པཱ་ན་མཱ་ཡིག་ཆས”སྒེར་གཅོད་ཀྲུང་གོའི་ལྐོག་མཚང་རྗེན་པར་འབྱིན།


འབྲོག་མྱི།

        “པཱ་ན་མཱ་ཡིག་ཆ” ཁྱབ་བསྒྲགས་བྱས་པས་འཛམ་གླིང་ཧྲིལ་བོར་ཆབ་སྲིད་ཀྱི་ས་ཡོམས་མི་ཆུང་བ་ཞིག་བརྒྱུགས། དེ་ཡི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་ལ། དེ་ཡི་མཚོན་དོན་གཙོ་བོ་ཞིག་ནི་དྲྭ་རྒྱ་གོ་ལ་ཅན་དུ་གྱུར་བའི་དུས་རབས་ཉེར་གཅིག་པའི་དེ་རིང་། ཐོབ་ཐང་ཨང་ལྔ་བ་དང་རྒྱལ་སྤྱིའི་སྨྱན་བྱད་གཉིས་མཉམ་འབྲེལ་གྱིས་འཛམ་གླིང་ཡོངས་ཀྱི་གསང་བ་ཕྱིར་འདོན་པའི་དུས་རབས་ཤིག་གི་སྒོ་འབྱེད་པ་མཚོན་ཡོད།  “པཱ་ན་མཱ་ཡིག་ཆས” བསླངས་པའི་འགུལ་འཁྱོམ་ལས་ཨ་ཡེ་སི་ལནྡིའི་སྲིད་བློན་གྱིས་དགོངས་པ་ཞུས་པ་དང་། དབྱིན་ཇུའི་སྲིད་བློན་གྱི་ཡོང་འབབ་དང་དཔྱ་ཁྲལ་ཕྱིར་བསྒྲགས། ཨུ་རུ་སུ་དང་ཨ་ཅིན་ཊེ་ནའི་སྲིད་འཛིན་གཉིས་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་པ་སོགས་གང་ལྟར་རྒྱལ་ཁབ་ལྔ་བཅུ་ལྷག་ན་མུ་མཐུད་ནས་ཟིང་ཆ་ཡོད་མུས་སུ་ཡིན་མོད། རྒྱ་ནག་གི་གཞུང་དམངས་གཉིས་ཀ་དང་གསར་འགྱུར་སྨྱན་བྱད་ཀྱི་སྡེ་བཅས་པ་བློ་ཡུལ་ལས་མ་འདས་པར་ཁྱད་མཚར་པོའི་ལྷིང་འཇགས་རེད། 
ཐེངས་འདིའི་སྔོན་སྲོལ་དང་བྲལ་བའི་འཛམ་གླིང་ཧྲིལ་བོའི་གསར་འགྱུར་གྱི་དཔུང་སྡེ་མཉམ་ལས་བྱས་པའི་དོན་རྐྱེན་དེས་སྨྱན་བྱད་ཀྱིས་གཞི་རྒྱ་ཆེན་པོས་གསང་བའི་མཐུལ་རྟོལ་བའི་དུས་རབས་ཤིག་གི་སྒོ་འབྱེད་ཡོད་ལ།  དྲྭ་ཇག་དང་། ལས་འགུལ་མི་སྣ།  གསང་བའི་གནས་ཚུལ་ཡོང་ཁུངས་སོགས་གསར་འགྱུར་སྡེ་ཁག་གི་མཉམ་ལས་མཐུན་གྲོགས་སུ་གྱུར་ནས། ལག་གདངས་དཔུང་སྦྲེལ་གྱིས་སྤྱིར་བཏང་སྲིད་གཞུང་དང་། མི་སྣ་གྲགས་ཅན། ཁེ་ལས་བཅས་ཀྱི  “གསང་བ་དབྲེ་པོ”  ཡི་མཐུལ་རྟོལ་རྒྱུ། ཡང་སྒོས་ཆབ་སྲིད་སྒྲིག་གཞི་སྒེར་གཅོད་ཅན་དང་སྨྱན་བྱད་ཁོར་ཡུག་ཅན་གྱི་རྒྱ་ནག་ལྟ་བུའི་རྒྱལ་ཁབ་རིགས་དམིགས་འབེན་དུ་གྱུར་སླ་བོར་གྱུར་ཡོད།

