གཟུངས་ཕྱུག་སྐྱིད།
༡
ཐ་སྙད་དང་སྐད་ཆ་གང་གིས་ཀྱང་མཚོན་མི་ཐུབ་པའི་ཁྱེད། ཤ་དང་རུས་པའི་གས་སྲུབས་ན་ངར་ལྕགས་ལྟར་གདུ་བཞིན་པའི་ཁྱེད། ཁྱེད་ཨང་། ངས་ཐེངས་མང་པོ་ཞིག་ལ་ཁྱེད་རང་དྲན་པའི་ལོ་ཟླའི་གཅོང་རོང་ནས། རང་གི་བྱང་ཁོག་གི་དོན་ལྔ་སྣོད་དྲུག་ལ་སྦྱིན་སྲེག་བྱས་པ་གྲངས་མེད།
༢
དུས་རྒྱུན་ཁྱེད་ཀྱི་གཏམ་རྒྱུད་དམར་པོ་ཀློག་ཐེངས་རེར་ཤ་དང་རུས་པ་ཡོད་ཚད་ཚ་གཟེར་གྱིས་ཟོས་ཤིང་། ནང་སེམས་ཀྱི་ཚོར་བ་ཟབ་མོ་ཆུ་ཁོལ་ལྟར་གདུ་བཞིན་པའི་ང་རང་། མི་ཡུལ་འདིར་ཡུན་རིང་པོར་ཁྱེད་ལ་སྒུག་མཁན་མགྲོན་པོ་ལྷག་མ་དེ་ཡིན།
སུ་ཞིག་གི་མཐོང་སྣང་ནས་རྒྱང་དུ་བཞུད་སོང་བའི་ཁྱེད། སུ་ཞིག་གི་བྲང་ཁོག་ན་གཏན་དུ་འཁྱིལ་བའི་ཁྱེད་ད་ལྟ་གང་དུ་ཡོད་དམ།
༣
ངས་དམར་སྨུག་གི་ངོ་གདོང་རེ་རེའི་རྣམ་ཤེས་སེམས་ཀྱིས་འབོད་ཀྱིན་ཞོགས་པའི་ཁམས་དང་ཆུ་བོའི་ཀླུང་། ཡང་ན་ཆར་རླུང་གི་རྒྱུ་ལམ་ཡོད་ཚད་ལ་བྲེལ་སྟོབས་ཀྱིས་མྱུལ་ཏེ་ཁྱེད་ཉིད་བཙལ་བཞིན་ཡོད། ཁྱེད་ཀྱི་ཡིད་དུ་འོང་བའི་གཟུགས་བྱད་དང་བབས་ཆགས་པའི་གཤིས་ཁམས་དག་དཀའ་ཚགས་ཀྱིས་བཙལ་བཞིན་ཡོད། འདི་ལྟར་བགྱིས་པ་མདོར་དྲིལ་ན་རང་ཉིད་ཡང་སྙིང་ཅི་ཞིག་གི་ཆེད་དུ་གསོན་དགོས་པའི་གནས་ལུགས་རྙེད་པས་ཡིན། ཁྱེད་ཀྱིས་ཤེས་སམ། སྨིན་མྱོང་བའི་ཁ་སང་གི་དབྱར་མགོ་དེ་ནས། ཁྱེད་ཀྱིས་དུས་ཚིགས་དང་ཞོགས་པའི་ལང་ཚོ་གསར་བ་བདག་ལ་ཕུལ་མྱོང་བ་བདེན་ན། ཅི་ཞིག་ལ་དེ་རིང་ཁྱེད་ཀྱིས་བདག་གི་ལྗང་མདོག་གི་ས་གཞི་དང་གཙང་པོ། ད་དུང་ཡུལ་དུས་ཀྱི་དྲན་ཤིང་དང་དུངས་པ་མཐའ་དག་བསྐྱུར་ནས་ཐག་རིང་དུ་ཕེབས་སོང་།
༤
གང་དུ་བཙལ་ཡང་རྙེད་མི་ཐུབ་པའི་ཁྱེད། ཅི་ལྟར་བོས་ཀྱང་ཕྱིར་མི་ཡོང་བའི་ཁྱེད། ངའི་དུས་གསུམ་གྱི་ནམ་མཁའ་དང་ས་གཞི་གང་དུ་ཡོད་དམ། ཁྱེད་མེད་པས། དེ་རིང་གི་ས་གཞི་འདི་ལྟར་གྲང་ཞིང་འཁྱག་ལ། མཐའ་འཁོར་ན་མུན་ནག་གི་ཟབ་ཚད་ལ་ད་དུང་ཁ་བ་འབབ་བཞིན་འདུག
ཉི་མ་རེ་རེའི་ཞོགས་པ་ནས་ས་སྲོད་ཀྱི་བར་དུ། བདག་གིས་ངལ་བ་མེད་པར་མཐའ་ཡས་པའི་རྩྭ་ཐང་གི་རྒྱ་ཁྱོན་གཡར་ནས། ཕྱི་རོལ་གྱི་རྒྱ་མཚོ་དང་རི་རབ་ལ་ལག་པ་བསྲིངས་ཏེ། བྱ་དངོས་དང་བྱུང་བ་རེ་རེ་བྲེལ་སྟོབས་ཀྱིས་སྔོག་བཞིན་དུས་ཚིགས་དང་ལོ་ཟླ་ག་ཚོད་ཅིག་ལ། ཁྱེད་རང་བཙལ་བའི་སྟ་གོན་ལ་བྲེལ་ཡོད། སུན་སྣང་དང་ངལ་བ་མེད་པར་ཡང་ཡང་བྲེལ་ཡོད།
