མེ་ཟླུམ་གྱི་སྙན་ངག་ཚན་པ་གཉིས།


མེ་ཏོག་འཐུ་བའི་བུ་མོ།

མེ་ཟླུམ།  ཁམས་རྟའུ།

ས་གཞི་སྔོ་ཁ་བཞད་པའི་དབྱར་གཞུང་གི་དུས་ལ།།
ཁུ་བྱུག་མགྲིན་གླུ་སྙན་མོ་སང་སང་དུ་སྒྲོག་དུས།།
ཡངས་བའི་རྩྭ་ཐང་སྟེང་གི་མེ་ཏོག་གི་འཛུམ་གྱིས།།
སེམས་ཀྱི་མེ་ཏོག་འཐུ་བའི་བུ་མོ་དེ་དྲན་སོང་།།

དགོད་སྒྲ་ལྷང་ལྷང་སྒྲོག་པའི་གཞོན་སྐྱེས་ཀྱི་ཕོ་མོས།།
འཇིག་རྟེན་བདེ་དྲོད་ཅིག་གི་འཚོ་བ་ལ་རེ་ནས།།
དཀའ་སྡུག་ལྭ་བ་ལྟ་བུ་རྒྱབ་ཏུ་རེ་གྱོན་ན།།
བདག་གིས་མེ་ཏོག་འཐུ་བའི་བུ་མོ་དེ་ལེ་དྲན།།

མདུན་གྱི་མུན་པ་སྐྱ་བོ་འགག་འཕྲང་གི་ཡུལ་ནས།།
འཇིགས་འཇིགས་དངངས་དངངས་མེད་པར་འཛུམ་མདངས་ཀྱིས་བསུ་ཞོར།།
ཟླ་བའི་འོད་དཀར་འོག་ནས་ཞབས་རྗེས་དེ་མཐོང་ན།།
བདག་གི་རྨི་ལམ་གསེར་གྱི་གཤོག་པ་ཅིག་ཐོགས་སོང་།།

གཟུགས་མེད་རྣམ་ཤེས་འཁྱམ་པོ་རླུང་བུ་བཞིན་ལྡང་དུས།།
ལུས་ཀྱི་ཤ་དང་རུས་པ་འཇག་མ་ཡི་རང་མདངས།།
ཤར་ནུབ་ཉི་མ་འཚེར་བའི་འོད་ཁྱིམ་དེ་མཐོང་ན།།
སྤང་ཁའི་མེ་ཏོག་འཐུ་བའི་བུ་མོ་དེ་དྲན་སོང་།།

དུས་ཀྱི་འཇའ་ཚོན་སྣ་ལྔ་མིག་གཉིས་ལ་མཛེས་ཤིང་།།
མཚན་གྱི་ཟླ་འོད་སྨུག་པོ་སྒྲོན་མེ་ཡི་ཚབ་ཡིན།།
ཁྱེད་རང་ང་ཡི་སྲོག་གི་སྐྱབས་གནས་དེ་ཡིན་པས།།
སེམས་ཀྱི་དཀྱིལ་ནས་ཁྱེད་རང་དྲན་པ་དེ་མང་སོང་།།

ཟླ་ཐོག་ལོ་ཡིས་བརྩེགས་པའི་དུས་ཚོད་ཀྱི་ཁྲོད་དུ།།
སེམས་ཀྱི་བདེ་དགའ་རོལ་བའི་དུས་ཚོད་དེ་ཉུང་ཉུང་།།
འཛུམ་དཀར་ཞལ་གྱིས་བསུ་ཞོར་རྩེད་མཚར་དེ་དགོས་ཀྱང་།།
བདག་གིས་བརྩེ་བའི་ཨ་ལོང་གཡུག་འདོད་དེ་མི་འདུག།


ཆར་བ་ཤག་ཤག་ཁྲོད་ཀྱི་དྲན་སྣང་།

ནམ་ཟླ་འདིས་སྨུག་གི་ལྭ་བ་མཐུག་པོ་ཞིག་གྱོན་ནས
རྡ་སའི་མི་བུ་དག་གི་འཛུམ་མདངས་བཀབ་འདུག
རོལ་དབྱངས་ལ་དགའ་བའི་ང་དང་ང་ལྟ་བུའི་མི་བུ་འགའ
ཁང་པའི་སྒོ་ལ་ཟྭ་ཆེན་རེ་བརྒྱབས་ནས་རེ་བའི་ཕ་རོལ་དེ་ལ
དྲན་གདུང་གི་རི་མོ་རེ་འབྲི་བཞིན
རྒྱང་རིང་གི་ལམ་ཕྲན་དག་ལ
རྨི་ལམ་གྱི་རྟ་ཕོ་བཞོན་ནས་བུད་སོང

ནག་ནོག་གི་གྲིབ་མ་ཙམ་ཡང་མེད་པའི་རྒྱང་རིང་གི་མྱི
ང་དེ་རིང་སྐྱོ་སྣང་གིས་བཟི་ཞིང
གཏམ་རྒྱུད་ཀྱི་གཤོག་ཟུང་མཐའ་དག་མག་མོག་ཏུ་གྱུར་ནས
ནམ་མཁའ་དང་ས་གཞི་ཡོད་ཚད་སྐྱོ་གདུང་གིས་གང་འདུག

ཆར་ཤུགས་དང་རླུང་འཚུབ་རྒོད་པའི་དོ་ནུབ
མཚན་གྱི་སྨག་རུམ་འདི་ངས་གོས་སུ་གྱོན་ནས
སྙིང་ཁ་རུ་ལྡིང་བཞིན་པའི་ན་ཟུག་ཡོད་ཚད
རང་གི་རང་ལ་གླུ་དབྱངས་ཀྱིས་ཚུལ་དུ་ལེན་ན་འདོད
བདེ་སྐྱིད་ཀྱི་ཚུལ་དུ་ཉར་ན་འདོད

སུས་ཀྱང་མི་མཐོང་བའི་གནས་འདི་ནས
ངའི་ལུས་ཕུང་ཆར་བས་བཀྲུས་ཤིང
ངའི་ངོ་དགོང་མིག་ཆུ་ཡིས་བརླན་སོང
ད་དུང་ངའི་ཡིད་དུ་འོང་བའི་རྨི་ལམ་མཐའ་དག་སྐྱོ་གར་གྱི་རྒས་གཉེར་དོད་སོང་།

༢༠༡༦ ། ༠༦ ། ༡༥

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s