གངས་རིའི་བུ་མོ། རྒྱ་གྲོལ།

རྒྱ་གྲོལ།


གངས་རིའི་བུ་མོའི་སྔོན་འགྲོ

          “ཁྱེད་རང་ཤེས་རབ་ལྡན་ལ་ཀུན་སྤྱོད་ལེགས་ཤིང་སྤོབས་པ་ཆེ་ལ་ཤེས་ཡོན་ལྡན་པའི་གངས་རིའི་བུ་མོ་ཞིག་བྱེད་པའི་རེ་བ་ཡོད།” ཁ་པར་འཕྲིན་ཐུང་འདི་བསྐུར་མ་ཐག་ངས་གངས་རིའི་བུ་མོ་ལ་བསམ་གཞིག་བྱ་དགོས་བྱུང༌། བསམ་གྱིན་བསམ་གྱིན་ང་ལ་སྐྱོ་བ་ཞིག་སྐྱེ་འོང་ལ་དགའ་བ་ཞིག་ཀྱང་སྐྱེ་འོང༌། དགའ་སྐྱོ་དེ་དག་ནི་ངའི་མཐའ་འཁོར་དུ་བྱུང་བའི་གཏམ་རྒྱུད་དག་ཡིན།  མོ་ངའི་ཚ་མོ་ཡིན། གལ་ཏེ་ང་ཡོད་ས་ནས་མོ་སློབ་གྲྭར་མི་སྐྱེལ་ཟེར་ན་ངའི་ཨུ་ཚུགས་ཀྱི་རི་བོ་དེ་འཕར་ངེས་པས་ཡུས་གུང་སྟོང་ཕྲག་ཡོད་ཀྱང་ཅི་ཞིག་བྱ་ཨང༌། ཡིན་ནའང༌། མོས་མིག་ཆུ་ཁོང་དུ་མིད་ཀྱིན་གནས་ལ་བུད་སོང༌།  དེ་ནི་མོས་མཐོ་རྒྱུགས་ལ་སྐར་མ་གཅིག་ཆད་པའི་ཕམ་ཁ་རེད། ཡིན་ནའང༌། དེ་ཁོ་ནས་མོ་འགྱེལ་མི་སྲིད།  ཉིན་ཞིག་མོའི་ཨ་མ་ཡོང་ནས་ནོར་བྷོ་ཡུལ་ནས་འདུག་རྒྱུ་བྱས་ཡོད་ཟེར། “ཨ། མོ་འཐད་དམ” ངས་བྲེལ་འཚུབ་ཀྱིས་དེ་ལྟར་དྲིས།  མོས “ཨ་ཁུ་འཐད་ན་ང་འདུག་ཟེར” ང་ཅུང་མི་དགའ་བར་གྱུར་ནས “མོ་ངེས་པར་འཐད་དགོས” ཞེས་བཤད། ཡིན་ནའང༌། རྗེས་སུ་སྐད་ཆ་ལྡོམ་པོ་ཞིག་གིས “མོ་ཉིན་དུ་མར་ངུ་སྐད” པ་ངའི་རྣ་ལམ་བསྐྱལ། དེ་བས་ང་ཁོང་ཁྲོ་ལངས། མོའི་ཕ་བོས་ཏེ “མོ་མྱུར་ཏུ་སློབ་གྲྭར་སྐྱེལ་དགོས” ཞེས་བཤད་པར “ཧ་ཧ།  མོ་གནས་བྱིན་བཏང༌། མོ་ཡང་འཐད་ཀི” ཟེར།  ང་ལ་སྐད་ཆ་ཅི་ཡང་མེད་པར་གྱུར།

       མོ་སྤྲུལ་སྐུ་ཞིག་གི་ཨ་མ་རེད། ངས་ཐེངས་དང་བོར་སྤྲུལ་སྐུ་དེའི་ནང་ཆེན་ཏུ་མཐོང༌།མོ་འབྲོག་མོ་ཤ་སྟག་སྟེ་ནང་ཆེན་དུ་སྐད་ཆ་བཤད་ནའང་རྩྭ་ཐང་ནས་བཤད་པ་བཞིན་སྐད་མགོ་མཐོ།  ངས་མོའི་ཁ་བཏོན་དཔེ་ཆའི་ནང་དུ་བསླབ་བྱ་ཟད་པོ་འགའ་དང་ལྕགས་སྨྱུག་ནག་ལྡང་གཅིག་མཐོང་བས“ཁྱོད་སློབ་གྲྭར་སོང་མྱོང་ངམ” ཞེས་དྲིས། “ང་སློབ་གྲྭར་ཉིན་མ་གཅིག་ལའང་སོང་མ་མྱོང༌། ཆུང་དུས་སློབ་གྲྭར་འགྲོ་འདོད་ནས་མི་སྲོན་ཡང༌། དེའི་དུས་ངེད་ས་ཆར་བུ་མོ་ཞིག་གི་ཁ་ནས་དེ་འདྲ་བུད་ན་མི་གྲལ་ལ་ཇི་ལྟར་འགྲོ་ཨང”ཟེར། “འོ་ན། ཡི་གེ་ཇི་ལྟར་སྦྱངས་པ་ཡིན” “མིང་བོ་སློབ་གྲྭར་སོང་བས་ངས་མིང་བོ་ལ་བརྟེན་ནས་ཀ་ཁ་སྦྱངས། ལོ་འགའི་རྗེས་སུ་ཕྱིར་བྲོས་ཡོང་བས་མིང་བོའི་དཔེ་ཆ་བདག་བྱས་ནས་ལྐོག་ཏུ་བལྟས། ད་བྱིས་པ་མང་བས་ལྟ་ཁོམ་ཞིག་གང་ན་ཡོད། ཡིན་ནའང༌། ད་དུང་ཡང་བལྟས་ན་འདོད་ཀི” དེར་བསྟུན་ནས“ད་ལྟ་ངེད་ས་ཆར་བུ་མོ་ཚོའང་སློབ་གྲྭར་སྐྱེལ་ཀྱིན་ཡོད་ན་ཡང་ཅིག་ཉན་པ་གཅིག་ར་མེད་ཀིཡིན་ནའང༌། རང་གི་བྱིས་པ་ཚོ་ཅིས་ཀྱང་སློབ་གྲྭར་བསྐྱེལ་རྒྱུ”ཟེར།

         མོ་ལོ་བཅོ་བརྒྱད་སྟེང་དུག་འཐུང་ནས་ཤི་སོང༌།  ངས་མོ་རིག་མ་མྱོང་ནའང་ཕུ་བོའི་སྒྲུང་གཏམ་ཞིག་ལས་མོ་ལ་ཆ་རྒྱུས་བྱུང༌།  མོ་སློབ་མ་ཞིག་ཡིན།ལོ་བཅོ་ལྔའི་སྟེང་ཕ་གཡར་གྱིས་ས་ཆ་འདིར་གནས་ལ་བརྫངས།  མོས་ཨ་མ་ན་བའི་གནས་ཚུལ་ཞིག་ཐོས་པས་ཡུལ་ལ་འགྲོ་བའི་རེ་བ་ཞུས། དེ་བས་སླར་ཡང་གཅར་རྡུང་གཅིག་མྱངས་ཏེ “ཁྱོད་ངེད་ཚང་གིས་གཡོག་མོར་ཉོས་པ་ཡིན” ཟེར།  དེ་ནི་མོ་ཁྱིམ་འདིར་ཡོང་སྐབས་ནུ་རིན་ལ་སྒོར་སྟོང་གཅིག་བྱིན་པ་ལ་བརྗོད་སྐད།  ཉིན་གཅིག ཁྱོ་ག་རྟ་ཞོན་ཏེ་དོར་མ་ལས་གཞན་པའི་གོས་བཤུས་ཏེ་ཕྱིར་སྡེ་བར་དེད་ཡོང༌། མིག་ཟུང་མང་བོའི་ལམ་དུ་ཨ་ནེ་མོས་སྐྲ་ལོར་འཐམ། ཨ་མྱེས་ལག་རྟེན་གྱིས་གཉའ་བར་རྡུང༌།   མོའི་བྲོས་བྱོལ་དེ་མོ་ལ་གོད་ཆག་གི་ས་བོན་བཏབ།   ཕྱི་ཉིན་དགུང་མོ། སྡེ་བ་འདིར་གློ་བུར་དུ་སྐར་མ་ཞིག་བྱས།  གོ་ཐོས་ལྟར་ན། མོས་རང་གི་ལུས་ལ་ཁ་ཆེམས་ཀྱི་ཡི་གེ་བྲིས་ཡོད་སྐད། ཡིན་ནའང་ཅི་ཞིག་བྲིས་འདུག་པ་སུས་ཀྱང་ཤེས་མི་འདུག

     སློབ་གཙོ་དེས་བཤད་ན་མོ་སློབ་མ་བཟང་མོ་ཞིག་ཡིན་སྐད།  མོ་ཆུང་དུས་དྭ་ཕྲུག་གྱུར་པས་ཨ་ཕྱིས་བསྐྱངས་ནས་སློབ་གྲྭར་སྐྱེལ། ཨ་ཕྱི་ལའང་ཅི་ཡང་མེད་པས་སློབ་གཙོ་དེས་མོར་རོགས་བྱེད་མཁན་ཞིག་བཙལ།  རོགས་བྱེད་མཁན་དེས་མོའི་སློབ་ཡོན་ཐམས་ཅད་དང་ཨ་ཕྱིའི་ཟས་གོས་ཡོད་ཚད་ལ་རོགས་བྱ་རྒྱུ་བྱས། ཁོར་ཆ་རྐྱེན་ཞིག་ཡོད་པ་ནི “མོ་ངེས་པར་སློབ་མཐར་ཕྱིན་དགོས་ལ་མ་ཕྱིན་ན་སྒོར་མོ་ཐམས་ཅད་ཕྱིར་བསློག་དགོས”ཟེར།  སློབ་གཙོ་དེས་ཡོད་ཚད་ཁས་བླངས་ནས་གན་རྒྱ་བཞག  ལོ་འགའ་ནས་མོ་གློ་བུར་དུ་ལྷ་སར་བྲོས་སོང༌། སློབ་གཙོ་དེ་ཁོང་ཁྲོས་གད་ལ་ཁད་གྱུར་མོད། རོགས་བྱེད་མཁན་དེར་སྐྱིན་ཚབ་མི་འཇལ་ཀ་མེད་བྱུང༌།   གཏམ་རྒྱུད་འདི་ངའི་སློབ་མ་ཞིག་གི་ཁ་ནས་གོ་བ་ཡིན།

      མོ། ཁམས་མོ་ཞིག་ཡིན། སོག་སྒར་སློབ་གྲྭར་ཡོང་དུས་མོ་ལོ་སུམ་ཅུ་ལྷག་རེད།  མོ་རྩྭ་ཐང་ནས་ཡོང་བས་ཀ་རྟ་མགོ་འདྲ་ཞིག་བྲིས་ནའང་ངོས་མི་ཟིན།   དེ་བས། མོས་བོད་ཡིག་ཀ་ཁ་ནས་སྦྱངས། དབྱིན་ཡིག་ང་ཚོ་དང་འདྲ་བར ABCD ནས་སྦྱངས།  གཟའ་ཉི་མར་ཡང༌། སྔ་མོ་ནས་དེའུ་མགོ་དེར་སོང་སྟེ་སྐད་གསེང་མཐོན་པོས “ཀ་ཁ་ག་ང”གྱེར།  སློབ་མ་ཚོའི་གཉིད་སྐྱིད་པོ་དཀྲོགས་པས་ནམ་ཡང་མོ་ལ་སྡིགས་མོ་བྱེད།   མོས་ནམ་རྒྱུན་བཞིན “ཀ་ཁ་ག་ང༌། ཀྲ་ཁྲ་གྲསུ་རུ་ར་ལ་ཏུ་དུ་ན” ལོ་བཞི་འགོར་སོང༌། མོ་ང་ཚོ་འཛིན་གྲྭའི་དབྱིན་ཡིག་བཟང་ཤོས་ཡིན། བོད་ཡིག་ཀྱང་ལེགས་པའི་གྲས་སུ་ཆུད་ཁོས་རང་ཉིད་སྒྱིད་ལུག་དུས་ཁམས་མོ་དེ་དྲན་བྱུང༌། མོས་སྐད་གསེང་ཆེན་པོས་ཀ་ཁ་ག་ང་ཀློག་པའི་སྒྲ་དབྱངས་དེ་ད་དུང་ངའི་རྣ་ལམ་དུ་འཁོར་གྱིན་འདུག་ཟེར།