       སྤྱིར་བཏང “པཱ་ན་མཱ་ཡིག་ཆའི” དོན་རྐྱེན་དེས་རྒྱ་ནག་གི་སྤྱི་ཚོགས་ཀྱི་སྤྱི་ཁོག་ལ་གནོད་འཚེ་དང་ཤུགས་རྐྱེན་ཆེར་མེད་པ་རྒྱ་ནག་མང་ཚོགས་ཀྱིས་སྔ་ས་ནས་ཤེས་པ་དང་། ནམ་རྒྱུན་སྤྱི་ཚོགས་ཧྲིལ་བོས་ཇ་ཁ་ཆང་ཁ་ན་གླེང་གིན་པ་ལས་བསམ་ཡུལ་ལས་འདས་པ་ཞིག་ཡོད་མི་སྲིད། ཡིན་ན་ཡང་། རྒྱ་ནག་གི་མཐོ་རིམ་སྤྱི་ཚོགས་ཀྱི་ཆབ་སྲིད་འཐབ་རྩོད་དང་ནང་སྒོས་སུ་ཞི་ཅིན་ཕེང་གི “སྟག་དང་སྦྲང་མ་མཉམ་གསོད”  ཅེས་པའི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེར་རྡབ་རྡེག་ཆེན་པོ་ཞིག་ ཐེབས་ཡོད།

         ཞེ་ཅིན་ཕེང་རྒྱ་ནག་གི་སྲིད་འཛིན་ཁྲི་སར་བཀོད་མ་ཐག ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་དར་ཆ་དགུང་དུ་འཕྱར་ནས་དོན་གྱིས་དབང་ཆའི་འཐབ་རྩོད་ལས་འགུལ་སྤེལ་བ་རེད།   གང་མཚམས་ཤིག་ནས་ཕྱི་རོལ་ཡུལ་གྱི་མི་རྣམས་པས་ཞི་ཅིན་ཕེང་གི་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་དོན་གྱིས་ཆབ་སྲིད་འཐབ་རྩོད་ཅིག་ཡིན་པ་མ་ཟད། འདེམས་སྒྲུག་རང་བཞིན་ཅན་གྱི་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཞིག་ཀྱང་ཡིན་པ་གཞི་ནས་རྟོགས་ཡོད། ཡིན་ན་ཡང་། དེ་དག་ཚང་མ་ཟེར་སྒྲོས་ཙམ་དུ་ལུས་ཡོད། རྒྱལ་སྤྱིའི་རྟོག་ཞིབ་གསར་འགོད་པའི་མཐུན་ཚོགས་ཀྱིས “པཱ་ན་མཱ་ཡིག་ཆ” འཇིག་རྟེན་ཉི་མའི་འོག་བཀྲམས་པའི་རྗེས་སུ། ཟེར་སྒྲོས་དེ་ལ་བདེན་དཔང་དངོས་སུ་རེག་ཡོད་པས། འབྱུང་འགྱུར་ཞི་ཅིན་ཕེང་དང་ཞི་ཅིན་ཕེང་གི་དགྲ་ཡ་གཉིས་ཀས་དེ་ཕར་ཕྱོགས་ཕམ་པར་རྒྱག་བྱེད་ཀྱི་ལག་ཆར་བཀོལ་སྤྱོད་གཏོང་ངེས་ཡིན།  རྒྱ་ནག་དང་ཞི་ཅིན་ཕེང་ལ་མཚོན་ན “པཱ་ན་མཱ་ཡིག་ཆ”  དེ་རལ་གྲི་སོ་གཉིས་མ་ཞིག་ཡིན་པས་བདག་གཞན་གཉིས་ཀར་ཉེན་ཁ་ཡོད།

