མང་རྒྱན།
ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་མིག་སྔར་བོད་སྐད་བོད་ཡིག་མི་ཤེས་པའི་བོད་པ་ཡང་སྐོར་ཞིག་ཡོད་མོད། གང་ལྟར་འདས་ཟིན་པ་འདས་ཚར་བ་རེད།ལེ་བདའ་བྱས་ཀྱང་ཕན་པ་ཆུང་། གཙོ་བོ་མ་འོངས་པར་འབད་བརྩོན་བྱེད་དགོས་པ་རེད། ནང་སྒོས་སུ་ད་ནས་བཟུང་མཁར་གྲོང་ན་འཚོ་བའི་ཚོང་པ་དང་ལས་བྱེད་པ་ཚང་མས་བོད་པ་ནང་ཁུལ་དུ་ཕ་སྐད་སྤྱོད་ཅིང་རང་རང་གི་བྱིས་པར་བོད་ཀྱི་སྐད་ཡིག་གཉིས་ཁྲིད་ཅི་ཐུབ་བྱ་དགོས།
དོན་འདི་དཀའ་ཟེར་ན་དཀའ་སྟེ་གྲོང་ཁྱེར་ན་བོད་སྐད་ཀྱི་སློབ་གྲྭ་སོགས་མེད། སླ་ཞེ་ན་སླ་སྟེ་ཕྱི་གླིང་བ་མགོ་སེར་རྒྱ་ནང་དུ་འཚོ་བ་རོལ་མཁན་དེ་ཚོའི་བྱིས་པའི་ནང་ན་ཁོ་ཚོའི་ཕ་སྐད་བརྗེད་ཚར་བ་གཅིག་ཀྱང་མེད། དེ་བས་ངས་བསམས་ན་སྐད་ཡིག་གི་ཐད་དུ་ཁ་གཡར་ས་མང་པོ་མེད།
ད་ནི་ཨུ་ཚུགས་བྱེད་དགོས་པའི་དུས་ཤིག་ལ་སླེབས་འདུག དེ་ལྟར་མ་ནུས་ན་ཡུན་རིང་མ་འགོར་བར་མི་རིགས་འདི་འཇིག་ངེས་པ་ཁོ་ཐག་རེད། མདོར་ན་བློ་རིག་རྒྱུན་ལྡན་དུ་གནས་པའི་བོད་པ་ཞིག་ཡིན་ན། རང་མི་ནང་ཁུལ་དུ་གཞན་སྐད་སྤྱོད་པ་ངོ་ཚར་བརྩི་འོས་ལ། ཚོགས་འདུ་སོགས་སུ་བོད་སྐད་མི་ཤེས་པའི་རྒྱ་མི་དང་བོད་མི་རེ་འགའི་ཆེད་དུ་བརྒྱ་ཆའི་གོ་ལྔ་ཡི་བོད་པས་ཕ་སྐད་བསྐྱུར་ནས་གཞན་སྐད་སྨྲ་དགོས་པའི་སྲོལ་ངན་དེ་དག་ཀྱང་བསྒྱུར་རན་ལ་ཐོན་ཡོད།
བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བོད་སྐད་བཤད་ཐུབ་ས་ཐམས་ཅད་ནས་བོད་སྐད་ཤོད། བོད་ཡིག་འབྲི་ཐུབ་ས་ཐམས་ཅད་ལ་བོད་ཡིག་ཕྲིས། བསམ་བཞིན་དུ་ཤོད། ཨུ་ཚུགས་ཀྱིས་ཕྲིས། མི་ནུས་པ་དང་མི་སྲིད་པ་ཞིག་བསྒྲུབ་ཨེ་ཐུབ་ལ་ཚང་མས་སྙིང་རུས་བསྐྱེད་དགོས་པ་རེད། གལ་ཏེ་བོད་མིས་བོད་སྐད་བོད་ཡིག་མི་ཤེས་ན་སྦྱོང་དགོས་པ་རེད། ཁྱོད་ཚོས་རྒྱ་ཡིག་དང་དབྱིན་ཡིག་གལ་ཆེན་དུ་འཛིན་པ་དེ་ལྟར་སྦྱོངས། དུས་ཚོད་དང་འགྲོ་སོང་ངེས་ཅན་བཏང་ནས་སྦྱོང་བརྡར་འཛིན་གྲྭར་འཚང་ཁ་རྒྱག་གྱིན་པ་དེ་ལྟར་སྦྱོངས། ཐ་ན་བོད་སྐད་ད་མ་དིག་རེ་བཤད་དེ་ཡིག་ནོར་རེ་བྲིས་ཀྱང་མི་སྐྱོན། བསམ་པ་ཡོད་ན་ག་ལེར་ཡར་ཐོན་ཡོང་ངེས་རེད། གཙོ་བོ་རང་སྐད་ལ་བཟུང་བའི་རྣམ་འགྱུར་དེ་གལ་ཆེན་པོ་རེད་སྙམ།
༢༠༡༦/༦/༡༧
ངེད་དྲ་ཚིགས།