     མོ་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཞིག་ཡིན་སྐད།མོས་བུད་མེད་ཀྱི་ཐོབ་ཐང་གི་ཆེད་དུ་ཆང་འཐུང༌།  སྐྱེས་པ་ཚོ་དང་མཉམ་དུ་ཆང་འཐུང༌། དུ་བ་འཐེན། འུར་བརྒྱབས། རྩོད་པ་བྱེད།  མོ་དང་མཉམ་དུ་ཆང་འཐུང་མཁན་གྱི་སྐྱེས་པ་ཤིན་ཏུ་མང༌། ཡིན་ནའང༌། མོ་ད་དུང་མོ་རྐྱང་ལ་བསྡད་འདུག་སྐད།   གྲོགས་པོ་དེས “མོས་ཁྱོ་ག་མ་རྙེད་པ་དེས་མོ་རྒྱུན་ལྡན་མིན་པ་ཞིག་ཏུ་གྱུར་འདུག” ཟེར། “བུད་མེད་ཀྱི་རང་ཚུགས་དང་ལ་རྒྱ་མ་འཆོར་བའི་སྒོ་ནས་བུད་མེད་ཀྱི་ཐོབ་ཐང་རྩོད་པ་ལས་དེ་བོར་ན་ཁྱིམ་བདག་མའི་ཐོབ་ཐང་ཡང་ལག་ཏུ་ཡོང་དཀའ”ཟེར།  འདི་ནི་བུད་མེད་ཐོབ་ཐང་རྩོད་མཁན་གཞན་ཞིག་གིས་མོ་ལ་གདེང་འཇོག་བྱས་པའི་སྐད་ཆ་རེད།  བོད་ལྗོངས་ནག་ཆུའི་རེད།  ངས《ཁྲིམས་ལུགས་ཚགས་པར》ལས་ཁོ་མོའི་འདྲ་པར་མཐོང། མོའི་ལག་ཟུང་གཉིས་ཁྲིམས་ཀྱི་གདུབ་བུ་གཅིག་གིས་དམ་དུ་སྦྲེལ་འདུགགནས་ཚུལ་བཀོད་པ་ལྟར་ན། མོ་བུད་མེད་འཚོང་མཁན་ཞིག་ཡིན་ཟེར།  མོ་གཞན་གྱིས་བསླུ་བྲིད་ལས་རྒྱ་མི་ཞིག་གི་ཆུང་མར་བཙོང༌། མོ་ལྷོད་ལ་བབས་རྗེས་བུད་མེད་འཚོང་བ་ནི་སྒོར་མོའི་གཏེར་ཁ་ཞིག་ཏུ་བསམ་ནས་གྲོགས་མོ་དག་བསླུ་བྲིད་ཀྱིས་མཚོ་སྔོན་གྱི་ཁ་ཆེ་དང་རྒྱ་མིའི་ཆུང་མར་བཙོང༌།   ད་ལྟ་མོ་བཙོན་ཁང་དུ་ཡོད། མོས་བཙོང་བའི་བུ་མོ་དག་ལས་ཕྱིར་ཡུལ་དུ་འགྲོ་མི་འདོད་པ་མང་སྐད།

