* བོད་ཀྱི་སྙན་ངག་གི་མཚན་མོར་སྙན་ངག་པ་གཉན་ལགས་ལ་བྲིས་པ།

___ཨ དོན་ཉི།    ༼ཨ་རི༽

མཚན་མོ་འདི
ཞི་བའི་རྟ་དམག་གི་དཔལ་འབར་སྒྲོན་པའི་དབྱངས་རྩོམ་ས་ཡིན
དཔའ་བོའི་ཤེས་རབ་ཀྱི་རླུང་སྒོང་སའི་ས་ཁང་སྐྱ་བོ་ཡིན
མཚན་མོ་འདི
རང་གི་རྐང་སྣེ་ལ་དྲིལ་བུ་བཏགས་ཏེ
མཚན་བྲོ་འཁྲབ་མཁན་གྱི་བྱ་ཁྱུ་ནག་པོའི་མདུན་འདུག་པ་ཁྱེད་རང་ཡིན
མཚན་མོ་འདི
རུས་རྐང་རྩམ་པས་མགར་བའི་རྣམ་དཔྱོད་ཀྱི་བློ་མིག་ཅན་ཚོ
གངས་ཀྱི་སྙིང་ལ་ལག་པ་སྙོབ་ནས་འགྲོ་སའི
ཕུགས་བསམ་གྱི་གླིང་ག་ལྗང་མོའི་དོ་བདག་དེ་ཡིན

མཚན་མོ་འདི
འདྲ་མཉམ་དང་རང་དབང་གི་གླུ་སྒྲ་བར་མེད་དུ་སྒྲོག་པའི་ཞི་གནས་ལྷག་མཐོང་གི་རྒྱལ་ཁམས་དེ་ཡིན
དཔྱིད་ཀ་བརྒལ་ནས་དབྱར་ཁ་སྙེགས་པའི་གྲོང་གསེབ་པ་རྟ་གཞོན་ཁྱེད་ཀྱི་སྦྲ་རྒྱག་ས་ཡིན
རྟ་འདོགས་ས་ཡིན
མཚན་མོ་འདི
ཁྲི་མུན་ནས
བོད་ཀྱི་བུ་ཕྲུག་ཁྱེད་ཀྱི་རལ་བས་བསླེས་པའི་སྡིངས་ཆ་ཡིན་སྐད
སྡིངས་ཆའི་སྟེང་གི་གློག་ཁྲ་དང་དུ་བ་རྗེན་པ་དེ་ཡིནམཚན་མོ་འདི
རིག་པ་རྣོ་ཞིང་རྒོད་ལ་ཤོར་བའི་སྲོག་ཆགས་ཀྱི་རྒྱལ་བོ་འདམ་སེང་ཁྱེད་ཀྱི་གཡུལ་ས་ཡིན
འདམ་སེང་གི་སྒལ་པར་སྐྱེས་པའི་སྤུ་ཧྲེང་རེ་རེ་ཡིན
མཚན་མོ་འདི
གངས་ཀྱི་ཤ་གསེང་དང་རུས་གསེང་ལ་ཐོགས་ལྕགས་ཕོག་ཀྱང
བཟོད་པ་སྒོམ་ཐུབ་མཁན་གྱི་གཡག་རྒན་རྩིད་ཤོམ་ཅན་ཁྱེད་འདྲ་བ་དག་ལ་དབང་བ་ཡིན
མཚན་མོ་འདི
སྙན་ངག་གི་དབུགས་དབྱུང་བསྟེན་ནས
མུན་ཆེན་རྡལ་བའི་རི་གཟར་ནས་མེ་འབུད་མཁན་གྱི་དངུལ་མགར་པ་དང་ལག་རྩལ་པ་ཁྱེད་རང་ཡིན
མཚན་མོ་འདི
མགར་པ་ཁྱེད་ཀྱི་ཁོལ་ཁ་ན་དམར་པོར་མཆེད་པའི་འཁྱག་པ་དང་ཚ་བ་སྟེ ནང་སེམས་ཀྱི་ཕྲ་འབུ་བརྒྱ་སྟོང་དུ་མའི་འཕར་ལྡང་དྲག་པོ་དེ་ཡིན

མཚན་མོ་འདིའི་ལྕགས་རི མཚན་མོ་ཁོ་རང་ཡིན
མཚན་མོ་འདིའི་ལས་བསྐལ མཚན་མོ་ཞུན་སྦྱང་བྱ་རྒྱུ་དེ་ཡིན
མཚན་མོ་འདི
མི་རང་ག་བ་ཁྱེད་ཀྱི་བླ་སྲོག་ལ་ཚང་རྩིས་དང
མེལ་ཚེ་བྱེད་ས་ཡིན
རྔུལ་ཆུ་དང་ཁྲག་རྡོ་ལྷུང་ས་ཡིན
མཚན་མོ་འདི
མུན་པ་དང་འོད་ཟེར་ལ་སློང་མོ་བྱེད་པའི་ཁྱིམ་པ་བ་ཁྱེད་ཀྱི་རྐང་ལག་རྐྱོང་ས་དང
གཞུང་དེབ་གང་རུང་ལ་ངོ་བཅར་མི་ཞུ་བའི་བྷོ་ལ་ཐི་གཉིས་པ་ཁྱེད་ཀྱི་སྐྱིད་སྡུག་རི་མོ་འགོད་ས་ཡིན

༧ ༢༦ ༢༠༡༦

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading