བོད་ཡིག་ལ་རྨ་ཁ་མ་བཟོ་རོགས།

ཨ དོན་ཉི། ཨ་རི།

      ཉེ་བའི་ཆར་བོད་ཡིག་གི་བརྡ་སྤྲོད་རིག་པའི་ཆོས་ཉིད་དང་མི་མཐུན་པའི་བྱང་ཨ་རིའི་བོད་ཀྱི་བྱིས་པའི་གཟའ་མཇུག་སློབ་དེབ་གཅིག་དཔར་བསྐྲུན་འགྲེམ་སྤེལ་བྱས་པ་ལ་བརྟེན་ནས། རང་རེའི་དྲ་ལམ་སྤྱི་ཚོགས་སུ་སློབ་དེབ་དེའི་སྐོར་ལ་ཡིག་ལམ་ནས་དགག་རྩོམ་བྲིས་ཤིང་གླེང་བརྗོད་འཁྲུག་པོ་སྤེལ་མཁན་ཅུང་མང་བོ་བྱུང་།

        དེ་ནི་ཅི་ཁག་སྟེ། བོད་ཀྱི་ཤེས་རིག་ལས་ཁུངས་གཙོ་བྱས་ནས་སློབ་དེབ་རྩོམ་སྒྲིག་པ་དེ་ཚོས་བོད་མི་རིགས་ཀྱི་ཡི་གེའི་རིན་ཐང་བཀོལ་སྤྱོད་ཀྱི་ཚེ་སྲོག་ལ་ཐད་ཀར་ཁྱད་གསོད་བྱས་བཞག་པ་དེ་མ་བཟོད་པས་རེད།

      བོད་ཀྱི་ཡི་གེ་འདི་འབྲི་ཀློག་སྦྱོང་གསུམ་བྱེད་པའི་སློབ་གྲྭ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་། སློབ་གྲྭ་དེའི་ཁྲིད་དེབ་དང་སྦྱོང་ཚན་ཡོངས་རྫོགས་བོད་ཡིག་གི་བརྡ་སྤྲོད་རིག་པའི་ཆོས་ཉིད་དང་ཡོངས་སུ་མཐུན་དགོས་པ་མ་ཟད། དགེ་རྒན་རྣམ་པ་སློབ་ཁྲིད་དངོས་ལ་ཞུགས་དུས་ཀྱང་ངེས་པར་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱི་མོའི་གཞུང་ལ་གསལ་ཆ་ཡོད་པའི་སྒོ་ནས་ཡིག་སྐད་བཤད་པར་གོམས་བྱང་དུ་འགྲོ་ཐབས་ལ་འབད་བརྩོན་བྱེད་དགོས།  དེ་འདྲ་བྱས་ན་བོད་སྤྱི་བའི་སྤྱི་སྐད་འགྲུབ་པ་ལ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་བླ་མེད་ཅིག་འབྱུང་ངེས་རེད།

     དེ་ལྟར་མིན་པར་སོ་སོ་གང་ནས་འཚར་བའི་ཡུལ་ལུང་གང་དེའི་ཁ་སྐད་གཞི་ལ་བཞག་ཅིང་ཚད་མར་བཟུང་ནས་བྱིས་པ་རྣམ་པར་སློབ་དེབ་སྒྲིག་པ་དང་སློབ་ཁྲིད་བྱས་པ་ཡིན་ན། བོད་མདོ་དབུས་ཁམས་གསུམ་གྱི་སྤྱི་ནོར་དུ་ཆགས་ཤིང་བོད་མི་ཐམས་ཅད་གོང་བུ་གཅིག་ལ་སྒྲིལ་བྱེད་ཀྱི་སྐད་ཡིག་རིན་པོ་ཆེ་འདི་ཁ་ཆག་སྣ་རལ་དུ་གྱུར་ནས་བདེ་ཐང་ངང་འཚར་ལོངས་འབྱུང་སའི་ལས་བསྐལ་མེད་པ་ལ་ང་ཚོས་རང་ས་ནས་སྟ་གོན་བྱས་ཚར་བ་རེད།
འཆི་ངོགས་བསྟན་བཞག་པ་རེད།

       མ་གཞི་བོད་ཀྱི་བྱིས་པ་རྣམ་པས་དཔེ་ཁུག་རྒྱབ་ལ་ཁུར་ཞིང་ཞ་སྨྱུག་གྲ་སྒྲིག་བརྒྱབ་ནས་སློབ་གྲྭའི་ཁོར་ཡུག་ལ་ཕེབས་དགོས་དོན་དེ་ཁ་སྐད་ཀྱི་སྟེང་ལ་ཁ་སྐད་སློབ་ཆེད་ཡིན་མི་སྲིད་ལ། བོད་ཡིག་གི་བརྡ་སྤྲོད་སྤྱི་འགྲོས་ཀྱི་འགྲོ་སྟངས་འཁྲུགས་ནས་སློབ་ཆེད་རྩ་ནས་མིན་པས། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་གཙོས་ཕྱིར་སྡོད་བོད་མིའི་བོད་ཡིག་སྦྱོང་སའི་རུ་ཁག་གང་ཞིག་ཡིན་རུང་།  སློབ་གྲྭའི་མངའ་ཁོངས་ནས་དམིགས་བསལ་ཁ་སྐད་རྒྱག་སའི་ས་མིག་ཅིག་འཇོག་མི་དགོས་ལ། ལྷག་པར་དུ་བོད་ཡིག་བསླབ་ཅིང་བོད་སྐད་རྒྱག་པའི་སློབ་གྲྭ་ནས་ཆོལ་གསུམ་གྱི་ཡུལ་སྐད་གང་ལའང་དམིགས་བསལ་ཁ་སྐད་བཤད་སའི་བྱ་འགུལ་ཞིག་ལོགས་སུ་སྤེལ་དོན་མེད།

       ཅི་ལ་ཞེ་ན། བྱིས་པ་ཚོས་ཁ་ནས་ཚིག་གཅིག་བཤད་པ་དེ་ཁ་སྐད་ཡིན་ངེས་ལ། རྩེད་འཇོར་རོལ་བའི་བོད་སྐད་ཀྱི་ཁ་བརྡ་ཐམས་ཅད་ཁ་སྐད་ཡིན་སྲིད།  བྱིས་པའི་སྔོན་འགྲོའི་འཛིན་གྲྭ་ནས་ཀྱང་དགེ་རྒན་རྣམ་པས་རི་མོའི་དེབ་སོགས་ལ་ལྟ་ཀློག་བྱེད་པའི་རོགས་འདེགས་ནུས་པ་བསྐྱེད་སྲིང་དང་མཚར་སྒྲུང་ཡིད་འགུག་ཅན་བཤད་པའི་སྨྲ་ལྕེ་དག་ཅིང་རྣམ་རིག་སད་དགོས་པ་ལས་ཆེད་དམིགས་ཁ་སྐད་རྒྱག་ས་ཞིག་བཀོད་སྒྲིག་གནང་དགོས་མེད། མ་གཞི་དགེ་རྒན་ཁྱེད་ཀྱི་སྐད་ཆའི་འགྲོས་དེ་ཁ་སྐད་ཡིན་པས་སོ།།

        ས་གཞིའི་སྟེང་གི་མི་རིགས་དང་རྒྱལ་ཁོངས་གང་ཞིག་ཡིན་རུང་སོ་སོ་རང་གི་རྐང་མགོ་ནས་ཡར་ལེན་ཐུབ་སྤྱད་ཀྱི་སྲོག་གི་གཟུང་ཐག་ཉག་ཅིག་དེ། མི་རིགས་སོ་སོའི་སྐད་ཡིག་ལ་ཐུག་བསྡད་ཡོད་པ་རྒྱལ་སྤྱིའི་སྒང་ནས་ངོས་འཛིན་དང་གཏན་ཁེལ་གནང་ཡོད་པ་ཡིན་ལ། རང་རང་ས་ནས་ས་མ་ཟིན་པར་འཇིགས་ཟིན་པ་དང་ནུབ་ངེས་པའི་མི་རིགས་མང་བོ་ཞིག་ཀྱང་སོ་སོའི་སྐད་ཡིག་གི་གསོན་ཤུགས་ཉམས་ནས་འཆི་བཞིན་པ་མ་རེད་དམ།  བོད་ཀྱི་ཤེས་རིག་ལས་ཁུངས་གཙོས་ང་ཚོ་ཚང་མ་རྒྱུན་ཤེས་དང་སྤྱི་འགྲོས་དེ་ཙམ་ལ་ཆ་རྒྱུས་ཡོད་བཞིན་དུ་བོད་ཡིག་གི་བརྡ་སྤྲོད་སྤྱི་འགྲོས་ལ་རྨ་ཁ་བཟོ་དགོས་དོན་ཅི་རེད།

