གྲོང་ཁྱེར་ནང་གི་ཉིན་གཅིག

གཟུངས་ཕྱུག་སྐྱིད།

ཕྱི་རོལ་དང་རྒྱ་མཚོའི་རླངས་པ་རྔུབ་དྲག་པས།
མཁའ་རླུང་ལ་རྫུ་བག་བྲལ་སོང་བ་འདྲ།
སྤྲིན་དཀར་ལྟ་བུའི་མཛེས་སྡུག་གི་བུ་མོ་རེ་རེ།
དུས་ཚིགས་ཤིག་གི་རླུང་ཁ་ན་མེ་ཏོག་བཞིན་ལྕུག་ལྕུག་འདར།

འཕྲུལ་ཆས་ལ་གློ་བ་གླན་པའི་གཞོན་ནུ་དེས།
རྐང་འཁོར་གྱི་རྔམ་ཟིལ་དྲག་ཆས་སུ་སྤྲོས་ཏེ།
ས་ངོས་སུ་འབུ་གྲོག་བཞིན་ཤུར་ཤུར་རྒྱུ་བ།
དུས་རབས་ཤིག་གི་དཀྱེལ་ཆེན་དུ་རློམ།

ཤེལ་མིག་སྟེང་ལ་རྡུལ་ཕྲན་ཁུར་བའི་རྒན་པོ་དེས།
བསམ་གཞིག་གི་ཤོག་ལྷེ་དག་འདེད་ཙམ་གྱིས།
ཇ་ཕོར་ནང་གི་འདས་དོན་ལ་ཡང་ཡང་ཅེར་འདུག

ས་སྲོས་ཀྱི་དུས་སུ།
གློག་འོད་སྣ་ཚོགས་ལ་བཅིབས་པའི་མི་ཚོགས།
འདུ་འཛི་ལྟ་བུའི་་རབ་གསལ་ལ་ཁེན་ཏེ།
རང་ཉིད་བར་མཚམས་མེད་པའི་རོལ་དབྱངས་ལ་བསྲེས།

ཞོགས་པར།
གྱོན་ཆས་ཕྱེད་ཀ་འགྱུར་ཟིན་པའི་བུད་མེད་གོས་ནག་མ་དེས།
བུ་ཕྲུག་གི་ལག་ཟུང་དམ་དུ་སྡོམ་བཞིན།
རེ་བ་དང་བརྩེ་ཞེན་གྱི་མིག་མདངས་ལས།
སང་ཉིན་ལ་སློང་མོ་ཡང་ཡང་བྱེད།

ཁུ་སིམ་མ་ཡིན་ལ་འུར་ཟིང་ཡང་མ་མིན་པའི་དོ་ནུབ།
ངས་ཀྱང་རྒྱ་མཚོའི་ཕ་རོལ་གྱི་རྩྭ་ཐང་ལ་ཡང་ཡང་ཉན་མོད།
ནོར་ལུག་གི་མེ་ཏོག་སྐམ་ལ་ཉེ་བའི་སང་ཉིན།
ཟིལ་བ་བྲལ་བའི་རྨི་ལམ་ནང་གི་དགུན་གྱི་རྩྭ་ཐང་བཞིན།

གྲང་ཤུར་ཤུར་གྱི་རི་ངོགས་སུ་དལ་གྱིས་འཁོར་བྱུང་།

སྐབས་འདིར་ང་རང་གློ་བུར་དུ་ཁ་ཕྱིར་འཁོར་ནས།
རང་ཉིད་ལ་བླ་འབོད་ཡང་ཡང་བྱས་ཀྱང་།
ས་ཆེན་པོའི་རོལ་དབྱངས་བར་མེད་དུ་བཞུར་པས།
སུ་ཞིག་གིས་ཡང་བསྐྱར་ང་ལ་གུ་ཡངས་གནང་སྲིད་དམ།

༢༠༡༦། ༠༤། ༠༤ ཉིན་བྲིས།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s