༥
ཡུན་རིང་ཞིག་ལ་ང་རང་མུན་པའི་དཀྱིལ་དབུས་སུ་དཀའ་སྡུག་གིས་འགྲེངས་ནས། གཉོམ་དུང་དུང་གི་སྐད་ངག་ཡོད་ཚད་དབྱངས་སུ་བཀུག་ནས་ཁྱེད་རང་འབོད་ཀྱིན་ཡོད། བོར་ལ་ཉེ་བའི་ཁྱེད་དང་ཁྱེད་ཀྱི་བུ་རྒྱུད་དག་དག་གི་རྣམ་ཤེས་ཀྱི་བསྐྱར་གསོན་འབོད་ཀྱིན་ཡོད།
སྙིང་ཉེ་ལགས། ཆེས་རྒྱང་རྒྱང་རིང་གི་གནམ་སའི་ཧྲག་བར་ནས། བདག་གི་སྐྱོ་ལྷང་ལྷང་གི་འབོད་སྐད་འདི་ཁྱེད་ཀྱིས་ཐོས་བྱུང་ངམ། སྐབས་རེར་ཕྱི་རོལ་ནས་དྲག་ཏུ་མཆེད་འོང་བའི་བྲག་ཅ་རྩུབ་མོས་བདག་གི་ཉམ་ང་བའི་ངོ་གདོང་ལ་ཁྲག་གི་མཆིལ་ཞགས་འཕངས་ཀྱང་། ང་རང་སྔར་བཞིན་ཁྱེད་ཁོ་ན་འཚོལ་བའི་ལམ་དུ་ཆས་འདོད།
༦
བྱ་ཁྱུ་ལྷོ་རུ་འཕུར་སོང་བའི་ཕྱི་དྲོ་ཞིག་ལ་ཆེས་རྒྱང་རིང་གི་ནམ་སའི་མཐའ་ནས། ང་ཡིས་ཡོམ་ཡོམ་འགུལ་བཞིན་པའི་ཁྱེད་ཀྱི་གཟུགས་རིས་དེ་མཐོང་བྱུང་། དུས་དེ་ནས་བཟུང་། དུས་རྒྱུན་ང་རང་ངལ་དུབ་དང་སྐྱོ་སྣང་གི་ཀློང་དུ་ཉུལ་བཞིན་ཁྱེད་རང་བཙལ་བར་བྲེལ་ཞིང་། རང་ཉིད་དུས་ཚོད་སྐར་ཆ་གཅིག་ལ་གསོན་དགོས་དོན་ལ་ཡང་བསྐྱར་བསམ་གཞིག་བྱས་པ་གྲངས་མེད། ང་ལ་མཚོན་ན་ལོ་རྒྱུས་ཀྱི་དུར་ས་མ་མཐོང་བའི་རྨི་ལམ་སྐད་ཅིག་མ་འདི། ཁྱེད་རང་བཙལ་དགོས་པའི་བདེ་སྐྱིད་ཀྱི་སྙིང་བོར་རློམ་ཡོད། བདག་གི་སྙིང་ཉེ་ལགས།
༧
དབུགས་རྒྱུན་གསར་བ་འདིའི་དབྱིན་རྔུབ་བར་ནས་ང་ནི་རྟག་ཏུ་ཁྱེད་རང་འཚོལ་བའི་སྟ་གོན་ལ་ཞུགས་ཡོད།
བདག་གི་རྣམ་ཤེས་ཁྱེར་ཟིན་པའི་གྱད་མི་སྟོབས་པོ་ཆེ། གནའ་བོའི་དཔའ་མཛངས་ཀྱི་གཏམ་རྒྱུད་དང་རལ་གྲིའི་སོ་ཁ་ནས་ངས་ཁྱེད་རང་ཐོག་མར་ངོ་ཤེས་དུས། གླེགས་བམ་མཐུག་པོ་ཞིག་རོལ་དུ་ཁྲིད་ནས་ཕེབས་སོང་བའི་ཁྱེད་རང་།
ཁྲག་དྲིས་སྦགས་པའི་གཏམ་རྒྱུད་ཅིག་དང་ལྷན་དུ་བདག་གི་འཇགས་སུ་མེད་པའི་ཡིད་དབུས་སུ་ཐིམ་བྱུང་། སྙིང་ཉེ་ལགས། མི་ཡུལ་འདིར་ངས་ངེས་པར་དུ་བཙལ་ནས་རྙེད་དགོས་པ་ཁྱེད་དང་ཁྱེད་ཀྱི་ལྗང་མདོག་གི་གནས་མལ་ལྗང་གུ་དེ་མ་ཡིན་ནམ།
༨
ནམ་རྒྱུན་ཕྱིར་དྲན་གྱི་ཀློང་ནས་དྲན་ཤིང་གི་རྨ་ཁ་ན་ཟུག་གིས་དཀྲུགས་ཐེངས་རེ་རེར། ངས་རང་ཉིད་གསོན་ཡོད་པའི་རྨི་ལམ་སྐད་ཅིག་མ་འདིར་ཁྱེད་རང་བཙལ་ཞིང་ཁྱེད་ཀྱི་གསེར་མདོག་གི་མིང་ཡིག་ཡང་ཡང་གྱེར་འདོད་ལ། ད་དུང་ཁྱེད་ཀྱི་མཛེས་སྡུག་དང་ཡིད་གཞུང་གིས་བསྐྲུན་པའི་ནམ་མཁའ་དང་ས་གཞི་དེ་ངས་རང་ཉིད་ཀྱི་དྲན་ཆོག་ཆོག་གི་རྡོག་ཁྲེས་སུ་ཁྱེར་འདོད།
