དུར་རྐང་གི་སྙན་ངག་ཚན་བཀོད།

ང་ནི།     དུར་རྐང་།    


<དཀར་མཛེས།>

ང་ནི་ཆར་བབས་རྗེས་ཀྱི་འཇའ་ཚོན་སྙིང་རྗེ་བོ་དེ་ཡིན།

ང་ནི་འཇའ་དེངས་རྗེས་ཀྱི་སྨུག་པ་རྡུལ་འཐིབ་འཐིབ་དེ་ཡིན།

ང་ནི་རླུང་གཡིག་རྗེས་ཀྱི་བསེར་བུ་ཤ་ཚ་མོ་དེ་ཡིན།

ང་ནི།  ང་ནི།

ང་ནི་རྒྱང་རིང་གི་དར་ཤིང་ངོས་ཀྱི་མིག་ཆུ་དེ་ཡིན།

ང་ནི་འབྲོག་སྟོང་གི་ཉི་ནུབ་ལ་འབད་པའི་བྱེའུ་དེ་ཡིན།

ང་ནི་ཤོག་ངོས་ཀྱི་རབས་ཁར་འཐོར་བའི་ནག་ཐིག་དེ་ཡིན།

ང་ནི། ང་ནི།

ང་ནི་གློ་བུར་དུ་སྲོག་བཅད་པའི་སྡུག་བསྔལ་ཉམ་ཐག་པ་དེ་ཡིན།

ང་ནི་ཡུན་རིང་བོར་སྒྲ་ཆད་པའི་ཆུ་ནང་གི་པི་ཝང་དེ་ཡིན།

ང་ནི་སྐད་ཅིག་ལ་བླ་འཁྱག་རྗེས་ཀྱི་མཚན་མོའི་ལག་པ་རིང་བོ་དེ་ཡིན།

ང་ནི།  ང་ནི།

ང་ནི་ཚེ་ཕྱི་མར་འཁོར་བའི་གཙང་བོར་དཔྱངས་པའི་དབུལ་ཕོངས་ཀྱི་ལན་བུ་དེ་ཡིན།

ང་ནི་སྐྱེ་བ་འདིར་ཞེ་ཐོགས་པའི་བུ་མོ་ཞིག་གི་རྒྱབ་གཟུགས་ཡི་མུག་པོ་དེ་ཡིན།

ང་ནི་ཡུལ་གྱར་བའི་ཚུལ་གྱིས་དུས་ཚིགས་གང་དུའང་མ་བཞད་པའི་ཁེར་རྐྱང་གི་གླུ་གཞས་དེ་ཡིན

ང་ནི། ང་ནི་་་་་ །

༢༠༡༦/༥/༢༦


བར་སྐབས་ཤིག་ལ།

བར་སྐབས་ཤིག་ལ།

ང་ཡིས་བྲིས་པའི་རི་མོའི་ནང་དུ།

ནང་ཁང་ནང་གི་མདོག་ཞན་པའི་སྐྱེ་བ་ཤར།

ཆར་བས་བརླན་པའི་ཤོག་ངོས་ཀྱི་ཁྱོད་རང།

ཤིན་ཏུ་འདག་ཐབས་བྲལ་བའི་ཉེས་པས་བཅིར།

ཉིན་མཚན་ཆུ་ཡིས་ཁྱེར་བས།

གདོང་སེམས་ཀྱི་གྲོག་རོང་ཁྲོད་དུ་ཁྱེར་རྐྱང་གི་རི་དྭགས་ཤར། ཉི་ནུབ་ཤར།  ཆུང་འདྲིས་ཤར།

