་བརྗེ་རེས་བྱས་པར་མ་ཟད།   རྒྱའི་ཡུལ་གྱི་སྔོན་ཐོན་ལག་རྩལ་ཡང་སྦྱངས།  དེ་བཞིན་དུ་རྒྱ་རིགས་ཚོང་པ་འབོར་ཆེན་གྱིས་ཀྱང་སུང་སྲིད་གཞུང་གི་ཁྲིམས་ལུགས་སྣང་མེད་དུ་བསྐྱུར་ཏེ་བོད་རིགས་མི་དམངས་ཚོར་མཁོ་བའི་དངོས་པོ་རྣམས་བོད་ཁུལ་དང་མཐའ་མཚམས་ས་ཁུལ་ཏུ་ཁྱེར་ཏེ་ཁོ་ཚོ་དང་ཚོང་འབྲེལ་བྱས་པས་བོད་རྒྱའི་མི་དམངས་ཕན་ཚུན་འདུས་སྡོད་དང་དངོས་ཟོག་བརྗེ་རེས་བཅས་བྱས།  རྒྱས་ཇ་ལོ་དང་།  ཚྭ།  དར་གོས།  དོང་ཙེ་ལ་སོགས་བཀག་སྡོམ་བྱས་པའི་དངོས་པོ་རྣམས་བོད་ནང་དུ་དྲངས་ཤིང་བོད་ཚོང་བ་ཚོས་རང་གིས་གསོས་པའི་རྟ་མཆོག་རྒྱའི་ཚོང་པར་བཙོང།  འདི་ལྟར་འབྲེལ་འོང་ཟབ་པའི་ཚོང་ལས་ཁྲོད་རྒྱ་བོད་མི་རིགས་གཉིས་དབར་གྱི་འབྲེལ་བ་ཇེ་བརྟན་དང་རྒྱུས་མངའ་ཇེ་ཟབ་ཏུ་ཕྱིན་པས་རྒྱས་བོད་ནས་རྟ་ནོར་དང་དངོས་ཟོག་རྣམས་བུ་ལོན་བྱས་ཆོག་ལ་རྒྱ་རིགས་འབོར་ཆེན་བོད་ཁུལ་དུ་བསྐྱོད་དེ་གནས་སྡོད་བྱས་ཏེ།  ཞིང་འདེབས་པ་དང་ཕྱུགས་འཚོ་བ་སོགས་བྱས་པར་མ་ཟད་།  རྒྱ་བོད་མི་རིགས་དབར་གཉེན་འབྲེལ་བྱུང་བ་སོགས་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་ཏེ་རྣམ་པ་གསར་པ་ཞིག་གྲུབ། རྒྱ་བོད་མི་རིགས་གཉིས་བར་གྱི་འབྲེལ་འོང་ཟབ་མོ་འདིར་སུང་གི་རྒྱལ་བོ་རྣམས་ཀྱི་ཁྲིམས་ལུགས་བཀག་སྡོམ་གྱིས་ཡང་ཡང་རྡུང་རྡེག་བཏང་ནའང་ཡིག་ཆའི་བཀག་རྒྱ་ཙམ་གྱིས་མི་རིགས་གཉིས་དབར་གྱི་དཔལ་འབྱོར་རིག་གནས་ཀྱི་འབྲེལ་འོང་གི་ལམ་བུ་འདི་ བཤིག་མ་ཐུབ་པར་དེ་ལས་འབྲེལ་ལམ་དེ་སྔར་བས་ཇེ་ཟབ་ཏུ་ཕྱིན།
གསལ་བཤད།
      བསྒྱུར་རྩོམ་འདིར་རྩོམ་པ་པོའི་དགོངས་དོན་ཇི་ལྟ་བ་བཞིན་བསྒྱུར་བ་ལས་ཁོར་ཡུག་དང་གནས་བབ་སོགས་ལ་བསྟུན་ཏེ།  འཕྲི་སྣོན་སོགས་ཅི་ཡང་བྱས་མེད་པས་ཀློག་པ་པོ་སོ་སོས་དཔྱོད་ཤེས་ཀྱིས་བློ་མིག་རྣོན་པོས་སྙིགས་དོར་བཅུད་ལེན་བྱེད་རོགས་མཁྱེན་ཞེས་ཞུ་བ་ལགས།
                མུ་འགོད།
ཡོང་ཁུངས་དྲ་བ་གཞན།

2 thoughts on “ཙོང་ཁ་རྒྱལ་པོ་དུས་སྐབས་ཀྱི་ཐུ་བྷོད་སྲིད་དབང་།༢༽

  1. དོན་བཙན ཕྱི་ལོ། ༢༠༡༦ ཟླ། ༠༦ ཚེས། ༡༡ at ༡༠:༣༩ am

    དྲ་བ་གང་ལས་དྲངས་བ་ཡིན

  2. དྲ་བདག ཕྱི་ལོ། ༢༠༡༦ ཟླ། ༠༦ ཚེས། ༡༢ at ༨:༢༨ am

    སྐུ་ཞབས་དོན་བཙན་ལགས། རྩོམ་ཡིག http://dawakarpo.blogspot.com/ དྲ་ཚིགས་འདི་ནས་བླངས་པ་ཡིན། དྲ་ཚིགས་འདི་ལ་བོད་མིང་མི་འདུག་པས་ཡོངས་ཁུངས་དྲ་བ་གཞན་མ་ལབ་རང་ལབ་རེད། རྩོམ་ཡིག་འདི་དྲ་ཚིགས་དེ་ནས་ལེན་སྐབས་ཤད་ལ་བར་ཐག་མེད་པ་སོགས་ཀྱི་དཀའ་ངལ་ལྷག་བསྡད་ཡོད་པས་ལྟ་མཁན་རྣམས་ལ་སྟབས་བདེ་ཡོང་ཆེད་ང་ཚོས་ཀྱང་ཉིན་འགར་དཀའ་ལས་བརྒྱབ་ནས་གྲ་དག་ཞིག་བཟོས་ཏེ་བཀོད་ཡོད། རྩོམ་ཡིག་ལེགས་པོ་རེ་འདི་ལྟར་བདག་མེད་ལ་ལྷག་པ་མཐོང་སྐབས་སེམས་ཀྱིས་མ་བཟོད་ནས་བཀོད་པ་ཡིན། ད་དུང་དྲ་ཚིགས་དེར་བསྒྱུར་མཁན་དང་རྩོམ་པ་པོའི་མིང་མི་གསལ་བས་དེ་ལྟར་འབྲི་དགོས་བྱུང་། གང་སྲིད་མི་འགྲིག་པ་ཡོད་ན་གསུང་དང་ལམ་སང་གསུབ་ཆོག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading