གླིང་ཕྲན་ཆུང་ཆུང་། རྩོད་པ་ཆེ་ཆེ།

འབྲོག་མྱི།

         ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ན་ཡོད་པའི་སི་ཕི་ར་ཊི་ལི་གླིང་ཚོམ(Spratly Islands རྒྱའི་སྐད་དུ་ནན་ཧྲ་གླིང་ཚོམ་ཟེར)ནི། དོན་དངོས་སུ་མཚོ་འོག་བྲག་རྡོ་ཤིན་ཏུ་ཆུང་ཆུང་གི་ཚོམ་བུ་ཡིན་ལ། ལ་ལ་ཞིག་བྱེ་འབུར་ཡིན། འོན་ཀྱང་། དེ་གར་འཁྲུག་འཛིང་དང་གདོང་ཐུག་གི་ཉེ་ཁ་འཛམ་གླིང་ས་ཁུལ་གཞན་དག་གང་ལས་ཀྱང་ཚབས་ཆེ་བ་ཡོད། མཚོ་འོག་བྲག་རྡོ་དང་བྱེ་འབུར་དེ་དག་ཡོད་སའི་མཚོ་ཁུལ་དེ་ནི་འཛམ་གླིང་སྟེང་གི་ཚོང་དོན་གྲུ་ལམ་གལ་འགངས་ཆེ་ཤོས་དེ་ཡིན་པ་མ་ཟད། མཚོ་འོག་ན་རྡོ་སྣུམ་དང་རླངས་རྫས་ཀྱི་ཐོན་ཁུངས་བོངས་ཆེན་པོ་ཡོད་པར་ཡིད་ཆེས་བྱས་ཡོད། དེ་མིན་ལྷོ་རྒྱ་ནག་རྒྱ་མཚོ་དེ་ཉ་རིགས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན། 
འོན་ཀྱང་། འདི་ཐམས་ཅད་ཐེངས་འདིའི་ས་ཁོངས་དང་མཚོ་ཁོངས་བདག་དབང་རྩོད་གཞིའི་རྒྱུ་རྐྱེན་གཙོ་བོ་དེ་མིན། འཁྲུག་འཛིང་དང་གདོང་ཐུག་དེ་གཙོ་བོ་ཐོད་རྒལ་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་འགྲན་རྩོད་ཡིན་ཞིང་། དེ་ཡང་སུ་ནི་སྟོབས་ཆེན་ནུས་ལྡན་ཡིན། སུ་མགོན་སྐྱབས་ཡག་ཤོས་དེ་ཡིན། ད་དུང་སུ་ཡིས་གནོན་ཤུགས་མི་ཐེག་པར་ཕྱི་རུ་ནུར་བ་ལ་སོགས་པའི་འགྲན་རྩོད་ཡིན། རྒྱ་ནག་གིས་དབྱེན་དཀྲུག་གི་རྣམ་འགྱུར་བདམས་པ་མ་ཟད། རང་ཉིད་ག་ཚོད་ཅིག་ཏུ་འགྲོ་ཐུབ་པའང་ཚོད་བགམ་ཉམས་ཚོད་ལོན་ཡོད།

          རྟེན་གཞི་ཡོ་རོབ་རྒྱལ་ཁབ་ཧའོ་ལནྡིའི་ཌན ཧཱ་གྷི་གྲོང་ཁྱེར་བྱས་པའི་རྒྱལ་སྤྱི་ཁྲིམས་ཁང་གི་ཁྲུན་ཐག་དཔྱད་ཁྲ་དེས་རྒྱ་ནག་ལ་རྡུང་རྡེག་ཆེན་པོ་ཐེབས་ཡོད། ཤོག་གྲངས ༤༩༧ ཅན་གྱི་བར་སྡུམ་ཁྲུན་གཅོད་དེས། འདས་པའི་ལོ་མང་རིང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཕལ་མོ་ཆེར་བདག་དབང་ཡོད་མདོག་གི་མག་མོག་གི་བཤད་སྲོལ་དེ་གཙང་སེལ་བྱས་ནས། རྒྱ་ནག་གི་བཤད་སྲོལ་འབའ་ཞིག་སྟེ་ལྷོ་རྒྱ་ནག་རྒྱ་མཚོའི “མཚོ་ཐིག་དུམ་བུ་དགུ” ཟེར་བའི་བདག་དབང་རྒྱ་ནག་ལ་མེད་པ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཁྲུན་གཅོད་བྱས་ པ་རེད།

         འོན་ཀྱང་། བར་སྡུམ་ཁྲུན་གཅོད་ཚན་པར་རང་ཉིད་ཀྱི་ཁྲུན་ཐག་དཔྱད་ཁྲ་ལག་བསྟར་བྱ་རྒྱུའི་ཐབས་དང་ནུས་པ་མེད་ལ། དངོས་སུ་ལྟ་སྐུལ་བྱེད་ཐུབ་མཁན་དེ་ཨ་རི་ཡིན། དེའི་སྟབས་ཀྱིས། བར་སྡུམ་ཁྲུན་གཅོད་བྱས་པ་ཙམ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་འགལ་རྐྱེན་སེལ་ཐུབ་མེད་པ་དང་། རྩོད་གཞི་ཞི་འཇགས་སུའང་ཐོངས་མེད། གཅིག་བགྱིས་ན་ལྡོག་ཕྱོགས་སུ་འཕར་ནས་འགལ་ཟླ་ཇེ་ཆེར་འགྲོའང་སྲིད། ཡིན་ན་ཡང་། ད་ལྟ་རྒྱ་ནག་ལ་ཕྱི་རུ་ནུར་ས་ཡེ་ནས་མེད། 
གལ་སྲིད་རྒྱ་ནག་གཞུང་གིས་བདག་དབང་གི་དགོས་འདུན་བློས་བཏང་ཚེ། རང་གི་ལ་རྒྱ་ཤོར་བ་ཙམ་གྱིས་མི་ཚད་པར། རྒྱ་ནག་དེང་གཞུང་དེ་རང་རྒྱལ་གྱི་མི་དམངས་མདུན་ནས་རང་གིས་བསྐོས་པའི་རྒྱལ་ཁབ་ཆེན་པོའི་རྣམ་པ་ཡང་ཤོར་འགྲོ། ཐེངས་འདིའི་ཁྲུན་ཐག་དཔྱད་ཁྲ་ལས་རེག་པའི་གྱོང་གུན་དེ་རྒྱ་ནག་པས་ཡིན་གཅིག་མིན་གཉིས་ཁ་གསབ་རྒྱག་དགོས།

         ང་རྒྱལ་དང་བརྙས་བཅས། ངོ་ཚ་ཉོས་པའི་བློ་ཁ་དེ་ཧ་ཅང་དྲག་པོ་ཡིན་པས། རྒྱ་ནག་དེ་མུ་མཐུད་ནས་མདུན་དུ་བསྐྱོད་རྒྱུ་ལས་གཡས་གཡོན་ལ་འཛུར་སའི་ལམ་ཁ་གཉིས་པ་ཞིག་ཁྱོན་ན་མེད།

        ད་ལྟའི་སྐབས་འདིར། ཨ་མེ་རི་ཀས་ད་དུང་ཡང་ཐེ་ཇུས་མེད་པར་སྣང་མེད་པའི་བརྟུལ་ཞུགས་འཛིན་ངེས་ཡིན་མོད། འོན་ཀྱང་། གལ་ཏེ་རྒྱ་ནག་གིས་མུ་མཐུད་ནས་དབྱེན་དཀྲུག་བྱས་ཚེ། ཨ་རི་ལ་གདམ་ཀ་གཞན་མེད་པའི་ཚོར་བ་ཡོང་སྲིད་པས། དེ་དུས་ཨ་མེ་རི་ཀས་མཐུན་ཕྱོགས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་རྣམ་པས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་རྫིག་ཉམས་ཀྱིས་རྔམ་སྟོན་བྱེད་ངེས་ཡིན།

         རྒྱལ་སྤྱིའི་ཁྲིམས་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྒྱ་ནག་ལ་མེད་པའི་ཁྲུན་ཐག་དཔྱད་ཁྲ་དེ། ཨ་མེ་རི་ཀ་ལ་མཚོན་ན་རྒྱལ་ཁ་ཆེན་པོ་ཞིག་ཡིན། ཨ་རིའི་དཔོན་རིགས་ཤིག་གིས། ཁྲུན་ཐག་དཔྱད་ཁྲ་དེ་ནི་རྒྱ་ནག་གིས་དུས་རབས་བཅུ་དགུའི་ནང་འཆར་བཀོད་འཐེན་པའི་ནུས་ཤུགས་ཁྱབ་ཁོངས་ལ་བཏོན་པའི་དུས་རབས་ཉེར་གཅིག་པའི་ཁྲིམས་སྲོལ་རྨང་གཞིར་བཞག་པའི་ཁྲུན་གཅོད་ཅིག་ཡིན་ཞེས་གདེང་འཇོག་བྱས་ཡོད་པ་ཇི་བཞིན། རྒྱ་ནག་གིས་ངེས་པར་དུ་ཕྱོགས་གཅིག་ཁོ་ན་གདམ་དགོས་ལ། ཡང་མིན་ན་ཁྲིམས་སྲོལ་ལ་གོང་བཀུར་དང་རྒྱུན་འཁྱོངས་བྱས་ནས་འོས་འགན་ཁུར་དུ་ལེན་པའི་གོ་ལ་ཧྲིལ་བོའི་དབུ་ཁྲིད་ཅིག་གི་རྣམ་པ་འཛིན་དགོས་། དེ་མིན་ཚེ་ད་ལྟ་རྒྱ་ནག་རང་ཉིད་འགྲོ་བཞིན་པའི་ལམ་ལུགས་དེའི་རྒྱུན་སྐྱོང་དགོས། ཡིན་ན་ཡང་། འུག་ཐུག་ཁྱི་རྒན་གྱང་ཁར་མཆོང་བའི་དཔེ་ལྟར། རྒྱ་ནག་གིས་གླིང་ཕྲན་འཛུགས་སྐྲུན་དང་ཡང་ན་དམག་དོན་བྱ་འགུལ་སྤེལ་ནས་རང་ཉིད་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་སྲིད།
 རྒྱལ་སྤྱིའི་ཁྲིམས་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་ཁྲུན་ཐག་དཔྱད་ཁྲ་བཅད་པའི་རྗེས་ནས་བཟུང་། གནས་སྟངས་ལ་གནམ་ས་ལྟ་བུའི་འགྱུར་བ་ཐེབས་ཡོད་པ་རེད། སྔོན་ཆད་འབྲེལ་ཡོད་རྒྱལ་ཁབ་ཚང་མས་གྲོས་མོལ་གྱི་ཆེད་དུ་གྲོས་མོལ་བྱས་པ་རེད་ལ། རྒྱལ་ཁབ་སོ་སོས་རང་རང་གི་བསམ་འཆར་སོར་འཇོག་བྱས་ཆོག་པ་རེད། དུས་དེ་རིང་ལེའུ་དེ་རྫོགས་ཟིན་པ་དང་། ལེའུ་གསར་བ་དེའི་བརྗོད་བྱའི་ནང་དོན་ནི་ལག་ལེན་བསྟར་རྒྱུ་དེ་རེད།

         ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དང་། མཚོ་འོག་བྲག་རྡོ། བྱེ་འབུར་བཅས་ལ་བདག་དབང་ཡོད་ཟེར་མཁན་རྒྱ་ནག་གཅིག་པུ་མ་རེད། ད་དུང་ཝེ་ཐི་ནམ་དང་། ཧྥེ་ལེ་པེན། མཱ་ལེ་ཞི་ཡ། བྷི་རུ་ནེ། ཐེ་ཝན་བཅས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དང་། མཚོ་འོག་བྲག་རྡོ། བྱེ་འབུར་བཅས་ལ་བདག་དབང་ཡོད་ཚུལ་བཤད་ཀྱིན་ཡོད་པ་རེད།

         ཨ་མེ་རི་ཀ་དང་རྒྱ་ནག་གཉིས་ལ་མཚོན་ན། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་པ་དེ། ཉ་འཛིན་དབང་ཆ་དང་། མཚོ་འོག་གི་ཕུན་སུམ་ཚོགས་པའི་གཏེར་ཁ། དེ་བཞིན་མི་རིགས་ཀྱི་ལ་རྒྱ་ཙམ་མིན་ལ། གཙོ་ཆེ་ཤོས་དེ་མཚོ་ལུལ་བཏང་འཛིན་གྱི་ས་གཤིས་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན།

          ༢༠༡༦ ལོའི་ཟླ ༧ ཚེས ༡༢ ཉིན།   ཡོ་རོབ་རྒྱལ་ཁབ་ཧའོ་ལནྡིའི་ཌན ཧཱ་གྷི་གྲོང་ཁྱེར་ན་ཡོད་པའི་རྒྱལ་སྤྱི་ཁྲིམས་ཁང་གི་ཁྲུན་ཐག་དཔྱད་ཁྲ་དེས། རྒྱ་ནག་གིས “མཚོ་ཐིག་དུམ་བུ་དགུ” ཟེར་བར་བདག་དབང་ཡོད་ཅེས་པའི་བཤད་སྲོལ་དེར་ཁྲིམས་ལུགས་ ཀྱི་རྨང་གཞི་མེད་པས། ལྷོ་རྒྱ་ནག་རྒྱ་མཚོའུ་མཚོ་ཁུལ་ལ་རྒྱ་ནག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་ཐོབ་ཐང་དང་བདག་དབང་མེད་ཅེས་ཁ་གསལ་དོན་གསལ་གྱིས་ཐག་གཅོད་དང་གསལ་བསྒྲགས་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲུན་གཅོད་དེ་ནི་ཁྲིམས་འགལ་ནུས་ མེད་ཡིན་ལུགས་བཤད་ནས། རྒྱ་ནག་གིས་ཁྲུན་ཐག་དཔྱད་ཁྲ་དེ་ཁས་ལེན་མི་བྱེད། དང་ལེན་མི་བྱེད་ཅེས་གསལ་བསྒྲགས་བྱས་ཡོད་པ་རེད།

         དགོད་བྲོ་བ་ཞིག་ལ། རྒྱལ་སྤྱིའི་ཁྲིམས་ཁང་གི་གཞི་བཅོལ་ས་དེ ༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྲོལ་སྤྱི་ཆིངས༽ ཞེས་པ་དེ་ཡིན་ཞིང་། རྒྱ་ནག་ནི་གོང་ཞུས ༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྲོལ་སྤྱི་ཆིངས༽ ཞེས་པའི་ཆིངས་ཡིག་དེ་རྟགས་བཙུགས་པའི་ཚོགས་མི་རྒྱལ་ཁབ་ཡིན་པས།  རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲུན་ཐག་དཔྱད་ཁྲ་ལ་རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་ཚེས། དོན་གྱིས་རང་ཉིད་ཀྱི་རང་ཉིད་ལ་ཁས་ལེན་མ་བྱས་པ་དང་། རང་ཉིད་ལ་གོང་བཀུར་མ་བྱས་པ་ལྟ་བུར་གྱུར་ཡོད།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s