བར་སྐབས་ཤིགས་ལ།

ཤིན་ཏུ་ཆུང་ངུའི་དུས་ཀྱི་ཁྱོད།

ཉག་ཕྲ་བའི་ངའི་སྔ་རོལ་ཏུ་འཆི་བར་ཕྱོགས།

༢༠༡༦/༥/༢༦


ངང་སྒུག་ཁྲོད་ཀྱི་ལྷིང་འཇགས།

གོམ་པ་སྤོ་མཚམས་འདིར་ཐོན་དུས།

ཆག་གྲིམ་ཤོར་བའི་ངོ་གདོང་ངོས་སུ་མེ་ཏོག་བཞད་མི་སྲིད།

ཆར་ཟིམ་འཐོར་དཀའ་བའི་བས་མཐའི་ས་ཚིགས་བཞིན།

དྲན་པའི་ངོས་ཀྱི་རི་མོའང་ལྷིང་འཇགས་ཀྱི་རླུང་བུས་ཁྱེར་སྲིད།

དེ་ནི། བདག་གི་སྐྱེ་འཆིའི་གཙང་བོ་ལ།

ཡིད་གདུང་ལས་ཟགས་པའི་འཁྱག་རོམ་འཐོར་བས་ཡིན།

སྐྱེ་བ་འདི་ལ་ང་ཁོ་མོའི་ལག་པའི་ནང་གི་རྨ་ཁར་འཐོར་བའི།

ཆར་ཟིམ་ཁྲོད་ཀྱི་གླུ་གཞས་ཤིག་བྱེད་འདོད་ཀྱང་།

ཡུན་རིང་བོར་ཆགས་ཐབས་བྲལ་བའི་བརྩེ་བ་དེས།

གྱེས་བྲལ་གསེབ་ཀྱི་མིག་ཆུ་རེ་རེའི་དོད་དུ་ཁེར་རྐྱང་གི་རྩེད་ར་རེ་བཞག

མཚན་མོ་འདི་དང་ལམ་ཕྲན་འདིའི་ངོས་སུ།

ཚེས་བཅོ་ལྔའི་ཟླ་བ་ནི་ནང་སེམས་ཀྱི་གངས་རི་བཞིན་ཤིན་ཏུ་དྭངས་ཀྱང་།

སྐོམ་གདུང་གིས་རྟག་ཏུ་དྲན་པའི་ཡུལ་ལྗོངས་ནང་དུ།

ཁོ་མོ་སླེབས་ཐབས་བྲལ།

དེ་ལྟ་ནའང་།  ང་ནི་ཡིད་ཆད་མེད་པའི་ཆུ་ནང་གི་རྡོ་བ་དེ་ཡིན།

༢༠༡༦/༥/༢༦

       


 སེམས་ཁྲལ།

ཐག་རིང་ལ་འཕུར་བའི་བྱ་ཁྱུའི་ཁྲོད་རྨས་ཕོག་པའི་ཤོག་སྟོང་སྤུར།

ས་སྲོད་ཀྱི་འདབ་ཆགས་འཕུར་ཤུལ།

རི་རབ་དང་གཙང་བོའི་འཚང་ཁས་རྐང་རྗེན་དུ་ཕུད།

ཡུན་རིང་གི་རྗེས་ཀྱི་འཁྱག་རོམས་ཁྲོད།

དུས་བཅད་ཀྱི་ཉིན་སྲུབ་མདོ་རུ་ལག་པ་བསྲང་མཁན་སུ།

ངལ་དུབ་ཀྱི་མནར་བའི་མེ་ལོང་ངོས་སུ།

ཁྲེལ་གཞུང་གིས་དབུས་པའི་རྡུལ་ཐིག་དང་དུས་ཚོད་འཐོར།

སྐད་ཅིག་ཐ་མ་ཞིག་ཡོད་སྲིད་ན།

ང་རང་ཁྱེད་ཀྱི་འཁྲས་སུ་ཕྱིར་ལོག་འདོད།

ཡུ་མིག་གི་མིག་ཟུང་ནང་དུ་དགུན་ཁ་ཚེས།

མཚན་མོའི་གཞུང་དུ་ཆག་འཇིག་གི་གཞུང་རྟ་ཤར།

སུས་ཀྱང་ཤེལ་སྒོའི་ནང་གི་རང་ཉིད་མི་ཤེས་དུས།

མཛའ་བརྩེ་ནི་ཉི་ནུབ་ཁར་མར་འབབ་ཀྱིན་པའི་ཆར་ཟིམ་དེ།

༢༠༡༦/༥/༡༣མཚན་མོར་གཡག་འདར་ཐང་ནས།

   


དྲན་གདུང་།

གཙང་བོའི་གཞུང་ལ་ཀོ་གྲུ་གཏོང་མཁན་གྱི་རྨ་ཁ་མེད་པའི་བརྩེ་གདུང་།

བརྩེ་ལྡན་གྱི་ཆུང་གྲོགས་ཆུང་གྲོགས་ནད་པ།

མཐོན་པོའི་ནམ་མཁའི་བྱ་གླག་གི་གྲིབ་མ་རྨས་མ།

ཆུ་ནང་གི་ཐིག་ལེ་ཐིག་ལེ་སྔོན་པོ།

སྟོན་དགུན་མཚམས་ཀྱི་རླུང་ཆེན་པོ།

ལོ་དང་ཟླ།  ཞག་དང་ཉི་མ།

ཡིད་ལ་བཅུག་པའི་རྔོན་པའི་རྣམ་ཤེས།

མེ་མདའི་ཁ་ཡི་ངོ་གདོང་ཕྱེད་ཀ

༢༠༡༦/༥/༡༠ཉིན།གཡག་འདར་ཐང་ནས།


སྙིང་གཏམ།

དྲན་གདུང་ཆད་ཟིན་པའི་རྒྱང་རིང་ནང་དུ་གཟུགས་མེད་ཀྱི་གཞས་ཆུང་མི་ལེན་རོགས།

སུས་ཀྱང་མཚན་ནང་གི་དབྱར་ཀ་མི་རྙེད་དུས།

དེའི་གདུངས་བས་ང་རང་སྨག་ལ་སྦྱར་ངེས།

བོར་སོང་བའི་མི།

སྡུག་བསྔལ་གྱི་ཐག་པའི་སྣེ་རུ་སྙིང་གཏམ་གྱི་མེ་ཏོག་ཟིམ་ཚར་བས།

བཞུར་ཚར་བའི་གཏམ་རྒྱུད་འབྲི་བ་ནི་སྨྲེང་བའི་མཚོ་ནང་གི་གྲུ་ཤན་རྨས་མ།

སེམས་པ་འཁྱག་དོན་ངས་མི་ཤེས།

ང་ནི་ཁྱོད་ཀྱི་གྲིབ་མའི་ནང་གི་གཤོག་པ་མེད་པའི་བྱེའུ་དེ་ཡིན།

༢༠༡༦/༥ /༡༤

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s