༩
གནའ་བོའི་མཐོ་སྒང་གི་ས་གཤིས་དང་མཉམ་དུ་མངོན་པའི་ཁྱེད་ཀྱི་དམར་ཧྲང་ཧྲང་གི་དཔུང་ཤ་མཐུག་པོ་དེས། ནགས་ཚལ་གྱི་རལ་བ་གཏུབ་ཅིང་ནམ་མཁའི་མིག་འབྲས་འཕྲོག་མྱོང་བ་བདེན་ནམ། མཚམས་མཚམས་སུ་ཕྱི་རོལ་གྱི་རྔམ་མཐུག་པའི་བར་སྣང་ནས་ང་ལ་འཇིགས་སྣང་ཡང་ཡང་སྐུལ་མྱོང་ན་ཡང་། བདག་གིས་འཇགས་སུ་མེད་པའི་དབུགས་རྒྱུན་གྱི་འཕར་ལྡིང་གསར་བས་ཁྱེད་རང་ཕྱིར་ཕེབས་པའི་གོམ་སྒྲ་ལ་ཉན་ཡོད། ཨ་མས་གནང་བའི་རང་ཉིད་ཀྱི་སྐད་ངག་གཉོམ་པོ་དབྱངས་གསལ་སོ་བཞིའི་མཛེས་རྒྱན་ལ་སྤྲོས་ཏེ་ཁྱེད་ཉིད་བཞུད་ཕྱོགས་སུ་ཉན་ཡོད།
༡༠
སྙིང་ཉེ་ལགས། མི་ཡུལ་འདིར་ང་ནི་ཧ་ཅང་ཐག་རིང་ཐག་རིང་གི་ཁྱེད་རང་འབོད་མཁན་གྱི་རྣམ་ཤེས་གཉོམ་པོ་འམ་ཡང་ན་ལམ་འགྲོ་བ་ཁེར་རྐྱང་དེ་ཡིན་པས། དྲོད་ལམ་ལམ་གྱི་ཉི་འོད་འཇམ་པོ་ངས་རང་གི་རྡོག་ལམ་ལ་རྙེད་པ་ནས་བཟུང་འདི་ལྟར་བྲེལ་སྟོབས་ཀྱིས་མདུན་དུ་བསྐྱོད་བཞིན་སུ་ཞིག་བཙལ་བཞིན་ཡོད་ལ། ཤ་དྲོད་མ་ཡལ་བའི་རྐང་ཆུང་གཉིས་རང་ཉིད་ཀྱི་འདེགས་ཤིང་ལ་བཟུང་ནས་ཆས་བཞིན་ཡོད།
༡༡
འདི་ལྟར་བརྒལ་མི་ཚར་བའི་དགུན་ཟླ་རིང་མོ་འདི་བརྒྱུད་ཐེངས་རེར། གསུབ་ཏུ་མེད་པའི་ཁྱེད་ཀྱི་གསེར་མདོག་གི་མིང་ཡིག་ལས་ང་ལ་དྲོད་ལམ་ལམ་གྱི་གནས་ཁང་ཞིག་བསྐྲུན་ཞིང་། ཟད་དུ་མེད་པའི་འཆར་སྣང་གི་བདེ་སྐྱིད་ཅིག་ཚོར་ཏུ་བཅུག དེ་ལྟར་ལྷོག་ལྷོག་འགུལ་བཞིན་པའི་སྙིང་ཆུང་གི་འཕར་ལྡིང་ལ་ཉན་བཞིན་ལམ་དུ་ཆས་དུས། ཕྱི་རོལ་གྱི་རྔམ་ནག་པའི་རླུང་འཚུབ་རེ་རེ་ཤེད་ཤུགས་ཀྱིས་གཡུགས་ཤིང་། ལྷགས་རླུང་དང་ཁ་ཆར་འདྲེས་མ་གདུག་རྩུབ་ཀྱིས་འབབ་ཀྱང་ང་ལ་གྲང་བའི་ཉམས་སྣང་ཡང་མི་འདུག་སྟེ། དེ་ནི་ཕལ་ཆེར་རྒྱང་རིང་ན་ཁྱེད་ཁོ་ནའི་དྲོད་ཁོལ་དང་འཛུམ་མདངས་ཡོད་པས་ཡིན་ནམ། ཡང་ན་ཟིན་དུ་མེད་པའི་ཁྱེད་ཀྱི་མིག་ཟུང་གི་གསང་བ་དེ་འཚོལ་དགོས་པས་ཡིན།སྙིང་ཉེ་ལགས། མཐའ་མི་དཔག་པའི་འཆར་ཡན་གྱི་ཐང་ཆེན་དེ་འདི་ལྟར་འཚོལ་དགོས་པས་། ང་འདི་ལྟར་ལམ་དུ་ཆས་དགོས།
༡༢
