སྙིང་གི་ཐིག་ལེ།

སྨྱུག་མདའ།

དབུས་ཀྱི་གཟིམ་ཆུང་སྐྱུར་བའི་མཚན་མོ་ལ།།
ངྷ་ས་རི་བོའི་གསེབ་ཏུ་ཉི་ཐིག་འཐེན།།
སྐྱ་ཟད་སྔོ་རྡུགས་འཚོ་བ་རྟུལ་ཕོད་ཀྱིས།།
ས་ལྒང་མཐིལ་དུ་སྒོ་མོ་ཡངས་པར་ཕྱེས།།

ཡར་ཀླུང་གཙང་བོས་ངུ་ཤུབ་བྱས་པ་དེ།།
ཁྱེད་ཀྱི་རྣམ་དཔྱོད་གློད་པའི་སྟ་གོན་གྱུར།།
ཡུམ་བུ་བླ་མཁར་ངོ་མདངས་ཤོར་ན་ཡང་།།
ན་བཟའ་སེར་པོའི་འོད་ཀྱིས་དྲོད་ཅིག་འཁྱིལ།།

སྐྱོ་སུན་ནད་ཀྱིས་གཟིར་བའི་ཡུལ་ངོས་ན།།
བྱམས་བརྩེའི་རླབས་སྒྲ་ཐོས་པས་འཚོ་བ་བྲོད།།
སེམས་ཉིད་སྤྲོས་པ་བྲལ་བའི་དཀའ་ཐུབ་ཀྱིས།།
བདེན་པའི་སྐྱེ་བུ་ཞིག་གི་ཞབས་རྗེས་དཔར།།

ཞལ་འཛུམ་ཕྱག་ཟུང་སྦྱོར་གྱིན་བསྐྱོད་པའི་ཚེ།།
མཁས་བླུན་ཚོགས་ཀྱི་སེམས་ངོར་དྭངས་པར་བྱེད།།
ཆོས་དོན་རིགས་པའི་ཀློང་ནས་གཤགས་པ་ན།།
ཚན་རིག་མཁན་པོ་ཞུམ་ཞིང་ཡུན་དུ་འདྲིས།།

མི་ཆོས་ཚིག་ཤེད་རྣོ་བའི་སྲིད་འཛིན་དག།
ལྟ་བའི་གཞུང་ལུགས་ངོས་སུ་ཞི་བར་འགྱུར།།
ཁ་བའི་ལོ་རྒྱུས་བརྩེགས་པའི་ཕོ་བྲང་ན།།
ལྷ་མོ་དོན་འགྲུབ་རྟག་བརྟག་ཐེར་ཟུག་ཅིག།

མི་ཡི་ཤ་ལས་འཁྲུངས་པའི་གོ་རིམ་ཁྲོད།།
འཛམ་གླིང་སྤྱི་དོན་སྒྲུབ་བཞིན་བརྒྱ་ཅུ་ཟིན།།
ཤར་ནུབ་མཁས་པའི་སྙིང་གི་ཐིག་ལེ་ཁྱེད།།
བརྩེ་བའི་འཇིག་རྟེན་བཞེངས་པའི་སྟོན་པའོ།།

མི་སེམས་མི་ཡི་ལམ་ལུགས་ཡོད་ས་ནས།།
ཁྱེད་ཀྱི་ཤེས་རབ་ནམ་མཁར་བརྒྱངས་པར་བྱས།།
གློག་དམར་ཤིག་ཤིག་འཁྱུག་པའི་སྒོ་འགྲམ་དུ།།
ཚིག་རླབས་གཅེར་བུའི་སྙིང་ག་ཤན་པར་ངེས།།

ལྕགས་ཟངས་ནག་པོ་སྤྱན་གྱིས་ཞལ་ཁྲུས་མཛད།།
མཚོན་ཡང་མེད་པར་ཞི་བས་གླེང་འཕྲོ་ཡག།
ད་ཚོད་རྒྱལ་སྤྱིའི་འགྲོ་འདུག་ཉེ་ཉེ་འདི།།
དྲང་སྲོང་གོས་སེར་ཅན་པོ་ངར་བས་ཡིན།།

ཧི་མ་ལ་ཡ་ཟེར་བའི་རི་ངོགས་འདིར།།
གློ་སྙིང་དྲོད་རྩ་ཁེན་སའི་ཁ་ལོ་ཉིད།།
འདམ་མྱགས་དྲི་མ་མེད་པའི་དམ་ཚིག་གིས།།
བྱང་ཕྱོགས་མྱ་ངམ་ལྗོན་པ་སྐྱེ་གྱུར་ཅིག།

༢༠༡༦ ། ༠༦ ། ༠༤ ལ”༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པའི་སྐུའི་འཁྲུངས་སྐར་ལ་སེ་ར་ཆོས་སྒར་དུ་སྦྱར།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s