        བོད་ནང་ནས་རྒྱ་ཆེའི་མི་མང་ཚོས་ནམ་ནམ་ཞར་ཞར་དུ་བོད་སྐད་ཡིག་གི་ཆེད་དུ་སྲོག་བསྡོས་བྱེད་བཞིན་པ་དེ་ངེད་ཅག་གི་རིག་གཞུང་རྒྱ་མཚོ་འཛིན་པའི་སྙིང་བོ་བོད་ཡིག་འདི་སྲུང་སྐྱོབ་དང་དར་སྤེལ་དགོས་པའི་སླད་དུ་མ་ཡིན་ནམ།
འོ་ན་བོད་ཀྱི་སྒྲིག་འཛུགས་གཞུང་དང་ཤེས་རིག་ལས་ཁུངས།   སློབ་གྲྭ་ཆུང་འབྲིང་ཁག་ནས་རང་རེའི་སྐད་ཡིག་ལ་ནག་ཐིགས་ཕབ་ཅིང་རྨ་ཁ་བཟོ་དོན་གང་གིས་ལན་པ་རེད།   དེ་འདྲ་སོང་ཙང་། མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་སློབ་ཕྲུག་རྣམས་བོད་ཡིག་སྦྱོང་སའི་སློབ་གྲྭའི་སྒོ་ནང་ལ་འཛུལ་ཉིན་ནས་བཟུང་སྟེ། བོད་ཀྱི་ཡི་གེ་དང་དེའི་བརྡ་སྤྲོད་ཀྱི་འགྲོ་སྟངས་ཐུན་མོང་མ་ཡིན་པ་དེ་ཁོ་ཚོ་ལ་གང་ཐུབ་ཅི་ལྕོགས་ཀྱིས་འཁྲིད་རྒྱུ་ནི་ཅི་ནས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་ཡོད།

       ལྷག་པར་དུ་སློབ་དེབ་ཅིག་སྒྲིག་པ་ཡིན་ན་ང་ཚོའི་ཡི་གེའི་ཡོངས་ཁྱབ་སྤྱི་འགྲོས་ཏེ་བྱ་བྱེད་ལས་གསུམ་གྱི་རྣམ་བཞག་རྨེག་མེད་དུ་མི་གཏོར་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།  དེ་མིན་གཞན་དུ་ན། བཙན་བྱོལ་གཞུང་གི་སློབ་གྲྭ་ཁག་གིས་བྱིས་པ་སློབ་ཞུགས་པ་ཆུང་ཆུང་རྣམས་ལ་སློབ་གྲྭའི་ནང་ནས་དང་།   ཁྱིམ་སྦྱོང་སྤྲད་པའི་སྐབས་སུ་དབུ་མེད་ཡིག་གཟུགས་དང་སུག་རིང་རྐྱང་རྐྱང་འབྲི་རུ་བཅུག་པས་བྱིས་པ་ཚོ་དེའི་སྨྱུག་ཁ་སྐོར་སྟངས་གཅིག་པུ་ལ་ཐང་ཆད་དེ་བོད་ཡིག་སྦྱོང་བའི་སྤྲོ་སྣང་རིང་ལུགས་ཡལ་འགྲོ་ཡི་འདུག

        བྱིས་པ་ལ་བྱིས་པར་རན་པའི་སློང་གསོ་དགོས་པ་སྟེ། མ་གཞི་ནས་རྙོག་འཛིང་མིན་ལ་གཅུན་སྡོམ་མི་ཆེ་བའི་སློབ་གསོ་སྤྲོད་སྟངས་ཤིག་མཁོ་གལ་ཆེ་བས་དེ་འདྲའི་སྨྱུག་ཁ་སྐོར་སྟངས་རྙོག་གྲ་ཅན་ལ་ཐང་ཆད་པར་ཁག་ཀྱང་མེད་སྲིད།
དེར་བརྟེན་བོད་ཀྱི་སྒྲིག་འཛུགས་གཞུང་དང་ཤེས་རིག་ལས་ཁུངས།

         དགེ་རྒན་གྱི་དཔུང་སྡེ་བཅས་ནས་དེའི་ཕྱོགས་ལ་བསྒྱུར་བཅོས་གཏོང་བའི་དགོངས་འཆར་བཞེས་རྒྱུ་ཡང་གལ་གནད་ཅན་ཞིག་ཏུ་ཆགས་འདུག་སྙམ་པའོ། །

༢༠༡༦ ༨ ༢

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s