         “པཱ་ན་མཱ་ཡིག་ཆས” འགྲོ་བའི་འཇིག་རྟེན་འདི་ལ་ཕུལ་བའི་བྱས་རྗེས་ནི། རྒྱལ་ཁབ་དང་ཡུལ་གྲུ་སོ་སོའི་གཞུང་གིས་ཁྲིམས་ལུགས་གསར་བ་གཏན་འབེབ་ཀྱིས་དངུལ་ནག་བཀྲུ་བསྒྱུར་དང་དཔྱ་ཁྲལ་གཟུར་བྱོལ་གྱི་འགྲོ་ས་འདུག་ཁོངས་རྩ་འགོག་བྱ་རྒྱུར་འབད་ནས་དེའི་རིགས་རྩ་མེད་དུ་གཏོང་རྒྱུ་དེ་རེད།
 ཤུགས་རྐྱེན་ནམ་བྱས་རྗེས་དེ་གོ་ལ་ཧྲིལ་བོར་ཁྱབ་ཡོད། “པཱ་ན་མཱ་ཡིག་ཆས” རྒྱལ་ཁབ་དང་སྲིད་གཞུང་གཅིག་ཁོ་ནར་ཤུགས་རྐྱེན་ཐེབས་སོང་ཞེ་ན། དེ་ནི་རྒྱ་ནག་དང་རྒྱ་ནག་དམར་པོའི་གཞུང་དེ་ཡིན། རྒྱ་ནག་གི་དཔོན་རབས་དང་པོ་མའོ་ཙེ་ཏུང་ནས་ལྔ་བ་ཞི་ཅིན་ཕེང་རིང་བསྒྲགས་པའི་འགྱུར་བ་མེད་པའི་ཁ་གཡང་གཅིག་ནི་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་དང་ལས་བྱེད་པ་རྣམས་ནི “མི་དམངས་ལ་ཞབས་འདེགས་ཞུ” མཁན་ཤར་སྟག་ཡིན་ཟེར་བ་དེ་ཡིན། ཡིན་ན་ཡང “པཱ་ན་མཱ་ཡིག་ཆ” ལས་གསལ་བ་ཞིག་ནི། རྒྱ་ནག་དཔོན་རིགས་ཚོའི་སེམས་སུ་རང་ཉིད་དང་རང་གི་གཉེན་ཉེ་བཅས་པར་དབང་ཆ་མཁོ་སྤྲོད་དང་། དབང་ཆའི་སྟབས་བདེར་བརྟེན་ནས་རྒྱུ་ནོར་ཧམ་ཟ་བྱེད་རྒྱུ་ལས་མི་དམངས་ལ་ཞབས་འདེགས་ཞུ་མཁན་གཅིག་ཀྱང་མེད་པའི་དངོས་ཡོད་གནས་སྟངས་དེ་འགྲོ་བ་དུང་ཕྱུར་བདུན་བཅུའི་མཐོང་ལམ་དུ་བཤམས་ཡོད།

            སྤྱི་ཟླ ༤ ཚེས ༦ ཉིན། རྒྱལ་སྤྱིའི་རྟོག་ཞིབ་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གི་ད་ལྟ་དང་འདས་ཟིན་པའི་དབུ་ཁྲིད་ཀྱི་ནང་མི “དཔྱ་ཁྲལ་གབ་ཚུགས ”དང་འབྲེལ་བ་ཆགས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། རྒྱ་ནག་དམར་གཞུང་གི་དབུ་ཁྲིད་དགུ་ཡི་ནང་མི “པཱ་ན་མཱ་ཡིག་ཆ” དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་རེད།  བྱེས་ངོགས་ཀྱི་ཁེ་གཉེར་ལས་ཁང་གི་ལས་འགུལ་དང་འབྲེལ་བ་ཆགས་པའི་རྒྱ་ནག་གི་དབུ་ཁྲིད་དགུ་ནི། ད་ལྟའི་ལས་ཐོག་ཡིན་པ། སྲིད་འཛིན་ཞི་ཅིན་ཕེང་དང་། དབུས་ཆབ་སྲིད་རྒྱུན་ལས་ཀྲང་ཀོ་ལི་དང་། དབུས་ཆབ་སྲིད་རྒྱུན་ལས་ལིའུ་ཡོན་ཧྲན། དབུ་ཁྲིད་ཟུར་པ། མའོ་ཙེ་ཏུང་དང་། ཧོའུ་ཡའོ་པང་། ལེ་ཕེང་། ཇཱ་ཆིན་ལེན། ཙིན་ཆིན་ཧོང་། པོའོ་ཞི་ལེ་བཅས་རེད།  དེ་བཞིན་དུ “པཱ་ན་མཱ་ཡིག་ཆ” དང་འབྲེལ་བ་ཆགས་མཁན་རྒྱ་རིགས ༣༣༠༠༠ ལྷག་ཡོད་པ་དང་། དེ་དག་ཚང་མ་མཐོ་རིམ་དཔོན་རིགས་དང་ཚོང་པ་ཡིན་པ་དང་། རྒྱ་ནག་དང་འབྲེལ་ཡོད་བྱེས་ངོགས་ཀྱི་ཁེ་ལས་ཁང ༤༠༠༠ ལྷག་ཡོད་པ་རེད།