        མོ་བཙུན་ལོག་ཅིག་ཡིན། ད་གོས་ཐུལ་གྱོན་པའི་ཁ་ཆེའི་བུད་མེད་ཅིག་ཏུ་གྱུར་འདུག  ངའི་གྲོགས་པོ་ཞིག་གིས་མོ་ངོ་ཤེས།དཔའ་ལུང་རྫོང་ནས་མོར་འཕྲད་པས་ཁོ་གཉིས་ཁ་བརྡ་བྱས། “ཁྱོད་བཙུན་ལོག་བྱས་པ་ཅི་ཡང་མ་རེད། ངོ་ཚ་དགོས་དོན་ཡང་མེད། ངོ་ཚ་དགོས་པ་ནི་ཆོས་ལུགས་བསྒྱུར་ཅིང་མི་རིགས་ཀྱང་བསྒྱུར་བ་དེ་རེད། ལྷག་པར་ནང་བསྟན་སློབ་གསོ་མྱངས་པ་ཞིག་གིས་བྱ་རྒྱུ་ཞིག་མ་རེད། དེ་འདྲ་ཞབས་འདྲེན་མ་ཞུ། ངོ་ཚ་རེད། ཕྱིར་ཤོག་བོད་པའི་ཁྲོད་ཁྱོད་ལ་ཁྱོ་ག་ཞིག་མི་རྙེད་ཟེར་ན་ངའི་རྣར་མི་འགྲོངས་ཁྱོད་ལ་ཁག་ཐེག་བྱེད” ཅེས་བརྗོད་པ་ལ་མོས “ངས་བོད་མི་རིགས་ལ་ཞབས་འདྲེན་ཅི་ཡང་བྱས་མེད། ང་ཁ་ཆེར་གྱུར་པ་ངའི་གནད་དོན་རེད། ཁྱོད་ངོ་ཚ་མི་དགོས” ཟེར།

     མོའི་མིང་ལ་སྒྲོལ་མ་ཟེར།  སྒྲོལ་མ་ཞེས་པའི་མིང་འདི་མ་གཏོགས་མོའི་སྟེང་ན་བོད་ཡིན་པའི་ཆ་ཞིག་རྙེད་དཀའ།  མོས་རྫོང་མཁར་སློབ་ཆུང་ཞིག་ཏུ་རྒྱ་ཡིག་ཁྲིད་ཀྱིན་འདུག   མོའི་སློབ་མ་དག་ལྟ་བའི་ཆ་ནས་ཕྱོགས་གཉིས་སུ་གྱེས་འདུགསྐོར་ཅིག་བོད་ཡིག་དགེ་རྒན་སྒྲོལ་མའི་ཕྱོགས་རེད། སྐོར་ཅིག་མོའི་ཕྱོགས་རེད།   མོས། བོད་རིགས་ཀྱི་ལ་རྒྱ་བཤད་ཀྱིན་ཡོད།བོད་རིགས་སྐྱིད་དགོས་ན་རྒྱ་ཡིག་ལ་བརྟེན་དགོས་ཟེར།  སྐབས་འདིར། ངའི་སེམས་སུ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་སྒྲོལ་མ་དྲན་བྱུང༌། མོ་ངའི་སློབ་གྲོགས་ཤིག་གི་སྐུ་ཟླ་སྟེ་དངོས་ལུགས་དགེ་རྒན་རེད།   ངས་མོ་ལ་ཨ་མདོའི་གནས་ཚུལ་རྗོད་དུས “ཁྲི་སྲོང་ལྡེ་བཙན” གླེང་བས་མོས་དེ་སྲོང་བཙན་སྒམ་པོ་ཨེ་རེད་ཟེར། ང་ངུ་བྲོ་ནས་བཤད་མཚམས་བཞག་སྟེ་སྐད་ཆ་ཀེ་རུ་སུར་སྐོར།  མོས་ཀེ་སུ་རུའི་གཏམ་རྒྱུད་སྐོར་ཤར་མར་བརྗོད་བྱུང༌།

       ངས་མང་བོ་ཞིག་དྲན་བྱུང། སྤོབས་པ་དང་ཤེས་རབ།ཡོན་ཏན་དང་རྣམ་དཔྱོད་ཀྱིས་བརྗིད་པའི་མང་བོ་མང་བོ་ཞིག་ཀྱང་དྲན་བྱུང། དེ་དག་གིས་ངའི་ཡིད་ལ “མཁའ་འགྲོ་མ་བརྒྱ་རྩ” ཞེས་པའི་འོད་ཀྱི་ས་བོན་ཞིག་བཏབ་བྱུང༌། ཡིན་ནའང་ངའི་མིག་ལམ་ན་ཡོད་པའི་སྒྲུང་གཏམ་འདི《སྒྲོལ་མ་ཉེར་གཅིག》རེད།《སྒྲོལ་མ་ཉེར་གཅིག》རིམ་བཞིན་མོག་པོར་གྱུར་པའི་མོད། བུད་མེད་སྐོར་ཅིག་གིས་ང་ལ་བལྟས་འདུག་པའི་ཚོར་སྣང་བྱུང༌། ཁོ་མོ་ཚོས་ང་ལ་ཅི་ཞིག་བརྗོད་ཀྱིན་འདུག  བཙུན་མོ་དམར་རྒྱན་མས། བདག་ལ་མེ་ཏོག་མ་སྐྱེས་མ་ཆོག་པར། །རྐང་བ་ཕོགས་པས་མེ་ཏོག་ཚིག་འགྲོ་འདིས། །ངས་ནི་ཆོས་གསར་པ་བས་བོན་རྙིང་དགའ། །གསར་འགྲོགས་བྱས་པ་རྒྱལ་ས་འཆོར་གྱི་དོགས། ། ཟེར།  བཙན་མོ་སད་མ་ཀར་གྱིས།རིང་ཨ་སྔོན་གནམ་གྱི་དགུ་ཚིགས་དང༌། །ས་དོག་མོའི་ཕང་གི་མཚོ་མོ་གཉིས། །ཐག་རིང་ཡང་ཕན་ཚུན་དམ་དུ་འབྲེལ། ། ཟེར།   མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། གསང་བ་སྔགས་ཀྱི་དངོས་གྲུབ་ཐོབ། །གྲུབ་ཆེན་བརྒྱད་ཀྱི་རྫུ་འཕྲུལ་གྲུབ། །མདོ་སྔགས་གཉིས་ཀྱི་བདག་མོར་གྱུར། །འབྱུང་བ་ལྔ་པོ་རང་དབང་གྲུབ། །དཔའ་བར་འགྲོ་བའི་ཏིང་འཛིན་ཤར། །རྡོ་རྗེ་འཆང་དང་དགོངས་པ་མཉམ། ། ཞེས་ཟེར།   ལྷ་ལྕམ་ཁྲོམ་པ་རྒྱན་གྱིས།བར་ཆད་རྐྱེན་མང་ཟ་མ་མོ་ཡི་ལུས། །སྐྱེ་རྒྱལ་མེད་ན་བུད་མེད་ལུས་འདི་རུལ་ཟེར།  འབེ་བཟའ་འ་མོ་སྐྱིད་ཀྱིས། རིའི་མགུལ་བ་གཅོད་པ་ལས་མིའི་མགུལ་བ་གཅོད་པ་སླ་ཟེར།  མྱང་ཚ་དཀར་རྒྱན་མས།ཁྱོད་ཚོ་གཅེས་ཕྲུག་རང་འགའ་རྒྱགས་པའི་མཐུ་ཡིན་འདུགའུ་ཅག་མ་རྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱོད་སྙིང་རུས་སྐྱེད་ཤོག་ཅིག རྒྱ་ལ་གལ་ཏེ་བུ་ཁྱོད་མཐུ་རྟགས་མ་ཐོན་པར་ལོག་བྱུང་ན། ང་མ་རྒན་མོ་ཁྱོད་རང་གི་མདུན་དུ་ལྕེབས་ནས་ཤི་སྡོད་དོ་ཟེར།

     མ་ཅིག་ལབ་སྒྲོན་གྱིས། ང་བོད་དུ་སྐྱེས་པས་ཁྱེད་རྒྱ་གར་དུ་མ་གྲགས་པའི་དམ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་ཅེས་བྱ་བ་སྟོན་པ་ཡིན་པས་སྤྲང་མོ་ངའི་ཆོས་ལུགས་བོད་གངས་ཅན་གྱི་ལྗོངས་སུ་གྲགས་པའི་གཅོད་ཡུལ་འདི་ཁྱེད་རྒྱ་གར་བ་ལ་ཡང་གཟིགས་ཕུལ་ཞིག་བྱེད་དགོས་ཟེར།    སྒ་སྐྱ་ལོ་སེང་ལྕམ་འབྲུག་མོས།ཧོར་རྒྱལ་ངན་ཆུང་མ་བྱེད་པ་ལས། །ཤི་དམྱལ་ཁམས་ཡུལ་དུ་འགྲིམ་ན་དགའ། །ད་ཧོར་ཡུལ་འདི་རུ་འདུག་པ་ལས། །བྱང་མི་མེད་ཡུལ་དུ་འཁྱམས་ན་དགའ། །འཆི་བསམ་ན་འཆི་བདག་མི་འོང་གི །འཁྱམ་ཟེར་ན་རྒྱལ་བོ་ནམ་འབྱོན་བསམ།།  བུ་མོ་སྣང་སས། ཁ་རོགས་བསྡད་ན་བུ་མོ་གླེན་མ་ཟེར། །གཏམ་ལན་བྱས་ན་བུ་མོ་འཕར་ཤ་ཟེར། །ཕྱི་ལ་ཕྱིན་ན་མགོ་ཡངས་འཆལ་མོ་ཟེར། །ནང་དུ་བསྡད་ན་ལྷ་ཁང་ལོགས་རིས་ཟེར།   སྲས་མོ་ཡེ་ཤེས་ལྷ་མོས། ངས་ཁྱོད་དང་མཉམ་དུ་བསྡེབས་པའི་མི་ཁ་དེ་ཐེག་པར་མ་ཟད། གསོན་ན་མཉམ་གསོན་དང། ཤི་ན་མཉམ་ཤི་བྱེད་རྒྱུའི་སེམས་ཐག་བཅད་ཡོད་ཟེར།

         སྐབས་འདིར་བརྡ་འཕྲིན་གྱི་ཅོང་སྒྲ་ཞིག་གིས་བསམ་གཞིག་ལས་བསླངས།ཁ་པར་དུ “དགེ་རྒན་ལགས་ཀྱིས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ།ད་ལྟ་ལེའུ་བཅུ་གཅིག་བར་དུ་བསྒྱུར་ཟིན། དེ་རིང་ངས་ཆེད་ལས་ཡིག་བསྒྱུར་འདེམས། ང་སྐད་ཡིག་གི་ཡོན་ཚད་དམའ་ནའང་ཧུར་བརྩོན་བྱེད་པའི་སྤོབས་པ་ཡོད། དགེ་རྒན་ལགས། བདེ་མོ་ཡིན་ནམ།” ཞེས་བྲིས་འདུག ངས་དེའི་ལན་དུ།  “རེད་དེ། ཁྱོད་རང་ལོ་ཙཱ་བ་བྱ་ཐུབ་པར་མ་ཟད། རྩོམ་པ་བོ་བྱ་ཐུབ་ལ་བསམ་བློ་བའང་བྱ་ཐུབ། གང་ཞིག་བྱ་ཐུབ་མིན་དེ་མ་འོངས་པ་ཐུག་མེད་དེ་དེ་རིང་གི་རང་ཉིད་ལ་ཐུག་ཡོད། རང་ཉིད་ལ་ཡིད་ཆེས་བྱོས་དང་ཁྱོད་རང་མ་འོངས་པའི་གང་ཞིག་ཀྱང་བྱ་ནུས་པའི་ཆ་རྐྱེན་ཡོད་པས་རང་ཉིད་བཟང་བོར་འདོད་ན་བཟང་བོར་འགྱུར་ངེས་ལ། རང་ཉིད་ངན་པར་འདོད་ན་ངན་པར་འགྱུར་རྒྱུ་རེད།” ཅེས་བྲིས་སོ།།

    ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s