མུན་པ་ཇི་ལྟར་གནག་ཀྱང་བདག་གི་མདུན་བསྐྱོད་ཀྱི་གོམ་སྒྲས་སྟོང་འཇགས་ཀྱི་རི་ལུང་དཀྲོག་ཀྱིན་ཡོད། བདག་གི་ཚེ་སྲོག་གི་འབོད་པས་ཁ་སང་གི་རྨི་ལམ་འཚོལ་བཞིན་ཡོད། གནས་ཁང་མེད་ཀྱང་རུང་ལ་ཞི་དྲག་གི་རྒྱས་སྤྲོས་དང་རེ་བ་དེ་བས་ཀྱང་མི་དགོས། ང་ལ་རང་གི་ཟུངས་ཁྲག་ཁོ་ནས་བདེན་དབང་དང་དཔའ་གདེང་ཡོད་པས་ཆོག རིང་བོར་བསྲིངས་པའི་གནམ་སའི་བར་མཚམས་ནི་སྤོས་ཆོག་ཆོག་གི་བགྲོད་ལམ་གཞན་ཞིག་ཡིན་ན། ཚ་དྲོད་འཁྱིལ་བའི་རང་ཉིད་ཀྱི་ཟུངས་ཁྲག་ཁོ་ན་ང་རང་གསོན་ཡོད་པའི་ཏན་རྟག་དང་ལང་ཚོ་ཡིན་སྲིད། ལམ་ཐག་ཇི་ལྟར་རིང་ཡང་ང་ལ་རང་ཉིད་ཀྱི་རྨི་ལམ་དང་དེ་ལས་བྱུང་བའི་རོལ་དབྱངས་ཡོད་པས་ཆོག དཀའ་ཁག་ཇི་ལྟར་ཆེ་ཡང་ང་ལ་མདུན་དུ་བསྐྱོད་བྱེད་ཀྱི་རྐང་ཆུང་དང་སྲ་མཁྲེག་ཀྱི་མགོ་བོ་ཡོད་པས་འཐུས།
༡༣
བདག་གི་མེས་པོས་བཤད་ན་དཀར་གཙང་གཙང་གི་གངས་རི་ནི་ཁྱེད་ཀྱིས་གྱོན་མྱོང་པའི་དབུ་རྨོག་གི་སྲ་མཁྲེགས་ཡིན་ཟེར། ལྷུང་ལྷུང་འབབ་པའི་རྫ་ཆབ་དྭངས་མོ་ཁྱེད་ཀྱིས་ང་ལ་བཞག་པའི་བྱམས་བརྩེ་མིག་ཟུང་ཡིན་ཟེར། ད་དུང་ཡངས་པོར་བརྐྱངས་བའི་རྩྭ་ཐང་ནི་ཁྱེད་ཀྱིས་སུ་ཞིག་ལ་གཏན་དུ་བཞག་པའི་འཇིགས་མེད་ཀྱི་སེམས་རྒྱ་ཡིན་ཟེར། འདི་དག་ཡོད་པས་ངས་ད་གཟོད་ཡིས་ཡིད་ཆེས་དང་རེ་སྨོན་གྱི་ཞོགས་ཁ་ན་རྨི་ལམ་གྱི་གཤོག་པ་ཁྱེད་ཕྱོགས་སུ་བརྐྱངས་ཡོད། སྙིང་ཉེ་ལགས། དམྱལ་ཁམས་ལྟ་བུའི་མི་ཡུལ་འདིའི་ལག་མཐུལ་ནས་ཁྱེད་རང་དེ་ལྟར་རྒྱང་དུ་བཞུད་དོན་གཉོམ་དུང་དུང་གི་རིགས་རྒྱུད་ཞིག་གི་ཁྱིམ་གཞིས་དྲོན་མོ་དང་ཡང་ན་དེའི་འབྱུང་འགྱུར་གྱི་སང་ཉིན་གྱི་ཆེད་དུ་མིན་ནམ།
༡༤
ཁྱེད་ཀྱིས་དྲན་ཨེ་བྱུང་། ལོ་དེའི་དབྱར་གཞུང་གི་ཆག་འཇིག་དམར་པོས་ཁྱེད་རང་དེ་ལྟར་རྒྱང་དུ་དེད་ཅིང་། ང་རང་འདི་ལྟར་མི་ཚེ་གཅིག་གི་དྲན་ཤིང་དང་སྐྱོ་གདུང་གི་ཀློང་ནས་འཚོ་དགོས་བྱུང་སོང་། རྔམ་ནག་པའི་རླུང་འཚུབ་བར་མེད་དུ་ལྡང་བའི་ཕྱི་དྲོ་ཞིག་ལ། ངས་ཆེས་གཉོམ་པའི་མིག་ཟུང་གིས་ཁྱེད་ལ་དེ་ལྟར་སྐྱེལ་མ་བྱེད་དགོས་བྱུང་། སྐབས་དེར་ངའི་མཐའ་སྐོར་མ་ལུས་འུར་ཟིང་དང་གཡོ་འགུལ་གྱིས་སྒུལ་བཞིན་ཡོད་ལ། སྐྲག་སྣང་དང་བརྡབ་གསིག་ཆེན་པོ་དེའི་ཁྲོད་ནས་ལུག་ཁྱུ་དང་ལུག་ཁྱུ་བསྲེས་ཤིང་། རི་རྩེ་ཐང་གཞུང་ལ་བསྲེས་སོང་བའི་ཆག་འཇིག་མངོན་སུམ་མ་དེ། ཇི་འདྲིའི་སྐྱི་གཡའ་བའི་འཇིགས་སྐྲག་གི་བྱུང་བ་ཞིག་རེད་ཨང་། མགོ་སྦྲ་སྟོང་བ་ཁོ་ན་ལྷག་རླུང་གིས་ཟོས་ཤིང་། བོའུ་སྐད་མ་འཇགས་པའི་མཚན་མོ་རེ་རེར་ཁྲག་དྲིས་སྦགས་པའི་འཇིག་རྟེན་དེ་དེ་ལྟར་འཇིགས་ཤིང་རྔམ་ན་ཡང་། ང་རང་སྔར་བཞིན་ཉམ་ང་བའི་མིག་ཟུང་བཙུམ་སྟེ་རང་གི་རྡོག་ལམ་བཙལ་བར་བྲེལ།
༡༥
མཆེ་བ་གཙིགས་པའི་ཁྱི་སྤྱང་མང་པོས་བག་ཡངས་ཀྱི་ནོར་ལུག་དག་ཧྲག་གེ་འཆས་ཤིང་། སྒོ་ཁྱི་གཅིག་པུའི་ཁེར་རྐྱང་གི་ཟུག་སྐད་ཀྱིས་སྐབས་དེའི་མཐའ་ཡས་པའི་རྩྭ་ཐང་གི་ནམ་མཁའ་ཆེ་རུ་ཕྱེ་སོང་། དེ་དུས་རླུང་འཚུབ་ཁྲོད་འདར་ལྕུག་ལྕུག་གཡོ་བའི་མགོ་སྦྲ་ཐེད་པོ་དེ་ངས་རང་ཉིད་ཤོང་སའི་གནས་མལ་ཏུ་བསྐྲུན་ཞིང་། ཕྱི་རོལ་གྱི་འཇིགས་སྣང་ཡོད་ཚད་ལ་རྣ་སྒོ་བཅད་ནས་ཁྱེད་རང་སླར་ཡང་རྨི་ལམ་ལ་སྒོམ། ཉིན་ཞག་དེ་དག་གི་ནམ་མ་ལངས་པའི་ཡར་སྔོན་ལ་ཁྲག་མདོག་གི་གོས་ལྭ་གྱོན་པའི་མི་དྲག་དེ་དག་གིས་བདག་གི་བདེ་སྐྱིད་ཀྱི་རྨི་ལམ་དཀྲོགས་སོང་། ཧ་ཅང་ནག་པའི་ཉིན་མོ་དེའི་སྔ་ནུབ་ཀུན་དུ་ངེད་ཚང་གི་མི་རབས་དུ་མའི་གླགས་བམ་མཐུག་པོ་དག་མེ་ལ་བསྲེགས་ཤིང་བྱམས་བརྩེའི་ལྷ་ཚོགས་རྒྱང་དུ་བསྐྲད་སོང་། ད་དུང་ལོ་ན་མཐོ་བའི་ཨ་མྱེས་མགོ་དཀར་དེ་ཐག་པས་བཀྱགས་ནས་དམར་གསོད་བཏང་སོང་། ལྷ་ཁང་ན་སྒོམ་ལ་གཞོལ་བའི་གྲྭ་པ་བགྲས་སོང་དེ་ཕྱིར་ཡོང་མེད་པའི་བཙོན་ཁང་ལ་ཁྲིད་སོང་། ཐ་ན་ངུ་ངག་གི་ངོ་གདོང་གཉོམ་པའི་བྱིས་པ་རེ་རེ་ཡང་དེ་ལྟར་མགོན་མེད་སྐྱབས་མེད་དུ་གྱུར་བས། མ་ཤི་བའི་དམྱལ་བ་ངོ་མ་ཞིག་བདག་གིས་འདི་ལྟར་མིག་གིས་མཐོང་ཞིང་སེམས་ཀྱིས་མྱངས་དགོས་བྱུང་།
༡༦
ད་ལྟ་དབུགས་རྒྱུན་མ་ཆད་པའི་ང་རང་། གོས་རྒྱན་ཧྲལ་ཧྲུལ་དུ་གྱུར་པའི་ང་རང་། འཇིགས་སྣང་གིས་བདས་སའི་ས་སྲོད་དེའི་དགུན་གཞུང་ན་འདར་ལྕུག་ལྕུག་གིས་འགྲེང་བཞིན་ཁྱེད་ལ་སྒུག་ཡོད། ཁྱེད་ཀྱི་དྲོད་འཇམ་གྱི་ལག་ཟུང་དེ་དང་འཛུམ་གྱིས་གཏམས་པའི་ངོ་གདོང་དམར་སྨུག་དེ་ཁོ་ན་ཉིན་མཚན་ཀུན་ལ་སེམས་པས་རུམ་ཞིང་ངག་གིས་གླེང་བཞིན་ཡོད།
དེ་ལྟ་ན་དུས་དེ་ནས་བཟུང་ཁྱེད་རང་གཏན་དུ་ཕྱིར་ཕེབས་མ་བྱུང་། གོ་ཐོས་སུ་ཁྱེད་རང་བཞུད་པའི་ཞོགས་ཁ་དེ་ནས། ཤི་གསོན་གྱི་གཡུལ་འཁྲུག་ད་དུང་མཇུག་མ་རྫོགས་ཟེར་ལ། ཁྱེད་ཀྱིས་རྒྱལ་ཕམ་གྱི་གཏིང་ཐག་མ་ཆོད་པའི་གཏམ་རྒྱུད་ཅིག་ཁྱེར་ནས་རྒྱང་རིང་དུ་ཕེབས་སོང་ཟེར། ད་དུང་ཐལ་རྡུལ་གྱིས་ས་གཞི་ཁེངས་ཤིང་རྟ་ཁྱུ་དང་ནོར་ལུག་འུར་སྒྲས་དཀྲོགས་པའི་ཉིན་གུང་དེར། རི་དྭགས་དང་འདབས་ཆགས་ཀྱི་ཚོགས་ཀྱང་དངངས་སྐྲག་གིས་བསླངས་པས། དེ་དག་ཡོད་ཚད་ཀྱང་ཁྱེད་ཁོ་ནའི་བཞུད་ཕྱོགས་སུ་དལ་གྱིས་བཞུར་གྱིན་འདུག་ཟེར། བར་གླགས་དེར་ཁྱེད་ཀྱི་ཡངས་ཟོར་ལྡན་པའི་ལུས་པོ་ལྡིང་ཙམ་གྱིས་ཕོ་བྲང་ཕྱི་སྒོ་ནས་མེ་མདས་བཏོར་བའི་རྟ་ཁྱུའི་གྲོས་ཀྱི་འགྲོས་ལྡན་ཁམ་པ་དེ་ཆིབས་ནས་ཕེབས་སོང་ཟེར།
ད་དུང་མེ་ལྕེ་ཁྲོད་མཆོངས་ཤིང་གཙང་བོ་བརྒལ་བའི་ལོ་རྒྱུས་དངོས་བྱུང་མ་དེ་ད་དུང་སུ་ཚང་གི་མཇུག་མ་རྫོགས་པའི་སྐྱ་ཆད་སྔོ་སྡུག་གི་འཚོ་བའི་ཁ་དོག་ལ་འབྲེལ་ནས་ཡོད་པ་མིན་ནམ། སྙིང་ཉེ་ལགས། ཁྱེད་ཀྱིས་སོང་མི་ཚར་བའི་ལམ་ཕྲེང་གི་འགག་སྒོ་རེ་རེ་དེ་ལྟར་བགྲོད་ཅིང་། མཐའ་མི་རྫོགས་པའི་སྐྱོ་གར་གྱི་བྱུང་བ་རེ་རེ་དེ་ལྟར་བཟོད་དོན་ཡང་མདོར་དྲིལ་ན་འུ་ཚང་གི་མ་འོང་བའི་ཁྱིམ་གཞིས་འདི་ཁོ་ནའི་ཆེད་དུ་མིན་ནམ།
༡༧
སྙིང་ཉེ་ལགས། དེ་རིང་ད་དུང་གནས་འདིའི་གནམ་མཁའ་དང་ས་གཞི་སྔར་བཞིན་འགྱུར་མེད་ལ། རི་ཆུ་དང་སྐྱེས་དངོས་ཡོད་ཚད་སྔར་བཞིན་གནས་འདུག ཡིན་ནའང་ཁྱེད་མེད་པའི་དུས་ཚིགས་འདིའི་ཞོགས་པ་ཧ་ཅང་གྲང་། གྲང་རླུང་དང་ཁ་ཆར་གྱི་བཞུད་ལམ་ནས། དགུན་ཁ་ཁོ་ན་མྱང་དགོས་པའི་དེ་རིང་གི་ཁྱིམ་གཞིས་འདི་ཇི་འདྲའི་འཁྱག་ཨང་།
ལོ་ཟླའི་གོམ་འགྲོས་རེ་རེ་འདི་ལྟར་མདུན་ཕྱོགས་སུ་ཆུ་བོ་བཞིན་བཞུར་དུས། བདག་གིས་ཁྱེད་རང་མ་རྙེད་པའི་སྐྱོ་གདུང་གི་གཏམ་རྒྱུད་རིང་མོ་མཚམས་མེད་པའི་དུས་ཚོད་ཀྱི་འཁོར་ལམ་ན་གྱེར་བཞིན་ཡོད། ངའི་ཡིད་ཆེས་དང་བློ་སྤོབས་ཀྱི་དཀྱིལ་དབུས་ནས་རྒྱང་དུ་བཞུད་སོང་བའི་ཁྱེད་ཨང་། ནམ་ཞིག་ལ་ཁྱེད་རང་དཔའ་མཛངས་དང་རྔམ་བརྗིད་ཀྱི་ཀློང་ནས་ཕྱིར་བདག་གི་རྨི་ལམ་ལ་ཕེབས་པའི་སྐལ་བ་ཡོད་ཚེ། ང་ལ་སྔོན་གྱི་ཕོ་བྲང་གི་དྲག་ཉམས་དང་ཟིལ་ཤུགས་དག་མེད་ཀྱང་ཆོག་ལ། ཕྱོགས་མཚམ་དབང་དུ་བསྡུ་བའི་ངར་ཤུགས་དང་དཔའ་ཚུལ་དེ་བས་ཀྱང་མི་དགོས། འུ་ཅག་གི་དྲོད་ལམ་ལམ་འགུལ་བཞིན་པའི་སྙིང་གི་ཚ་དྲོད་དང་སྙིང་ཉེ་བའི་གཅེས་ཕྲུག་ཚོར་དབང་བའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཞིག་ཡོད་པས་ཆོག དེ་ལས་ཀྱང་སྐམ་ལ་ཉེ་བའི་རིགས་རྒྱུད་ཅིག་གི་ཚེ་སྲོག་གི་ཆུ་རྒྱུན་ལ་གསོན་ཆོག་ཆོག་གི་སྨྱུ་གུ་ཞིག་གི་ས་བོན་རྙེད་པས་ཆོག ད་དུང་མིའི་འཚོ་སྡོད་ལ་ཧ་ཅང་མཁོ་བའི་མེས་པོ་དག་གི་ཕྱི་ཐག་དང་ཁྲེལ་གཞུང་གི་རྩྭ་ཐང་ཡངས་པོ་དེ་མི་ཚེའི་ནང་ནོམ་དུ་དབང་བས་འགྲིག
༡༨