             འཛམ་གླིང་ཧྲིལ་བོའི་གནད་ཆེན་མི་སྣ ༡༤༠  “པཱ་ན་མཱ་ཡིག་ཆ” དང་འབྲེལ་བ་ཆགས་ཡོད་པ་དང་། དེའི་ཁྲོད་དུ་དབུ་ཁྲིད་ཟུར་པ་དང་ད་ལྟའི་ལས་ཐོག་དབུ་ཁྲིད ༡༢ ཡོད་པ་རེད། “པཱ་ན་མཱ་ཡིག་ཆ” ཞེས་པ་དེར་ཡིག་ཆ ༡༡༥༠༠༠༠༠ ཡོད་པ་དང་། ཡིག་ཆ་དེ་དག་གི་ནང་དོན་ལ་བྱེས་ངོགས་ཁེ་གཉེར་ལས་ཁང ༢༡༤༠༠༠  ཡི་འདས་པའི་ལོ་ངོ ༤༠ རིང་གི་ཟིན་ཐོ་འདུས་ཡོད་པ་དང་། ཡིག་ཆ་དེ་དག་ཚང་མ་པཱ་ན་མཱ་རྒྱལ་ཁབ་གྱི་ཁྲིམས་ལུགས་ཞབས་ཞུ་ཁང་མོ་སཱ་ཁི ཧྥོན་སེ་ཁཱ (Mossack Fonseca) ནས་ཐོན་པ་རེད།
རྒྱལ་སྤྱིའི་རྟོག་ཞིབ་གསར་འགོད་པའི་མཐུན་ཚོགས་ཀྱི་གནས་ཚུལ་གཞིར་བཟུང་ན། མོ་སཱ་ཁི ཧྥོན་སེ་ཁཱ་ནི་འཛམ་གླིང་སྟེང་གི་བྱེས་ངོགས་ཁེ་གཉེར་ལས་ཁང་ཆེན་པོ་ལྔ་ཡི་ནང་གི་གཅིག་ཡིན། སྤྱི་ལོ ༡༩༨༩ ལོར་ཧོང་ཀོང་དུ་ཡན་ལག་ཁེ་གཉེར་ལས་ཁང་བཙུགས། ༢༠༠༠ ལོར་རྒྱ་ནག་ནང་དུ་ཡན་ལག་ཁང་ཐོག་མ་དེ་བཙུགས་ཤིང་། ད་ལྟ་རྒྱ་ནག་ན་ཡན་ལག་ཁེ་གཉེར་ལས་ཁང ༨ ཡོད་པ་དང་། དེ་དག་རྒྱ་ནག་གི་ཧྲིན་ཀྲིན་དང་། ཉིན་པོ། ཆིན་དོ། ཏཱ་ལེན། ཧྲང་ཧེ། ཧང་ཀྲུག ནན་ཅིང་། ཇས་ནན་བཅས་སུ་ཡོད་པ་རེད།

              འཛམ་གླིང་ཡོངས་སུ་དཔྱ་ཁྲལ་གབ་ཚུགས ༤༣ ཡོད་པ་དང་། ཆེ་ཤོས་དེ་སུད་ཝེ་སི་ཡིན། ཨ་རི་གཞུང་གིས་སུད་ཝེ་སི་ཡི “དཔྱ་ཁྲལ་གཟུར་བྱོལ་དག་ཞིང”  དེའི་སྒོ་མོ་ཕྱེ་རྒྱུའི་ཆེད་དུ་འདས་པའི་ལོ་ངོ ༣༠ ལྷག་གི་རིང་འབད་པ་བྱས་མཐར། སུད་ཝེ་སི་གཞུང་ཨུ་ཐུག་ནས ༡༩༨༧ ལོར་ཆབ་སྲིད་སྤྱི་བོའི་མི་སྣའི་གྲངས་མཛོད་གསར་འཛུགས་བྱས་པ་དང་། དེ་བཞིན ༩༨ ལོར་དངུལ་ནག་བཀྲུ་བསྒྱུར་ལ་ངོ་རྒོལ་ཁྲིམས་ལུགས་ཞེས་པ་ཞིག་གཏན་འབེབས་སོགས་ཐེ་བའི་བསྒྱུར་བཅོས་མང་པོ་བཏང་ཡོད་པ་རེད། ད་ལྟ་འཛམ་གླིང་ཡོངས་སུ་རྦད་དེ་གསང་བ་ཡིན་པའི་དཔྱ་ཁྲལ་གབ་ཚུགས་བཞི་ཡོད་པ་ དང་། པཱ་ན་མཱ་དེའི་ནང་གི་གཅིག་ཡིན། ཟླ་སྔོན་མར་པཱ་ན་མཱ་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་དང་ནག་ཚོང་། དེ་བཞིན་དངུལ་ནག་བཀྲུ་བསྒྱུར་སོགས་ལ་གཞིགས་ནས་བྱེས་ངོགས་ཁེ་གཉེར་ལས་ཁང་རིགས་ལ་བཅོས་བསྒྱུར་བྱ་རྒྱུ་ཡིན་ལུགས་ཁས་ལེན་བྱས་ཡོད་པ་རེད།  བསམ་ཡུལ་ལས་འདས་པ་ཞིག་ནི་ཟླ་གཅིག་གི་རྗེས་སུ་འཛམ་གླིང་ཧྲིལ་བོར་ཆབ་སྲིད་ཀྱི་ས་ཡོམས་བརྒྱུགས་པའི “པཱ་ན་མཱ་ཡིག་ཆའི་དོན་རྐྱེན” འདི་བྱུང་བ་རེད།

           འཛམ་གླིང་སྨྱན་བྱད་ཡོད་དོ་ཅོག་གི་བར་སྟོང་གང་པའི  “པཱ་ན་མཱ་ཡིག་ཆའི” དོན་རྐྱེན་ལ་གདོང་ལེན་བྱེད་སྟངས་ཐད་ནུབ་ཕྱོགས་ཡུལ་གྲུ་ཁག་དང་རྒྱ་ནག་གཉིས་ཐ་དད་པ་ཡིན་ལ་གཞི་རྩའི་ཁྱད་པར་ཡང་ཆེན་པོ་རེད།

            ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དོ་སྣང་བྱེད་ཡུལ་ནི་དཔྱ་ཁྲལ་གཟུར་བྱོལ་གྱི་གནད་དོན་དེ་ཡིན་ལ།  རྒྱ་ནག་གི་དབུ་ཁྲིད་དང་གཞུང་གི་དོ་སྣང་བྱེད་ཡུལ་ནི་མཐོ་རིམ་ཆབ་སྲིད་མི་སྣས་བྱེས་ངོགས་ཁེ་གཉེར་ལས་ཁང་དག་ཏུ་རྒྱུ་ནོར་སྤོ་སྒྱུར་དང་སྦས་སྐུང་བྱས་པའི་གནད་དོན་དེ་རེད།

           རྩ་བའི་ཆ་ནས་བཤད་ན། བྱེས་ངོགས་ཁེ་གཉེར་ལས་ཁང་བཙུགས་པ་ཙམ་ནི་ཁྲིམས་འགལ་མ་རེད། དྲི་བ་ནི་ཁྱོད་ཀྱིས་ཅིའི་ཕྱིར་དེ་ལྟ་བུའི་ཁྲིམས་མཐུན་གྱི་ལས་ཤིག་སྤེལ་བ་དེ་མ་ཡིན་པར། ཁྱོད་ཀྱིས་བྱེས་ངོགས་ཁེ་གཉེར་ལས་ཁང་དེ་འཛུགས་དོན་ཀྱི་དམིགས་ཡུལ་ཅི་ཡིན་ཞེས་པ་དེ་རེད། རྒྱལ་ཁབ་ཀུན་པོའི་ཕྱུག་བདག་ཚོས་བྱེས་ངོགས་ཁེ་གཉེར་ལས་ཁང་བཙུགས་ཆོག་གི་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་ལ་མཚོན་ན་མཐོ་རིམ་ཆབ་སྲིད་མི་སྣས་བྱེས་ངོགས་ཁེ་གཉེར་ལས་ཁང་དག་ཏུ་སྒོར་མོ་འབོར་ཆེན་སྤོ་སྒྱུར་དང་སྦས་སྐུང་བྱས་ཡོད་པས། གཤམ་གྱི་གནད་དོན་གཉིས་ལ་མནོ་བསམ་མི་གཏོང་རང་གཏོང་ཆག་ཡོད་།

           ༡༽རྒྱུ་ནོར་འབོར་ཆེན་པོ་དེའི་ཡོང་ཁུངས་གང་ཡིན། ལྐོག་ཟ་ལྐོག་ལེན་ལས་རག་པ་ཡིན་ནམ།

          ༢༽རང་ཉིད་མཐོ་རིམ་དབུ་ཁྲིད་གཙོ་གྲས་ཡིན་བཞིན་དུ་ཅིའི་ཕྱིར་དུ་ད་དུང་ཡང་རྒྱུ་ནོར་སྤོ་སྒྱུར་དང་སྦས་སྐུང་བྱས་པ་ཡིན་ནམ།

         “པཱ་ན་མཱ་ཡིག་ཆ” ལས་ཐོན་པའི་རྒྱ་ནག་གི་དཔོན་རིགས་དེ་ཚོའི་ཁྲོད། ཧོའུ་ཡའོ་པང་གི་བུ་ཧོའུ་ཏིག་ཧྭ་ཡིས་ཡོངས་ཁྱབ་ངང་གསལ་བཤད་གནང་ཡོད་ན་ཡང་། གཞན་པ་ཚོས་ཁ་མི་གྲགས་དགུན་ཁའི་ཁུ་བྱུག་གི་ངང་ཚུལ་བཟུང་ཡོད་པར་གཞིགས་ན། གོང་གི་དྲི་བ་དེ་གཉིས་ལ་ལན་འདེབས་མཁན་ཡོད་རྒྱུ་མ་རེད་སྙམ། ཡིན་སྲིད་པའི་དབང་དུ་སོང་ན། ཁོང་ཚོས་ཀྱང་ཧོའུ་ཏིག་ཧྭར་ལད་མོ་བྱས་ནས་རྒྱ་ནག་མི་དམངས་ལ་གསལ་བཤད་ཅིག་བྱེད་ དགོས་པ་མ་རེད་དམ།
 “པཱ་ན་མཱ་ཡིག་ཆ” ཡོངས་གྲགས་སུ་བཀྲམས་མཁན་རྒྱལ་སྤྱིའི་རྟོག་ཞིབ་གསར་འགོད་པའི་མཐུན་ཚོགས (ICIJ) ཞེས་པ་དེ་སྒྲིག་འཛུགས་ག་འདྲ་ཞིག་རེད་དམ་ཞེ་ན། རྒྱལ་སྤྱིའི་རྟོག་ཞིབ་གསར་འགོད་པའི་མཐུན་ཚོགས་ནི་ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་ན་ཡོད་པའི་རང་དབང་ཅན་གྱི་རྩ་འཛུགས་ཤིག་རེད། རྩ་འཛུགས་དེའི་མ་དངུལ་གྱི་ཡོང་ཁུངས་དེ་ཧྥོར་ཌི་ཐེབས་རྩ་ཚོགས་པ་དང་། སྒོ་འབྱེད་སྤྱི་ཚོགས་ཐེབས་རྩ་ཁང་སོགས་རང་དབང་ཅན་གྱི་རོགས་དངུལ་སྤྲོད་མཁན་དག་ཡིན་ཞིང་། ཨ་རི་ན་ཡོད་པ་ལས་གཞུང་དང་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད་པ་དང་། རྒྱལ་ཁབ ༦༥ ནས་ཡོང་བའི་གསར་འགོད་པ ༢༠༠ ལྷག་གིས་གྲུབ་པའི་རྒྱལ་སྤྱི་རང་བཞིན་ཅན་གྱི་རྟོག་ཞིབ་དམིགས་ཡུལ་དུ་བཟུང་པའི་གསར་འགོད་པའི་མཐུན་ཚོགས་ཤིག་རེད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading