Skip to content
རྩོམ་པ་པོ་ཐང་ཁད་ཅན། བསྒྱུར་མཁན་གཅན་མུ་ཏིག
ས་བཅད་གསུམ་པ། མི་ཉག་གིས་བཟུང་བའི་ཧི་ཞི་ (河西) ས་ཁུལ།
1036 ལོར་མི་ཉག་གིས་མཐར་ལིང་ཇུ་བཟུང་ཞིང་ 1038 ལོར་མི་ཉག་རྒྱལ་ཁབ་ཆེན་མོ་བཙུགས་ཏེ་ཀྲུང་གོའི་ནུབ་བྱང་གི་ས་ཁྱོན་རྒྱ་ཆེན་པོ་ཞིག་བཟུང་ལ་དེ་དག་ནི་ཉིན་ཞྭ་དང་། ཀན་སུའུ་རྨ་ནུབ་དོག་ལམ་གྱི་ནང་སོག་ནུབ་རྒྱུད་ཀྱི་ས་ཆ་རྣམས་རེད། མི་ཉག་སྲིད་འཛིན་ས་ཁུལ་ཉེར་གཉིས་ཀྱིས་གྲུབ་པ་མ་ཟད། ད་དུང་དམག་ཁག་བཅུ་གཉིས་བཙུགས་ཏེ། དམག་དོན་ལ་དོ་དམ་བྱེད་ཀྱིན་ཡོད། ལིང་ཇུ་ནི་རྒྱལ་ས་ཡུན་ཁྲོན་ཕུད་པའི་མི་ཉག་གི་མཁར་གྲོང་ཡིན་ལ་མི་ཉག་གི་གཞུང་མཁར་གཉིས་ཀྱི་ཡ་གྱལ་ཏེ། ཧྥུ་ཅིན་ (輔郡) ཞེས་འབོད།
མི་ཉག་ནི་ལྡོང་བྱང་བ་གཙོ་བྱས་ཏེ་གྲུབ་པའི་རྒྱལ་ཁབ་ཅིག་དང་བོད་རང་གི་སྐད་དུ་མི་ཉག་དང་རྒྱའི་ལོ་རྒྱུས་དེབ་ཐེར་དུ་མིས་ཡོར (弥药)། མི་རིགས་གཞན་གྱིས་ཐང་གའུ་ཐུག་ (唐古特)་ཞེས་འབོད། རྒྱའི་སའེ་ཐང་ (隋唐) རྒྱལ་རབས་ཀྱི་སྐབས་སུ་ལྡོང་བྱང་གི་མི་རྣམས་འ་ཞའི་ཡུལ་ཁམས་དང་ལྷོ་རིའི་རི་ལུང་སྟེ་དེང་གི་མཚོ་སྔོན་མགོ་ལོག་དང་ཟི་ཁྲོན་བྱང་རྒྱུད་ཀྱི་རྨ་ཆུའི་ཡུལ་དུ་ འཚོ་སྡོད་བྱེད། ཐང་ཡིག་གསར་བའི་ལྡོང་བྱང་གི་ལོ་རྒྱུས་སུ་ལྡོང་བྱང་ནི་ཧན་ནུབ་སྤྱང་ (汉西羌) གི་རིགས་གཞན་ཞིག་ཡིན་ལ་ཝེ་ཅིན་ (魏晋) རྒྱལ་རབས་ཀྱི་རྗེས་ལ་སྟོབས་ཤུགས་ཤིན་ཏུ་ཉམས་ཆུང་ཞིང་ཀྲིག་ (周) ཡིས་ཏང་ཁྲང་ཏུན་ (宥昌邓) བསྣུབས་རྗེས་ལྡོང་བྱང་གི་མངའ་ཐང་དར་བའི་མགོ་བཙུགས་ཤིང་དེ་རྣམས་ཀྱི་གནས་ཡུལ་ནི་ཀའུ་ཞིས་ཀྲི་ཡེ་ (古析支) ཡིན་ལ་ཤར་སུང་ཀྲིག་ (松州) དང་། ནུབ་ཡེ་ཧོ་(叶护)། ལྷོ་ཁྲུན་སང་(春桑) དང་མུ་སང་སོགས་སུ་སྤྱང་དང་བྱང་དུ་འ་ཞ་ལ་འབྲེལ། དེ་དག་རི་ལུང་ཐང་གསུམ་དུ་འཚོ་ཞིང་ལེ་དབར་སུམ་སྟོང་གི་ས་དབང་དུ་བསྡུས་ལ་རུས་ཁྱིམ་རྣམས་ཚོ་བ་དབྱེ་ཞིང་རུས་ཆེན་གཅིག་སླར་ཚོ་བ་ཆུང་ངུ་རུ་བགོས་ཏེ། ཚོ་ཆེན་རེར་མི་ཁྲི་ཙམ་དང་ཚོ་ཆུང་རེར་མི་ཆིག་སྟོང་སྟེ། ཕན་ཚུན་ལ་དབང་བསྒྱུར་མ་ནུས། དེ་ལ་གནའ་ནས་ཞིས་ཧྥུ་ཚང་ (细封) དང་། ཝང་ལུ་ཚང་(往利)། ཕོ་ཀྲའོ་ཚང་(颇超)། ཡེ་ཚི་ཚང་(野辞)། ཧྥང་ཏང་ཚང་(房当)། རྨི་ཆི་ཚང་(米禽)། ཐོ་པ་ཚང་(拓拔) སོགས་ཚོ་བ་མང་པོ་མཆིས་ཀྱང་ཐོ་པ་ཚོ་བ་ནི་ཆེས་སྟོབས་ཤུགས་ལྡན་པ་དེ་ཡིན་ཞེས་བཀོད་འདུག གོང་གསལ་གྱི་ལོ་རྒྱུས་ཟིན་ཐོའི་ཁྲོད་འུ་ཅག་གིས་ལྡོང་བྱང་གནས་སྡོད་བྱེད་པའི་ས་ཁམས་ཀྱི་གནས་ཡུལ་དང་། ཚོ་བ་སོགས་ཀྱི་གནས་བབ་རྟོགས་ཐུབ་ལ་ཞོར་དུ་ལྡོང་བྱང་ལ་ཧན་ནུབ་སྤྱང་གི་རིགས་རིགས་གཞན་ཞིག་ཟེར་བ་དེ་ཤེས་ཐུབ། སྤྱང་རིགས་གཞན་ཞིག་ཅེས་པ་དེ་སྤྱང་རིགས་དངོས་མིན་ལ་འོ་ན་སྤྱང་དང་ལྡོང་བྱང་ལ་ཁྱད་པར་ཅི་འདྲ་ཞིག་མཆིས་སམ། དེ་བཞིན་དུ་ལྡོང་བྱང་དང་ཐུ་བྷོད་གཉིས་རིགས་གཅིག་ཡིན་ནམ་ཐ་དད་ཡིན་ནམ་ཞེས་དྲིས་ཚེ། ང་ཚོས་སྔར་བཞིན་ལོ་རྒྱུས་ཡིག་ཚང་དུ་དྲི་བ་འདི་གཉིས་ཀྱི་ཁུངས་སྣེ་སྙེགས་བཞིན་དབྱེ་ཞིབ་བྱེད་དགོས། ལོ་རྒྱུས་ཁྲོད་ཀྱི་ནུབ་སྤྱང་དང་དེང་སང་གི་སྤྱང་རིགས་གཉིས་ནི་གཏན་ནས་མི་འདྲ་བའི་དོན་དག་ཅིག་སྟེ། སྔ་མ་ནི་ས་ཁོངས་ཀྱི་མཚན་ཉིད་དང་ཕྱི་མ་ནི་མི་རིགས་ཀྱི་མིང་རེད། ལོ་རྒྱུས་ཁྲོད་ནུབ་རྒྱུད་ཀྱི་ས་གནས་རང་མིའི་བོད་རིགས་རྣམས་ལ་ནུབ་སྤྱང་ཞེས་འབོད་ལ་ཁོ་ཚོར་གཏན་འཇགས་ཀྱི་གནས་མལ་བྲལ་ཞིང་དུས་བཞིར་རྩྭ་ཆུ་སྙེགས་བཞིན་འགྲོ་བས་འབྲུ་རིགས་སྣ་ལྔ་སོགས་འདེབས་འཛུགས་མི་བྱེད་པར་འབྲོག་པའི་འཚོ་བ་སྐྱེལ་གྱིན་གདའ། ལོ་རྒྱུས་སུ་ལྡོང་བྱང་མང་ཆེ་བར་ལྡོང་བྱང་སྤྱང་ (党项羌) ཞེས་སུ་འབོད་ལ་འདི་ཡང་ནུབ་སྤྱང་གི་རིགས་ཤིག་ཅེས་པ་དང་མི་འདྲ་བ་མཐོང་ཐུབ། ཧན་གྱི་ལོ་རྒྱུས་ (汉书) སུ་ནུབ་སྤྱང་ནུབ་ཕྱོགས་སུ་སྤར་བའི་གནས་ཚུལ་དེ་བཀོད་ཡོད་དེ་བདག་གིས་བསམ་ན་བརྗོད་དོན་འདིའི་ཆ་ཙམ་འགྲིག་འདུག་སྙམ་སྟེ། དེང་གི་ཐུ་བྷོད་ཀྱི་ལོ་རྒྱུས་འདི་མ་བྱུང་བའི་ཡར་སྔོན་དུའང་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་དེ་འཚོ་སྡོད་བྱས་ཡོད་ལ་འདི་ནི་བོད་ཁམས་སུ་གནའ་ཤུལ་སྔོག་འདོན་བྱས་པ་དེས་བདེན་དཔང་བྱེད་ཐུབ། ལོ་ངོ་བཞི་སྟོང་གི་ཡར་སྔོན་ལ་གནས་འདིར་མི་རིགས་འཚོ་སྡོད་བྱས་པ་མ་ཟད། ཞིང་ཕྱུགས་ལས་རིགས་ཀྱང་བྱུང་ཚར་འདུག ཆེས་གནའ་བོའི་ས་གནས་རང་མི་འདི་རྣམས་ནི་དོན་དམ་ཐོག་ཐུ་བྷོད་ཀྱི་མི་རབས་སྔ་མ་ཡིན་ལ་མཚོ་བོད་མཐོ་སྒང་གི་རང་བྱུང་གི་ས་བབས་འཕོ་འགྱུར་ཏེ། མཚོ་ངོས་ཀྱི་མཐོ་ཚད་གོང་དུ་འཕེལ་ཅིང་མཁའ་དབུགས་སོགས་ཇེ་གྲང་དུ་ཕྱིན་པའི་གྲང་རེག་རྒོད་པོའི་ཁོར་ཡུག་འདི་ནས་ས་གནས་རང་མི་རྣམས་ས་བབས་དམའ་ལ་མཁའ་དབུགས་དྲོ་བའི་ཤར་ཕྱོགས་སུ་གནས་སྤོར་བྱེད་པའི་མགོ་བཙུགས། དེ་ནས་ཆིན་ཧན་ (秦汉) རྒྱལ་རབས་ཀྱི་སྐབས་སུ་ཆིན་ (秦) གྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ་དེའི་མངའ་ཁོངས་ཀྱང་རྒྱ་བསྐྱེད་ཅིང་ཆིན་ (秦) གྱིས་མཐོང་ཆུང་དང་གཉའ་གནོན་གྱིས་སྤྱང་རིགས་ཁག་ཅིག་སླར་ཡང་ནུབ་ཕྱོགས་སུ་སྤོར་མགོ་ཚུགས། འོན་ཏེ་ལོ་རྒྱུས་སུ་གསལ་བོར་རྟོགས་དཀའ་བ་ནི་ནུབ་རྒྱུད་དུ་ལེ་དབར་སྟོང་ཕྲག་དུ་མ་བསྐྱོད་ཟེར་ཡང་། འོན་ཏེ་རྗེས་སུ་མངོན་པའི་ས་ཁོངས་ནི་ཟི་ཁྲོན་ཤར་བྱང་དང་ཀན་སུའུ་ལྷོ་ཁུལ་གྱི་རྨ་ཆུ་དང་ཙོང་ཆུ། འབྲུ་ཆུ། མིན་ཅན་(岷间)། ཡུག་ཧྥ་ཆང་(有发羌)། ཐང་མའོ་ (唐旄) སོགས་སུ་འཚོ་སྡོད་བྱས་ཏེ་ཀྲུང་གོ་དང་འབྲེལ་བ་མ་བྱུང་། དེང་རབས་བོད་རིགས་ལོ་རྒྱུས་ཀྱི་ས་ཁྲའི་སྟེང་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་ཞིབ་འཇུག་གཏན་འབེབ་བྱས་པའི་ཧྥ་ཆང་ (发羌) ཐང་མའོ་ (唐旄) ཡི་ས་ཁམས་གནས་ཡུལ་ལ་གཟིགས་ཚེ་ལོ་རྒྱུས་རིག་པའི་ཆེད་ལས་པ་འགས་དེའི་གནས་ཡུལ་ཚད་ལྡན་དེ་ནུབ་དང་ལྷོ་ལ་གོམ་སྟབས་ཆེན་པོས་བསྐྱོད་དེ་བོད་ཡུལ་དབུས་སུ་སླེབས་པ་ད་གཟོད་གསལ་པོར་མཐོང་ཐུབ་ལ་ད་དུང་ལ་ལས་དེང་གི་མཚོ་སྔོན་སྐྱེ་དགུ་མདོའི་བར་དུ་འདེད་པར་བྱེད། ཚན་རིག་གི་ཆ་ནས་ལྟོས་ཚེ་སྟབས་བདེ་ལ་གཟབ་ནན་མིན་པའི་ལོ་རྒྱུས་ཞིབ་འཇུག་གི་རྣམ་པ་འདིས་རྙོག་ཟིང་ཅན་གྱི་ལོ་རྒྱུས་ཀྱི་གནད་དོན་གསར་བ་བསྐྲུན་རྒྱུ་ཤིན་ཏུ་སླ་མོ་རེད།
ལྡོང་བྱང་དང་ཐུ་བྷོད་ཀྱི་འབྲེལ་བ་ཅུང་ཁ་གསལ་ལ་ལོ་རྒྱུས་སུ་ཐུ་བྷོད་ཀྱིས་དེ་ལ་མི་ཉག་ཟེར་ཞིང་དེ་ལྟར་འབོད་པའི་རྒྱུ་མཚན་ནི་དེ་དག་ལས་བུ་མོ་མཛེས་མ་བྱུང་བའི་ཆ་ཡིན། ཐུ་བྷོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་མི་ཉག་གི་སྲས་མོ་རུ་ཡོངས་བཟའ་བཙུན་མོར་བཞེས་པས་བོད་དང་མི་ཉག་གི་འབྲེལ་བ་དམ་ཟབ་ཡིན་པ་དཔོག་ཐུབ། དེ་ལྟ་ནའང་བོད་རིགས་ལོ་རྒྱུས་མཁས་པ་རྣམས་ཀྱི་དེབ་ཐེར་དུ་མི་ཉག་དེ་ཐུ་བྷོད་ཀྱི་གྲས་སུ་བགྲང་མེད་པར་ཐུ་བྷོད་དང་རྒྱ་གར། ཡུལ་དབུས་ཀྲུང་ཡོན་སོགས་དང་མཉམ་གཅིག་ཏུ་བསྟར་པས་གཅིག་གྱུར་གྱི་སྲིད་དབང་མིན་པ་ཤེས་ཐུབ། འོན་ཏེ་བོད་ཀྱི་ལོ་རྒྱུས་མཁས་པ་རྣམས་ལྡོང་བྱང་དེ་གནའ་བོའི་བོད་ཀྱི་རུས་ཆེན་བཞིའི་ནང་གསེས་ཀྱི་ལྡོང་ཡིན་མིན་དེ་རྩོད་མེད་ཡིན་ལ་དེར་ལ་ལས་ལྡོང་བྱང་དང་། རེ་འགས་ལྡོང་ཤུལ་དང་ལྡོང་སྤྱང་ཞེས་སུ་འབྲི། མི་རེ་འགས་ལྡོང་བྱང་ནི་ལྡོང་དང་བྱང་ནི་རྗེས་འཇུག་གི་སྒྲ་ཡིན་པར་འདོད་ལ་དེ་ལ་ཨ་སྤོ་ལྡོང་ཟེར་སྲོལ་ཡང་ཡོད།
བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་བོད་ཡིག་གི་རླངས་ཚང་གི་ལོ་རྒྱུས་སུ་ཁྲི་རྗེ་ཐང་རྙེད་ཀྱི་སྲས་ནི་ཨ་ཕྱུག་མོ་སྲིད་ཁྲོ་ཏོ་ཆེན་པོ་དང་། ཁོས་ཉིང་བཟའ་ཞ་དམར་མ་ཁབ་ཏུ་བསུས་པས་གདུང་སྲས་གསུམ་བྱུང་ལ་ཆེ་བ་ནི་སྤོ་ཆེ་ལྡོང་དང་། འབྲིང་བ་སེ་ཆུང་སྦྲ། ཆུང་བ་ཨ་ཀྱ་ལྡོང་བཅས་ཡིན། སྤོ་ཆེ་ལྡོང་ནི་ལྡོང་གི་མི་རྒྱུད་ཀྱི་ཐོག་མ་སྟེ་ཁོང་གི་རྒྱུད་ཆེན་བཅོ་བརྒྱད་འཕེལ་བ་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་བྱུང་ལ་སྨུག་པོ་ལྡོང་ནི་ཤ་མདོག་སྨུག་ལ་བརྗིད་ཉམས་མངོན།
བོད་མིའི་གདུང་དྲུག་ཁྲོད་ཀྱི་ཨ་སྤོ་ལྡོང་གི་རྒྱུད་ཅེས་པ་ལས་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ནི་དབལ་ཤུལ་དང་། རིག་ཤུལ། ཕྱག་ཤུལ། ཧོར་ཤུལ། གཉན་ཤུལ། ཐལ་ཤུལ། ནག་ཤུལ། དམག་ཤུལ། ཡོན་ཤུལ། སྣ་ཤུལ། རོང་ཤུལ། ཀ་ཤུལ། རྒྱ་ཤུལ། རྒྱོ་ཤུལ། མཁར་ཤུལ། ཡག་ཤུལ། སྔོ་ཤུལ། དྲག་ཤུལ་བཅས་སོ།
ཚ་ཆེན་བཅོ་བརྒྱད་ནི་ཏོག་ཚ་དང་། རྨོག་ཚ། འགོ་ཚ། ཕྱག་ཚ། ཁྲོམ་ཚ། དམུ་ཚ། རྐང་ཚ། ཟམ་ཚ། འཚམ་ཚ། རག་ཚ། ཧུར་ཚ། སྟག་ཚ། གཟི་ཚ། རྦུ་ཚ། སྨུག་ཚ། གཡི་ཚ། མཚུར་ཚ། གཅན་ཚ། རྐྱང་ཚའམ་ཚང་ཚ་རྣམས་སོ།
ལྡོང་དེ་སླར་ཡང་དཀར་པོ་ལྡོང་དང་། ནག་པོ་ལྡོང་། ཁྲ་པོ་ལྡོང་། སྨུག་པོ་ལྡོང་བཅས་སུ་དབྱེ།
ཐོག་མར་ཐག་གཅོད་བྱ་ཐུབ་པ་ནི་ལྡོང་བྱང་དང་ཐུ་བྷོད་གཉིས་ལ་ཤ་ཁྲག་གི་འབྲེལ་བ་དམ་ཟབ་ཡོད་པ་དེ་རེད། སྲོང་བཙན་སྒམ་པོས་སྟོབས་འབྱོར་དར་བའི་ཐུ་བྷོད་ཀྱི་རྒྱལ་ཁབ་བཙུགས་རྗེས་ཐང་ཐའི་ཙུང (唐太宗)་ཀྲུན་ཀོན་ཁྲི་ལོ་བཅུ་གཉིས་པ་ (638) ལོར་ཏུང་ཉིས་ (东女) དང་ཧྥུ་གོ་(附国) སོགས་དབང་དུ་བསྡུས་པས་མི་རབས་ནས་རི་རབས་བར་མདོ་ཁམས་ཕྱོགས་སུ་བོད་མི་ལྡོང་བྱང་རྣམས་ངང་གིས་ཐུ་བྷོད་ནང་དུ་འཐིམས་ཤིང་གནས་བབ་འདི་ཁྲོད་དུ་ལྡོང་བྱང་གི་མི་རྒྱུད་ཁག་ཅིག་སྟེ། ཐོ་པ་ཁྲི་ཚུལ་ (拓拔赤辞) གྱིས་རང་གི་མངའ་ཞབས་རྣམས་ཁྲིད་དེ་ཤར་ཕྱོགས་སུ་བསྐྱོད་དེ་ཐང་ལ་མགོ་བཏགས་ཏེ་ལུས ་(李) ཞེས་པའི་རུས་བསྩལ། ཐང་རྒྱལ་རབས་ཀྱི་དུས་མཇུག་ལ་དེའི་གདུང་རྒྱུད་ཕྱི་མ་ཐོ་པ་སི་ཀོང་ (拓拔思恭) ཧྲ་ཀྲིག་ཏུ་བཞུགས་ཏེ་ཡུན (银)་དང་། ཤ(夏)། སེ(绥) ཡུག (宥)་ཅུན་(静) ཀྲིག་ལྔའི་ཡུལ་ལ་དབང་མཛད་དེ་མི་ཉག་ཚོ་བ་ཞེས་སུ་བཏགས། ཐང་ཞིས་ཙུང་(唐僖宗)་གི་སྐབས་སུ་སི་ཀོང་(思恭)་ལིན་ཤ (灵夏) མཐའ་སྲུང་སྤྱི་ཁྱབ་དཔོན་དུ་བསྐོས་ཤིང་གནས་འདི་ནི་ད་གཟོད་མི་ཉག་དར་རྒྱས་ཀྱི་མགོ་ཁུངས་བརྡོལ་ས་ཡིན། སྤྱིར་མི་ཉག་གི་དར་འཕེལ་དེ་གོ་རིམ་གཉིས་སུ་དབྱེ་ཆོག་ལ་རིམ་པ་དང་པོ་ནི་ཐང་གི་ཀྲུང་ཧི་ཁྲི་ལོ་དང་པོ་ནས་སུང་གི་ཡོང་ཞིས་ཁྲི་ལོ་དང་པོ་བར་ཡིན་ལ་དེ་དུས་རྒྱལ་པོ་དགུ་དང་མི་ལོ་དགུ་བཅུ་གོ་དགུ་ཕྱིན། གོ་རིམ་གཉིས་པ་ནི་ཡོས་ཞིས་ཁྲི་ལོ་གཉིས་པ་ནས་པའོ་ཆིན་ཁྲི་ལོ་གཉིས་པར་མི་ཉག་གི་རྒྱལ་ཁབ་བཙུགས་ཤིང་གོང་མ་ཁྲིར་བཀོད་པའི་བར་ཡིན་ལ་དེ་དུས་རྒྱལ་པོ་བཅུ་གཉིས་དང་ལོ་ངོ་བརྒྱ་དང་དགུ་བཅུ་དང་གོང་འོག་རིམ་པ་གཉིས་བསྡོམས་ཚེ་ལོ་ངོ་ཉིས་བརྒྱ་གྱ་གསུམ་འདས། མི་ཉག་སི་ཧུ་རྒྱལ་པོ་གོང་མར་བསྐོས་རྗེས་སུང་སྲིད་གཞུང་ལ་ཞུ་ཡིག་ནང་ཁོང་གི་མེས་པོ་འབྱུང་ཁུངས་སྙེགས་བཞིན་རང་ཉིད་ཀྱི་མེས་པོ་གོང་མའི་གདུང་རབས་ལས་ མཆེད་པར་བརྗོད་ཅིང་ཏུང་ཅིན་རྒྱལ་རབས་དུས་མཇུག་གི་འོས་ལངས་དེ་ཝེ་ཕྱི་མ་འཛུགས་པའི་རྨང་དང་པོ་ཡིན་ཟེར། ཐོ་པ་ཁྲི་ཚིས་ (拓拔赤辞) དང་འ་ཞའི་བར་གྱི་གཉེན་འབྲེལ་ལས་ལྡོང་བྱང་ཐོ་པ་ཚོ་བའི་མི་ཉག་བྱུང་ལ་དེས་ཁྲག་རྒྱུན་གྱི་སྟེང་ནས་འ་ཞ་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ཐུབ་མོད་ཀྱང་མི་ཉག་དེ་གོང་མའི་གདུང་རྒྱུད་ལས་མཆེད་ཅེས་པའི་གཏམ་གྱི་མཐར་ཐུག་གི་དམིགས་ཡུལ་ནི་མི་ཉག་སི་ཧུ་རྒྱལ་པོས་གོང་མའི་གདུང་རྒྱུད་དུ་བསྙད་དེ་རང་ཉིད་ཀྱི་སྐྱེས་ཁུངས་མཐོ་རུ་འདེགས་རྒྱུ་དེ་ཡིན་ལ་ཁོང་ནི་དངོས་ནས་ལྡོང་བྱང་བ་ཤ་གཙང་རུས་གཙང་ཞིག་རེད། ང་ཚོས་ལོ་རྒྱུས་དེབ་ཐེར་ལ་གཟིགས་ཚེ་ཐང་སུང་སྐབས་སུ་མི་ཉག་ལ་སྤྱང་ཟེར་ཞིང་དེའི་སྐད་དང་ཡི་གེ་ལ་བོད་ཡིག་དང་བོད་སྐད་དང་། དཔེ་ཆར་བོད་དཔེ་ཟེར་ཏེ། སྐབས་ལ་རེར་མི་ཉག་ལ་བོད་ཅེས་འབོད། དེ་བཞིན་དུ་སོག་པོས་མི་ཉག་ལ་ཐང་བོད་ཐུག་ (唐兀特) ཟེར་ཞིང་ (兀) ལ་དེང་སང་གི་ཨ་མདོའི་སྐད་དུ་བོད་ཞེས་ཀློག་ (特) ནི་རྗེས་འཇུག་གི་སྒྲ་ཡིན། དེ་ཉིད་དབུས་གཙང་སྐད་ཀྱི་བོད་དང་ཨ་ན་མ་ན་རེད། ཆིན་རྒྱལ་རབས་བར་དུ་བོད་མི་རིགས་ལ་ད་དུང་ཐང་བོད་ཐུ་ (唐兀特) འམ་ཐུ་བྷོད་ཐུ་ (土伯特) ལྟར་འབོད། སྤྱི་ལོ་1038 ལོར་མི་ཉག་སི་ཧུ་རྒྱལ་པོས་རང་ཉིད་གོང་མར་བསྐོས་ཤིང་རྒྱལ་ཁབ་ཀྱི་མིང་ལ་མི་ཉག་གྷ་དང་། སྟོད་ཀྱི་རྒྱལ་ཁབ་དཀར་པོའམ་གངས་སྟོད་མི་ཉག་ཆེན་མོ། སྟོད་མི་ཉག་སོགས་ཀྱང་ཟེར། དབྱིན་ཇིའི་བོད་རིག་པའི་ཆེད་མཁས་པ་རྨེའུ་བསམ་གཏན་རྒྱ་མཚོས་ཁོང་གི་བརྩམས་ཆོས་མི་ཉག་བོད་རིགས་ཁྲོད་ཀྱི་བོད་ལུགས་ཀྱི་ཤིང་རྐོས་རི་མོ་ཞེས་པ་ལས་མི་ཉག་ནི་བོད་སོག་གི་མི་རིགས་ཁག་ཅིག་འདུས་པས་གྲུབ་ཅིང་ཁོ་ཚོས་སྨྲ་བའི་སྐད་ཆ་ནི་དཔྱད་པ་ལྟར་ན་བོད་དང་འབར་མའི་སྐད་རིགས་ཀྱི་ཁོངས་གཏོགས་རེད་ཟེར། གོང་གསལ་སྐད་ཆ་འདིར་ཕྱོགས་རིས་རང་བཞིན་ངེས་ཅན་ལྡན་ཡང་བོད་དང་མི་ཉག་གཉིས་ཕྱོགས་གཅིག་ཏུ་བཞག་པ་ནི་ཁུངས་བཙུན་པའི་གཏམ་དུ་ངེས། བོད་མི་རིགས་ཀྱི་གདོད་མའི་རུས་ཆེན་བཞི་ནི་ཡེ་སང་དཀར་པོ་དང་། ཡེ་སང་ནག་པོ། མོན་རྫུ་ནག་པོ། སྤྱང་དྲུག་ནག་པོའམ་ཡང་ན་སྒ་དང་། འབྲུ།དབྲ། ལྡོང་བཅས་བཞི་ཡིན་ལ་ལྡོང་བྱང་ནི་རུས་ཆེན་བཞིའི་ཁྲོད་ཀྱི་ལྡོང་དང་དེ་ལ་ལྡོང་ལག་བཅོ་བརྒྱད་བྱུང་སྟེ་རྒྱ་བོད་ས་མཚམས་སུ་གནས། མེས་པོའི་འབྱུང་ཁུངས་འཆད་སྟངས་ཀྱི་ཐད་ནས་ཀྱང་བོད་དང་མི་ཉག་གཉིས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་གི་སྲིན་མོའི་གདུང་ལས་མཆེད་པའི་ལྟ་ཚུལ་གཅིག་མཐུན་ངང་འཛིན་པས་རྒྱ་བོད་ལོ་རྒྱུས་ཡིག་ཚང་དུའང་ཐུ་བྷོད་ཀྱི་མི་ཁྲི་ཏོ་ཆེན་པོར་སྲས་དྲུག་བྱུང་བ་དང་དེ་དག་ནི་བྲ་དང་། དབྲུ། ལྡོང་། སྒ། དབའ། ཟླ་བཅས་དང་། ཁོས་ཚོས་རྨ་མཁར་ཤུལ་ཞེས་པར་ས་ཞིང་འདེབས་འཛུགས་བྱ་དུས་བུ་ཆེ་བ་ལྡོང་གྱི་རྒྱུད་རྣམས་ཁག་དྲུག་ཏུ་གྱེས་ལ་སྟོད་དུ་པ་ཚོ་ཚང་དང་གྲ་ཡེ་ཚང་། བར་དུ་རོ་རྩིག་ཚང་དང་རག་ཤུལ་ཚང་། སྨད་དུ་མི་ཉག་ཚང་དང་སྐྱིད་བསྟན་ཚང་བཅས་ཡོད། འདི་དག་ལ་གཞིགས་ཚེ་མི་ཉག་ཐུ་བྷོད་ཀྱི་བྱེ་བྲག་ཅིག་རེད་ལ་རང་ཡུལ་དང་བྲལ་ཏེ་སྨད་ཕྱོགས་སུ་བསྐྱོད་པའི་མི་ཉག་གི་ཤོག་ཁག་འདིའི་སྐད་ཡིག་ལ་འགྱུར་བ་ཕྱིན་དེ་རྒྱ་དང་། གྲུ་གུ། འ་ཞ་སོགས་མི་རིགས་རྣམས་ཀྱི་སྐད་ཡིག་རང་སྐད་ནང་དུ་བསྡུ་ལེན་བྱས་པས་སྐད་ཡིག་ལའང་འགྱུར་བ་ཕྲན་བུ་ཕྱིན། དེ་བཞིན་དུ་རྒྱ་ཡིག་འབྲི་དུས་འབྲི་ཐབས་བྲལ་བས་གནའ་བོའི་བོད་སྐད་ཀྱི་ཉམས་ཀྱིས་བརྟས་པའི་ཡིག་སྐད་དེས་དེང་གི་སྐད་ལ་གཟིགས་ཚེ་སུམ་ཆའི་གཅིག་མ་གཏོགས་དེ་མིན་སྐད་རིགས་གཞན་དང་གཉིས་སུ་མེད། དོན་དངོས་སུ་འདི་ནི་དཔེ་ཙམ་སྟེ་བོད་སྐད་ཀྱི་རྩ་བ་དང་ཕྱི་མོ་དེ་དམིགས་བཀར་གྱི་སྤྱི་ཚོགས་འདྲ་མིན་ཁྲོད་འགྱུར་ཞིང་སྔར་ཡོད་ཀྱི་ཚིག་དང་སྒྲ་རྣམས་བོར་བ་རེད། དེང་དུས་ཀྱི་བོད་རིགས་ཏེ་མགོ་ལོག་དང་། ཀན་ལྷོ། དཔའ་རིས་ཡུལ་གྱི་མི་མང་ཆེ་བ་ལྡོང་གི་མི་རྒྱུད་ཡིན་ལ་བོད་ཀྱི་གནའ་བོའི་རུས་ཆེན་ཁྲོད་དཔའ་རིས་ས་ཁུལ་དུ་པྲ་དང་། འབྲུ།ལྡོང་། སྟོང་སོགས་ཀྱི་རྒྱུད་ཡོད་པར་འཆད་ལ་ལྡོང་གི་རྒྱུད་ལས་མཆེད་པ་རྣམས་ཀྱི་མཆེད་ཁུངས་ནི་ཟི་ཁྲོན་བྱང་རྒྱུད་དང་མགོ་ལོག་ཡིན་ལ་འདི་ནི་ངག་རྒྱུན་དང་ལོ་རྒྱུས་ཁྲོད་ཀྱི་ཡིག་ཆར་ཐོད་གཏུགས་ཐུབ།
རྒྱའི་ (续资质通鉴长编) ཅེས་པའི་ལོ་རྒྱུས་སུ་ལྡོང་བྱང་དང། ཐུ་བྷོད་ཀྱི་ཡུལ་སྲོལ་གོམས་གཤིས་ལུགས་ཧ་ལམ་འདྲ་སྟེ་དེའི་ཚོ་བ་རྒོད་དང་གཡུང་དུ་དབྱེ་ཞིང་རྒྱའི་ས་མཚམས་དང་འབྲེལ། དེ་དག་གིས་གྲོང་མཁར་དུ་འདུག་མཁན་ལ་གཡུང་ཁྱིམ་དང་རི་བོའི་སུལ་སོགས་སུ་གནས་བཅོས་ཏེ་འཕྲོག་བཅོམ་བྱེད་མཁན་ལ་རྒོད་ཁྱིམ་ཟེར། དེ་དག་གི་སྲོལ་དུ་ཤ་འཁོན་ཅན་ལ་འབྲེལ་འོང་མི་བྱེད་ཅིང་གལ་ཏེ་ཕན་ཚུན་ཐུག་ཚེ་འཁྲུག་རྩོད་བྱེད་མོད་རྐུན་འཕྲོག་སོགས་བྱེད་དུས་ཕན་ཚུན་དཔུང་གཅིག་ཏུ་སྦྲེལ་ལ་དེ་རྣམས་མདའ་རྩལ་ལ་ཤིན་ཏུ་བྱང་། མི་རེ་རེར་སྒ་སྲབ་དང་གོ་ཆ་སོགས་འཛོམས་ཀྱང་སྤྱི་ལ་དབང་བྱེད་པའི་དཔོན་མེད་པར་རི་ལུང་དང་ཆུ་ཆེན་གྱི་གནས་སུ་འཚོ་བཞིན་རྒྱུན་གྱི་གནས་མལ་དེ་དཀའ་ངལ་ཞིག་ཏུ་རྩིས་ཀྱིན་མེད་ཟེར། ད་དུང་མུ་མཐུད་དེ་ཡར་དེད་ན་ཐང་ཡིག་གསར་བའི་ལྡོང་བྱང་གི་ལོ་རྒྱུས་ལས་ཀྱང་གདོད་མ་ནས་དྲག་པའི་རྩལ་ལ་བྱང་ཞིང་ཁྲིམས་དང་དམག་ཁྲལ་སོགས་མེད་པས་མི་རྣམས་ཚེ་ཐག་རིང་ཞིང་འཕྲོག་བཅོམ་གཏུབ་གསུམ་ལ་མཁས། འདི་རྣམས་ཀྱིས་ཤ་འཁོན་ངེས་པར་རྩོད་ཅིང་མི་ཞིག་གིས་ཤ་འཁོན་རྩོད་མ་ཐུབ་ཚེ་མགོ་སྐྲ་སིལ་ཞིང་གདོང་ལ་ཐལ་བྱུག རྐན་རྗེན་དུ་བགྲོད་ཅིང་རྩྭ་ཟ་བཞིན་རང་སྲོག་རང་གིས་བཀུམས། སྐྱེས་ཕོ་མོ་རྣམས་ཀྱིས་མཉེད་ཟིན་པའི་ཀོ་ལྤགས་ཀྱི་གོས་གྱོན་ཞིང་ནོར་གནག་དང་། རྟ། བུང་བུ། ལུག་བཅས་ཀྱི་ཤ་ཟ་ཞིང་ས་ཞིང་རྨོ་འདེབས་ཀྱི་ལས་མི་བྱེད། ས་འཁྱགས་པས་དབྱར་ཟླ་ལྔ་བར་རྩྭ་རྩི་ཤིང་རྒྱས་ལ་སྟོན་ཟླ་བརྒྱད་པར་སད་འབབ། ཡི་གེ་མེད་པས་རྩི་ཤིང་གིས་ལོ་ཟླ་ངོས་འཛིན་ཅིང་ལོ་གསུམ་རེའི་ནང་ཐེངས་རེ་འདུ་སྟེ་སྒོ་ཕྱུགས་བསད་དེ་དམར་མཆོད་བྱེད། ཡུལ་གཞན་གྱི་གྲོ་ནས་སྤྱད་དེ་ཆང་བསྙལ་ཞིང་རུས་གཅིག་པ་དང་གཉེན་མི་འཛིན། རྒས་ཏེ་ཤི་ཚེ་བུ་རབས་ཚ་རྒྱུད་རྣམས་མྱ་ངན་མི་བྱེད་ཅིང་གཞོན་པ་འཆི་ན་བར་ཆད་དུ་བརྩིས་ནས་མྱ་ངན་བྱེད་ཅེས་བརྗོད་པའི་གོང་གསལ་རྒྱལ་རབས་གཉིས་ཀྱི་སྐབས་སུ་བཀོད་པའི་ཡུལ་གོམས་གཤིས་ལུགས་དེ་དུས་རབས་འདིའི་དུས་མཇུག་དང་དུས་མགོའི་ཀན་སུའུ་བོད་ཁུལ་དང་ཧ་ལམ་གཉིས་སུ་མེད།
མི་ཉག་གིས་དཔའ་རིས་ཀྱི་ཡུལ་ཁམས་མང་ཆེ་བ་བཟུང་རྗེས་མི་ཉག་སྲིད་དབང་གི་ཁྲིམས་སྲོལ་ལྟར་དམག་དོན་ལས་ཁུངས་བཙུགས་ཏེ་དབང་བསྒྱུར་བྱས། རོང་དྲུག་ཚོ་བ་ཕམ་ཉེས་བྱུང་རྗེས་རྒྱལ་སྲས་ལ་མགོ་བསྒུར་ནའང་མི་ཉག་རང་གི་ས་ཁུལ་དུ་སྔར་བཞིན་བོད་མི་མང་པོ་འཚོ་སྡོད་བྱས་ཡོད་ལ་རོང་དྲུག་གི་བོད་མི་ཡོད་དོ་ཅོག་རྒྱལ་སྲས་ལ་འཁོར་མེད་པས་རོང་དྲུག་གི་བོད་མི་ཁག་ཅིག་སྔར་ལྟར་རང་གི་ཕ་ས་ཕ་ཡུལ་ན་གནས་ཡོད་པ་གདོན་མ་ཟ། ཅིན(金国) དང་། མི་ཉག ཐུ་བྷོད། སུང་བཅས་ཀྱི་ལོ་ངོ་བརྒྱ་ལྷག་གི་གཡུལ་འགྱེད་ཁྲོད་ལིང་ཇུ་ཧྲིལ་པོ་གཞན་ལག་ཏུ་ཤོར་མོད་ཐུ་བྷོད་དང་ཐུ་བྷོད་ཚོ་བ་ཕྱིར་རང་ཡུལ་དུ་ལོག་སྲིད་པའི་གནས་བབ་དེ་ཟློག་ག་ལ་ཐུབ།
དུས་རབས་བཅུ་གཅིག་པར་མི་ཉག་དང་བོད་ས་མཐོའི་ཤར་རྒྱུད་ཀྱི་ཐུ་བྷོད་བར་གཡུལ་འཁྲུག་གི་མེ་ལྕེ་སྦར་ཅེས་གོང་གསལ་ནས་ངས་བརྗོད་ཟིན་ལ་ཤར་ཁུལ་གྱི་ཐུ་བྷོད་ཀྱིས་མི་ཉག་ལ་འདི་ལྟ་བུའི་ཞེ་འཁོན་འཛིན་པའི་ལྟ་ཚུལ་བཟུང་བ་དེ་ཕྱིས་སུ་རིམ་གྱིས་རང་སྲུང་དང་བར་གནས་ཀྱི་རྣམ་པར་བསྒྱུར་བ་མ་ཟད། སྐབས་ལ་རེར་ཐུ་བྷོད་དང་མི་ཉག་གཉིས་ཐ་ན་གྲོས་འཆམ་སྟེ་མཉམ་འབྲེལ་བྱེད་བཞིན་སུང་གི་རེ་བསྟུན་རེ་འགལ་ཅན་གྱི་ཐུ་བྷོད་ལ་བཟུང་བའི་ཕྱོགས་རིས་ཀྱི་སྲིད་ཇུས་ལ་ངོ་རྒོལ་ཡང་བྱེད་ཀྱིན་ཡོད། དུས་རབས་བཅུ་གཉིས་པར་ཐོན་དུས་ཤ་རུས་གདུང་རྒྱུད་གཅིག་ལ་མཆེད་ཅིང་རིག་གནས་གོམས་སྲོལ་དང་ཆོས་ལུགས་དད་མོས། ཐོན་སྐྱེད་ལམ་ལུགས་སོགས་གཅིག་གྱུར་ཡིན་པས་གཡུལ་མཚམས་བཞག་སྟེ། ཕན་ཚུན་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ལ་དེ་བཞིན་དུ་མི་ཉག་རྒྱལ་ཁབ་ཀྱི་གཞུང་དང་རྫོང་། ཁུལ་རིམ་པའི་སྲིད་འཛིན་ལས་རིགས་ཁྲོད་ཐུ་བྷོད་ཀྱི་མི་རྣམས་འཛུལ་ཞུགས་བྱས་ཡོད་ལ་དམག་དཔུང་གི་ནང་དུའང་ཐུ་བྷོད་ཀྱི་མི་ཞུགས་ཡོད། ལྷག་པར་དུ་ཆོས་ལུགས་ཀྱི་ཐད་ནས་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲྭ་བཙུན་མང་ཆེ་བས་རིམ་གྲོ་སྒྲུབ་པ་དང་། དགོན་གྲྭ་གསར་བཞེངས། ནང་བསྟན་ལོ་ཙྭ་སོགས་རླབས་ཆེན་བྱ་བཞག་མཛད་བཞིན་ནང་བསྟན་སྤེལ་གྱིན་ཡོད།
མཇུག་མཐར་ད་དུང་ལོ་རྒྱུས་སྟེང་ཐེག་གཅོད་མ་བྱས་པའི་གནད་དོན་ཞིག་གླེང་དགོས་ལ་དེ་ནི་ནུབ་བྱང་གི་མཚམས་སུ་རྔམ་བརྗིད་ཀྱིས་འགྲེངས་ཤིང་སྟོབས་འབྱོར་མངའ་ཐང་རབ་ཏུ་དར་བའི་མི་ཉག་གི་རྒྱལ་ཁབ་དང་དེའི་མི་རིགས་ཀྱི་དཔལ་ཡོན་རེད། དུས་རབས་བཅུ་གསུམ་པའི་ནང་དུ་ཇིང་གུར་རྒྱལ་པོའི་སོག་དམག་གི་དཔུང་རྟས་ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་པོ་གཉིས་ཐལ་བའི་རྡུལ་དུ་བརླགས་ཀྱང་མི་ཉག་གིས་དམག་ཤུགས་ཡོད་དགུ་བཏོན་ཏེ་སོག་དམག་གི་བཙན་འཛུལ་ལ་རྒོལ་ལན་དྲག་པོ་སྤྲོད་ཅི་ཐུབ་བྱས་ལ་མཐར་སོག་དམག་གི་སྟོབས་ཤུགས་མ་ལྕོགས་པས་སྤྱི་ལོ་ 1227 ལོར་མི་ཉག་གི་རྒྱལ་ཁམས་རྨང་ནས་འཇིག མི་ཉག་གི་གཙོ་ཤུགས་ནི་ལྡོང་བྱང་ཡིན་པའི་ཆ་ནས་དེ་རྣམས་ཀྱི་གདོད་མའི་འཚོ་ཡུལ་ནི་མི་ཉག་རབ་སྒང་གི་ས་ཆ་ཡིན་ལ་སོས་ཐང་ (隋唐) གི་དུས་སྐབས་སུ་ཀན་སུའུ་དང་ཉིན་ཤ་ཁུལ་ཏུ་སྤོས་ཤིང་སུང་གི་སྐབས་སུ་མི་ཉག་གི་སྲིད་དབང་བཙུགས། སོག་དམག་གི་དཔུང་རྟས་མི་ཉག་བརྫིས་རྗེས་མི་ཉག་གི་དམངས་དམག་ཁག་ཅིག་སོག་དམག་གི་གྲས་སུ་ཞུགས་ཏེ་ལྷོ་འདུལ་བྱང་འཐབ་ཀྱི་ལས་སུ་ཞུགས་ཤིང་ཁག་ཅིག་ནི་བྲན་ཏུ་བཀོལ་པས་མཐར་རྒྱ་སོག་མི་རིགས་སུ་འཐིམ་སྟེ། དེང་གི་ཅང་སའོ་ (江苏)་དང་། ཀྲའེ་ཅང་(浙江)། ཧི་པེ(河北)། ཧི་ནན་(河南)་སོགས་ཀྱི་ས་ཆར་ཁོང་རྣམས་ཀྱི་རྗེས་ཤུལ་བཀོད་ཡོད། དེ་ཡང་མི་ཉག་གི་མི་ཁག་ཅིག་ལྷོ་ཡི་འཇུ་ལག་ཆུ་བོ་ (大通河) བརྒལ་ཤིང་ཟུང་ཆུ་ (松潘) རྩྭ་ཐང་བརྒྱུད་དེ་རྒྱལ་རོང་ལྷོ་ངོས་སུ་འབྱོར་ཞིང་མཐར་རང་ཡུལ་མི་ཉག་ལ་བསླེབས། མི་ཉག་རྒྱལ་རྒོད་ཀྱི་ཚ་རྒྱུད་ཅིག་དེ་ནས་དབུས་གཙང་ཕྱོགས་ཀྱི་གཞི་རྩེ་ས་ཁུལ་གྱི་ངམ་རིང་རྫོང་དུ་འབྱོར་དེ་བསྡད། ད་དུང་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པའི་མི་ཉག་གི་ལིན་ཞ་ (临夏) ཏུང་ཞུང་ (东乡) ཁུལ་དང་མཚོ་སྔོན་རེབ་གོང་གི་པའོ་ཨན་ (保安) ཡུལ་ཏུ་སྤར་དེ་བསྡད། དེའི་རྒྱལ་བོའི་གདུང་རྒྱུད་ཁག་ཅིག་སྤྱི་ལོ་ 1227 ལོར་དབུས་གཙང་ཕྱོགས་སུ་བྲོས་བྱོལ་དུ་འབྱོར་ཏེ་གཙང་གི་བྱང་རྒྱུད་ཀྱི་རྣམ་གླིང་དུ་གཞིས་ཆགས།
ཉེ་བའི་ལོ་དུ་མར་མི་ཉག་གོང་མའི་གདུང་རྒྱུད་ཞིབ་འཇུག་ལ་ལམ་བུ་གསར་བ་ཞིག་བཏོད། མཚོ་སྔོན་གྲོ་ཙང་ཡུལ་ཀྱི་སྐུ་ཞབས་ལིས་ཕིས་ཡེ་ (李呸业) སྟེ་ཧྲན་ཞི་ནོར་སྲིད་སློབ་ཆེན་གྱི་དགེ་ཆེན་མོ་གཞོན་པ་ཡིས་རང་གི་ཡབ་ལིས་ཧོང་ཡུས་ (李鸿义) ཀྱིས་མེས་པོ་གོང་མར་ཞིབ་འཇུག་མཛད་པའི་རྩོམ་ཡིག་དང་ལིས་ཚང་ (李家) གི་རུས་མཛོད་ཡོད་དགུ་ལ་ཕྱོགས་གང་ཐད་ནས་ཞིབ་འཇུག་ནན་མོ་མཛད་རྗེས་མིན་རྒྱལ་རབས་ (明) དང་ཆིན་རྒྱལ་རབས་ (清) སྐབས་ཀྱི་མཚོ་སྔོན་ཤར་རྒྱུད་ཀྱི་ལིས་དཔོན་པོ་ (李土司) ནི་མི་ཉག་རྒྱལ་པོའི་གདུང་རྒྱུད་ཡིན་པ་དང་དེའི་མེས་པོ་གོང་མ་ནི་མི་ཉག་ལྡོང་བྱང་གི་མི་རེད། མི་ཉག་གི་དུས་སྐབས་སུ་མི་རབས་ནས་མི་རབས་ལིན་ཀྲིག་ (灵州) གི་རུས་ཡིན་ཟེར་ལ་འདིས་མཚོ་སྔོན་དུ་སྔར་བཞིན་མི་ཉག་གོང་མའི་གདུང་རྒྱུད་ཡོད་པ་གསལ་བཤད་བགྱིས་ཡོད། ལིས་ཚང་(李家) གི་རུས་མཛོད་ལྟར་ན་མཚོ་སྔོན་གྱི་ལིས་དཔོན་པོའི་ (李土司) མེས་པོ་ནི་མི་ཉག་གོང་མའི་གདུང་རྒྱུད་འཁྲུལ་མེད་ཡིན་ཡང་གནད་དོན་གཉིས་ངེས་པར་དུ་ཐག་གཅོད་བྱ་དགོས་ལ་གཅིག་ནི་ལིས་ཚང་ནི་མི་ཉག་ལྡོང་བྱང་གི་ཐོ་པ་ལས་འ་ཞའི་ཐོ་པ་མིན་ཞིང་དེ་བཞིན་དུ་མི་ཉག་ལྡོང་བྱང་གི་རིགས་ལས་འ་ཞའི་རིགས་མིན་ཏེ། མི་ཉག་གི་མེས་པོས་འ་ཞ་དང་གཉེན་བཟུང་ཡང་ཁྱིམ་ཐབ་ཅིག་ཁབ་ཏུ་བསུས་པ་ཙམ་གྱིས་མི་རིགས་ཀྱི་ཆགས་གྲུབ་དེ་བརྗེ་ག་ལ་ཐུབ། གཉིས་ནི་ཧྲ་ཐོ་ལིས་ཁུག་ཡོང (沙佗李克用) དང་ལྡོང་བྱང་གཉིས་ནི་མི་རིགས་ཐ་དད་པ་གཉིས་རེད། ཕྱིས་ཀྱི་ལྡོང་བྱང་གི་ལིས་ཚང་རྒྱར་འགྱུར་ཞིང་ཀྲུང་གོ་གསར་བ་དབུ་བརྙེས་བའི་བར་དེ་དག་མང་ཆེ་བ་རྒྱ་རིགས་སུ་གྱུར་ཟིན་པ་སྨོས་ག་ལ་དགོས།འོན་ཏེ་བོད་རིགས་དང་ཐུའུ་ (土) སོགས་ལོ་རྒྱུས་སྟེང་གི་འཕོ་འགྱུར་འདི་ལྟ་བུ་མཆིས་ཀྱང་དེ་དག་གི་མེས་པོ་ནི་མི་ཉག་ལྡོང་བྱང་ཡིན་པ་དོན་དངོས་རེད།
མུ་འགོད།
ཡོང་ཁུངས་དྲ་བ་གཞན།
Like this:
Like Loading...
མུ་མཐུད་དེ་སྒུག་ཡོད་ལགས