ནམ་ཞིག་གི་ཚེ་ཁྱེད་རང་བདག་གི་རྨི་ལམ་ནང་དུ་འཇམ་མཉེན་གྱིས་འབབ་ཐུབ་པ་བྱུང་ན། ང་ཚོས་རང་དབང་གི་ནམ་མཁའ་འདིའི་འོག་གི་མཐའ་ཡས་པའི་སྐྱེས་དངོས་ཁྲི་ཕྲག་གི་མཛེས་སྡུག་རྨི་ལམ་ལ་བཏུས་ཆོག་ལ། ད་དུང་དེ་དུས་ཀྱི་ས་གཞི་ན་དཀར་གཙང་གཙང་གི་ཁ་བ་དཀར་པོ་ཞིག་ཡོད་སྲིད་ན་འདི་ལྟར་ང་རང་ཁྱེད་ཀྱི་ཡིད་གཞུང་དང་བརྩེ་འདང་གི་ནམ་མཁའ་འཚོལ་བའི་སྟོང་སེམས་ཀྱི་ཀློང་དུ་འཁྱམ་ཆོག་ཨང་།
བདག་གིས་རང་ཉིད་ཀྱི་ཚེ་སྲོག་ལ་མཇུག་ཤད་ཇི་ལྟར་འགོད་དགོས་པའི་ལས་དབང་གཅིག་པུ་འཇགས་སུ་མེད་པའི་ཐ་སྙད་དང་སྐད་ཆའི་བཟོ་སྐྲུན་ལ་འགོད་བཞིན་ཁྱེད་ལ་སྒུག་ཡོད། ཕྱི་རོལ་ན་མཐའ་མེད་པའི་རྒྱ་མཚོ་ཞིག་གི་རླབས་སྒྲས་ཡང་ཡང་གཙེས་ནའང་། ང་ནི་སྔར་བཞིན་སུ་ཞིག་གི་མཛེས་སྡུག་དང་ལང་ཚོ། ཕྱི་པགས་སོགས་མདོར་ན་འུ་ཚང་གི་ཡོད་ཚད་དེ་རུ་མི་ནུབ་པའི་བློ་གཤོག་ལ་འཇུ་འདོད། ནང་རོལ་ན་གངས་འཁྱག་དང་གྲང་རླུང་གི་གདུག་རྩུབ་སྔར་ལས་རྒོད་ནའང་། ང་རང་འདི་ལྟར་དྲོད་ཁོལ་གྱིས་གཏམས་མྱོང་བའི་ཁྱིམ་གཞིས་ཞིག་གི་ཤི་གསོན་འཚོལ་བའི་སྟ་གོན་ལ་བྲེལ་ཡོད།
༡༩
སྙིང་ཉེ་ལགས། ཉི་ཟླའི་འཆར་ནུབ་རེ་རེ་འདི་ལྟར་རེས་མོས་སུ་འཁོར་བཞིན་ཡོད་ལ། ལོ་ཟླ་དང་དུས་ཚིགས་རེ་རེ་ཡང་འདི་ལྟར་རེས་མོས་ཀྱིས་བརྗེ་བཞིན་ཡོད། དབྱར་ཁ་མ་ཡིན་པའི་དེ་རིང་ནི་འུ་ཚང་གི་འཚོ་བའི་དགུན་གཞུང་ཡིན་ཡང་། ཆེས་རྒྱང་རིང་ནས་འབྱོར་བའི་ཁྱེད་ཀྱི་གསང་འཕྲིན་རེ་རེ་ཀློག་ཐེངས་རེར། བདག་གིས་སུ་ཡིས་ཀྱང་མཚོན་མི་ཐུབ་པའི་ཁྱེད་ཀྱི་དཀའ་བ་དང་རྩོལ་བ་རྟོགས་ཤིང་ཧ་ཅང་བགྲོད་པར་དཀའ་བའི་ལམ་ཕྲན་ཞིག་ཁྱེད་ཁོ་ནས་བརྒྱུད་སོང་བའི་དཔའ་མཛངས་དང་སྤོབས་པ་མཐོང་བྱུང་། དེ་ལས་ཀྱང་བདག་ལ་བཞག་པའི་ཕྱི་རོལ་གྱི་ནམ་མཁའ་དང་ཉི་འོད་ཀྱི་བྱམས་བརྩེའི་སྒོ་མོ་ཡང་མཐོང་བྱུང་།
༢༠
དེ་རིང་གངས་རིའི་ལྷ་ཚོགས་ཀྱི་རུས་པ་མཁྲེག་པོ་དུ་དྲེག་གིས་བསྲེགས་བཞིན་ཡོད་ཀྱང་ཁྱེད་དང་ང་ལ་གཏོགས་པའི་མི་ཚོགས་ནི་ཇི་འདྲའི་སྙིང་དུ་སྡུག་པའི་ཤ་རུས་ཀྱི་དུངས་ཞེན་རེད་ཨང་། མཚམས་རེར་ཚོར་བ་ཧ་ཅང་འཁྱག་ས་ནས་སེམས་པ་འདི་རྡོ་བས་བརྡར་ཤིང་མེ་ཡིས་ཡང་ཡང་སྦར་ན་ཡང་ཚེ་སྲོག་གི་དྲོད་ཁོལ་ཁོ་ན་རང་ཉིད་བདེན་པར་གྲུབ་པའི་མཛེས་སྡུག་གི་གཤོག་པར་བཀྲུ་འདོད།
མཐོ་སྒང་གི་སྨིག་རྒྱུ་དེངས་བཞིན་པའི་དེ་རིང་། ཡལ་བ་མེད་པའི་གངས་རི་དང་གནའ་སྒྲུང་གི་སྲ་འཐས་ཁོ་ནས་ཁྱེད་དང་ང་ཡི་བར་ཐག་སྦྲེལ་ཞིང་དབུགས་རྒྱུན་མཐུད་ཡོད་པས། མི་ཡུལ་འདིར་འུ་གཉིས་ཀྱིས་ད་དུང་གསོན་ཆོག་ཆོག་གི་བདེན་ལུགས་ཅིས་ཀྱང་འཚོལ་དགོས་ན། ཕྱོགས་མཚམས་ཐམས་ཅད་གཅིག་ཏུ་སྦྲེལ་བྱེད་ཀྱི་མཛའ་བཤེས་གསེར་ཐག་ལ་བརྒྱུས་དང་། སང་ཉིན་ནི་འུ་གཉིས་ཀྱི་མ་འོངས་པའི་མཛེས་སྡུག་གི་རྨི་ལམ་ལ་མཐུད་ཆོག ཤར་ནས་ལྷོ། ལྷོ་ནས་ནུབ་དང་ནུབ་ནས་བྱང་། ཆེད་དུ་བརྐོས་པའི་སྒོ་ཆེན་གྱི་ཐེམ་སྐས་རེ་རེ་ནི་ལྷ་ཆེན་གྱིས་སུ་ལ་ཕུལ་བའི་དྲོད་ལམ་ལམ་གྱི་གླེགས་བམ་དང་ལོངས་སྤྱོད་གཞན་ཞིག་མིན་ནམ།
༢༡
མུན་པས་བཟོས་པའི་གཞུང་ལམ་ནག་པོ་འདིའི་སྟེང་འོག་ནས། འུ་གཉིས་འདི་ལྟར་འུ་ཐུག་གིས་གྱེས་དགོས་བྱུང་ཡང་། འཚོ་གནས་དང་རང་དབང་ནི་ནམ་ཡང་ལྗང་མདོགས་ལས་བཙལ་ཐུབ་པའི་གནས་ལུགས་ལ་ཕྱག་ཟུང་འཇུས་དང་། ཉི་ཟླའི་སྤྱི་གཙུག་ནས་བཙལ་ཆོག་པའི་རེ་སྨོན་དང་རྨི་ལམ་ནི་འུ་གཉིས་གསོན་ཆོག་ཆོག་གི་དུས་རབས་ཀྱི་སྒོ་བྱང་གསར་བ་ཡིན།
འུར་ཟིང་གི་ཡོ་ལང་རེ་རེ་བསྟུད་མར་འཇགས་བཞིན་པའི་བདག་གི་མཐའ་འཁོར་ན་ཡིད་གཞུང་ཁོ་ནས་འཚོ་བའི་མི་ཚོགས་ད་དུང་བར་མེད་དུ་བཞུར་བཞིན་ཡོད། མུན་ནག་གི་དབང་བསྒྱུར་ནག་པོ་འདིའི་ཤོང་ཚད་ནི་འུ་ཚང་གི་དུར་ཁྲོད་ཡིན་མི་སྲིད། གངས་རིའི་སྲ་མཁྲེགས་ཀྱི་རུས་རྐང་མཁྲེགས་པོ་ཁྱེད་ལ་མངའ་ན། མཚོ་མོའི་རླབས་རྒྱུན་ལྡན་ལྟ་བུའི་ཁྲག་རྒྱུན་ང་ལ་ཡང་ཡོད་པས། ཡངས་པའི་ཐང་ཆེན་འདི་ནམ་ཡང་རང་ཉིད་ཀྱི་བློ་གཤོག་ལ་བསྐྲུན་ཆོག་ཨང་། སྙིང་ཉེ་ལགས། ད་ནི་ཅིས་ཀྱང་རྒྱང་དུ་མ་ཕེབས་དང་། མུན་པའི་མིག་ཟུང་གིས་འུ་གཉིས་རྟགས་ཏུ་འཚོས་ནས་ཡོད་པ་བདེན་ཡང་། ང་ཚོ་ལ་ད་དུང་ཕྱི་རོལ་གྱི་ནམ་མཁའ་ཡོད། ཉི་འོད་ཡོད། མེ་ལྕེས་བསྲེགས་པའི་ལང་ཚོའི་མཆོད་པ་ཡོད། ས་ཆེན་ལྟར་མཛད་པ་མེད་པའི་རང་བྱུང་གི་སྐྱེས་ཁམས་ཡོད། ད་དུང་དག་ཞིང་ཡོད། ལྷ་ཚོགས་ཡོད། རེ་སྙེག་དང་རྨི་ལམ་ཡོད། མདོར་ན་འདི་དག་ཡོད་ཚད་འུ་གཉིས་ལ་ཐོབ་འོས་པ་ཡོད་ཚད་ཀྱི་རྩ་བ་དེ་མིན་ནམ། བདག་གི་སྙིང་ནས་བརྩེ་བའི་མི་ལགས། ཕྱིར་ཕེབས་ཤོག
ཁྱེད་རང་ང་ཡི་རྨི་ལམ་དང་མངོན་སུམ་གང་རུང་ལ་ཕེབས་ཤོག རྒྱང་རིང་གི་མྱི་ལགས།
༢༠༡༦ ༦ ༥ཉིན་ཨོ་གླིང་ནས་མཇུག་བསྡུས།
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག