__ སྨྱུག་མདའ།
ཚེར་མ།
རྨི་ལམ་ནང་གི་ནངས་མོ་དེར།།
མཚན་མོའི་སྟེང་གི་སྨུག་པ་བཞེངས།།
ནམ་མཁའ་གཡོགས་པའི་ཝ་ཡེ་མ།།
སྐར་འོད་ཇི་ལྟ་ཇི་ལྟར་འཛུམ།།
བལ་ལྗོངས་མིག་ཆུས་སྔས་མགོར་ཕབ།།
ཉིན་ཞག་ཁྲོད་ཀྱི་སྡུག་གུ་མ།།
སྒེག་ལྡན་འོད་ཀྱི་གཞལ་ཡས་ནས།།
ལང་ཚོའི་འདབས་མ་རུས་ལ་ཟུག།
སྙིང་ལ་སྐྲ་ལོའི་བརྡ་ཆད་ཀྱིས།།
གནམ་སའི་ཞགས་པ་སྐེ་རྩར་བསྐོན།།
འཇིག་རྟེན་རང་སར་འཇགས་ཏེ་ཙང་།།
ལག་པ་གམ་གྱི་ཁྲུས་ལ་ཞུགས།།
ཚོར་བ་ཚེར་མའི་མེ་ཏོག་ཆགས།།
ཡ་ཆུང་གཏིང་ག་ཚ་བེར་བྱེད།།
ཡི་གེ་བཏབ་པས་བསིལ་ཙམ་ན།།
སྙན་ངག་གློག་དེའི་དྲིན་དུ་སྐད།།
མེ་ལོང་གཡོ་ཞིང་འདར་བ་ན།།
མཛེས་པ་སེམས་ཀྱི་ལོག་མལ་ཉིལ།།
2016/7/31 ཉིན།
མི་དེས་ཉོན།
སེམས་པའི་ནང་གི་མགྲོན་པོ་དེ།།
ལམ་གྱི་སྐེད་དུ་སྨུག་པ་འདྲེས།།
རྨི་ལམ་ཡིན་པའི་མེ་ཏོག་དེ།།
མི་ཚོགས་ལག་པས་བཙིར་བ་ཚོར།།
མཁའ་རུ་གཤོག་པ་འཛུགས་པར་དགའ།།
གློག་གི་མདུད་པ་ཤ་ལ་ཟུག།
མཆུ་རྩི་ཁ་རྒྱན་བཙུགས་པ་དེ།།
དུས་ཚོད་ནུར་བ་ད་གཟོད་ཤེས།།
ལོ་མ་ལྷུང་བར་སྐྲག་སྣང་གིས།།
དབྱར་ཀ་འདི་ལ་སེར་སྣ་ཆེ།།
རྩྭ་ཐང་ཟེར་བའི་སེམས་གསོ་ཞིག།
ང་ཡི་སེམས་སུ་བབས་ཏེ་ཐལ།།
སྐྱིད་སྡུག་ནང་གི་ཨ་ཡིག་དེ།།
འཁོར་བའི་ཚེ་རབས་ཡིག་འབྲུ་ཉིད།།
2016/7/12 ཉིན།
གློག་ནང་གི་འབུ་ཁྲ།
ས་ལ་མེ་ཏོག་ཉིལ་བ་ཞིག།
སྐྲ་ལོ་རླུང་གིས་གསིག་པའི་ཚེ།།
ནམ་མཁའ་དུག་གིས་བཀང་བ་སྟེ།།
དྲ་མིག་སྡེར་མོ་ངར་གྱིས་བཀྱགས།།
སྐད་ཆ་སྲེ་བའི་རྩྭ་གསེབ་ཏུ།།
ཁྱི་རྣམས་ཟུག་སྐད་གློད་བར་དགྱེས།།
ཡི་གེའི་སྒང་དུ་འུར་འུར་འབར།།
ས་མཐའ་ཟེར་བའི་ཁ་ཞིང་ན།།
རུས་པ་རྙིད་པོའི་དངོ་ཁ་བརྡར།།
གཤོག་པ་དཀར་པོའི་སྒྲོ་འོག་ཏུ།།
འཁྱོར་ཞིང་འཁུན་པའི་ལྟད་མོ་མང་།།
2016/6/27 མཚན་མོ།
ཤེལ།
བྱམས་བརྩེས་ནན་གྱིས་བསྐྱངས།།
ལས་འབྲས་སྙིང་བོ་ཅན་དེར།།
དམ་པའི་དཀར་ངོགས་འཕྲོད་ཙམ།།
ལམ་འགྲམ་གྱི་མེ་ཏོག་ཚོམ།།
མདང་ནུབ་ཀྱི་རྨི་ལམ་རེད།།
སྒེའུ་ཁུང་ཕྱི་ཡི་སང་ཉིན།།
གླག་གི་འཕུར་རྩལ་ཡོད་ན།།
སེམས་སུ་འདོད་རླུང་ལྡིང་བཞིན།།
ཤེལ་ངོར་ཞེན་ཆགས་ཀྱིས་གྲུབ།།
ཡོད་ཚད་ཡོད་ཚད་དེ་འདྲ།།
ཐ་གུའི་སྣེ་མོར་འཕྱོ་ཞིང་།།
སྨུག་པ་ཀྱ་ཀྱུའི་གསེབ་ཏུ།།
ཚོར་བའི་གྲིབ་མ་ཡོར་ཡོར།
ཆིག་ལབ་ཅིག་ཀྱང་བརྒྱབ་དགོས།།
འཚོ་བའི་ཕྱི་ནང་གསང་གསུམ།།
མཚན་མོ འདིའི་ཡང་སྟེང་ན།།
འོད་ཀྱིས་བཀྲུས་མ་ཚར་བའི།།
མུན་པའི་དག་ཞིང་དེའོ།།
2016/6/23 ཉིན།
མཚན་མོའི་ཁ་དོག
མ་གཞི་གངས་རི་མཚན་མོའི་ཁ་མྱིག་རེད
གཞེས་ནིང་རུས་རྐང་གི་མཚན་མོ་འབར་བ་རེད
མཚན་མོའི་ཀློང་ནས་གསུབ་མི་ཐུབ་པ་ཞིག་འབར་བ་རེད
ལྕགས་ཐག་གཏོར་བའི་ཀི་རིང་ཐེངས་ཤིག་འབར་བ་རེད
མ་གཞི་ཁ་བ་མཚན་མོའི་བྲག་ཅ་རེད
ན་ནིང་ཤུལ་ལམ་ནས་ཁད་ཀྱིས་འདྲོགས་པ་རེད
གསོན་མ་མྱོང་བའི་ཁ་དོག་མང་བོ་འདྲོགས་པ་རེད
བརྩེ་དུང་གི་ཞེན་ཆགས་བོར་ནས་འདྲོགས་པ་རེད
མ་གཞི་སྙན་ངག་སྨོན་ལམ་བརྒྱབ་སྟངས་ཤིག་རེད
དོ་ཚིག་འུད་ཆེན་པོའི་ལྷགས་རླུང་ཁྱབ་པ་རེད
ཕུ་ཐུང་བའི་ངུ་སྐད་དང་ཨག་སྐད་ལྷན་དུ་བསྲེས་ཏེ
མཚན་མོའི་ཤ་རུས་ལ་དོ་བསྡོ་བ་ཙམ་རེད
ད་ནི་འགྱུར་གྲབས་འདུག
གཞེས་ནིང་ལས་རྦེད་དེ་འགྱུར་གྲབས་འདུག
མྱི་ཁའི་ཀློང་ནས་འགྱུར་གྲབས་འདུག
མཇུག་བྱང་མེད་པར་འགྱུར་གྲབས་འདུག
2016/7/26 མཚན་མོར།
ངམ་ནག་པའི་ཆར་བ།
མཚན་མོ་འདི་ཁུ་སིམ་སིམ་ཞིག་མ་རེད
འཁོར་བ་འདིའི་བར་སྣང་ན་ཤག་སྒྲ་རྒོད
རྨི་ལམ་ཁད་ཀྱིས་དཀྲོགས་སོང་བ
གནམ་རྒན་མས་ཁུ་ཁྲག་འཐོར་བའི་ནམ་དུས་རེད
ངལ་གསོ་ལེན་སའི་ཁང་མིག་ཆུང་ཆུང་འདི
སྐབས་རེར་དཔེ་སྒྲོམ་ཞིག་གི་བཟོ་ལྟ་ཡོད
ཆར་བས་རླན་གྱིན་རླན་གྱིན
འདོད་ཆགས་ཀྱི་ཐག་སྣེ་འཇུ་དགོས་པ་རེད
དེ་རིང་གནམ་གཤིས་འཁྱག་ཆར་ཤུགས་ཆེ
ལྷགས་རླུང་དང་ལྷན་དུ་འཁུར་ལོས་འགྲོ་བསམ་གི
རྩིག་ལྡེབས་ཀྱི་རི་མོ་བཀོག་ཨེ་འགྲོ་བསམ་གི
ད་ལོར་དངོས་གནས་ཤེད་ཤུགས་འདུག
གསོན་འདོད་པའི་ཁ་དོག་ཅིག
དེ་ནི མིས་མིར་སེམས་ཁུར་བྱེད་སྟངས་ཤིག
ཕྱི་མ་དམར་ནས་སྡོམ་པ་སྲུང་སྟངས་ཤིག
ལས་སྐལ་ཞར་བའི་ལམ་ཕྲན་རིང་མོ་ཞིག
དོ་ནུབ་ཆར་བ་ཟམ་ཟིམ་མ་རེད
སྙིང་གི་རྩ་དང་ཐག་ཉེ་བའི་ཤག་སྒྲ་ཞིག་རེད
ཚོར་བ་སྐྱེན་པའི་ཆུ་བོའི་ནུ་མ་དེ
སྙན་ངག་ཟེར་བའི་སྨྲ་བསམ་བརྗོད་མེད་ཀྱིས
བཙལ་བཙལ་བ་མ་རྙེད་པ
ཤི་སོང་བ་འདྲ
2016/7/10 མཚན་མོར།
ཉིན་འདི་ཚོར།
ཁ་བ་ཁྱུ་ཞིག་ཇེ་རིང་དུ་སོང
ཅི་ཙམ་བལྟས་ཀྱང་ཇེ་རིང་དུ་ཕྱིན
སུ་ཞིག་གིས་བར་སྣང་ནས་འབོད་པ་བཏང་བ་ཡིན
སུ་ཞིག་གིས་སྲང་ལམ་ནས་འུར་ཆོམ་པ་ཡིན
ན་ཟུག་ཅིག་བསྟུན་མར་བསླངས
སྐད་ཅིག་སྐད་ཅིག་ལ་གནམ་ངོ་རུབ
ཆར་རླུང་གཡུགས
ཚེས་གྲངས་འདི་ཅི་འདྲའི་འཇིགས་ཡེར་བ་ཞིག
ངའི་ཤ་གསེང་ལ་ཟུག རུས་རྐང་ལ་འཐམས
ད་དུང་ན་ཟུག་གིས་གས་ཡོང་བ་ཞིག་རེད
མིག་མདུན་དུ་གློ་བུར་གློ་བུར་ལ
རྐང་རྗེས་ལ་དམར་ཐིག་ཕབ་ཀྱིན་འདུག
སྙིང་དང་གློ་བ་དུས་གཅིག་ཏུ་བརྔུབས
ཁྲག་གི་རླབས་རིས་སུ་བྲིས་ཀྱང་བྲིས་མི་ཚར་བ་ཞིག
2016/6/30 མཚན་མོར།
གཏིང་ལ་རེག་ན།
རྨི་ལམ་ཟྭ་ཡིས་བསྒགས་ཏེ་སྐད་ཆ་ཞིག
སྒྲ་དང་འོད་ཀྱི་ཀློང་ནས་ཆར་ཐིགས་གཅིག་རེ་གཉིས་རེར
རྡོ་བ་གོར་གོར་དེའི་སྟེང་དུ་ཟགས
མི་སྣང་བར་གྱུར
དེའི་ཕྱིར་ན མིའི་བརྩེ་བ་སྐར་ཆ་གང་གི་ཚོར་བ་ཟེར
འཁོར་བ་ནམ་ཞིག་ལས་སྨིན་གྱིས་ཟད་དེ
སྙིང་བོ་མེད་དུས་ཤིག་རྣ་བར་རྒྱུ
སྐབས་དེ་རུ་བློ་བདེ་བག་ཕེབས་ཤིག་ཨེ་རེད
འདོད་པའི་ངོ་གདོང་ལས་བཞུར་བའི་སྡུག་བསྔལ་གྱི་སྨུག་པ
རྣམ་ཤེས་དང་ཚོར་བ་ལྷན་དུ་འབབ་པའི་འཚོ་བ་རེད
ཆར་བ་ཟིམ་ཟིམ་བབ་ནས་གོན་པ་བངས་པའི་འཚོ་བ་རེད
ངའི་ཚོར་བའི་ཁ་མདུད་ཞིག་པའི་ས་སྲོད་རེད
དུམ་བུ་གཉིས་སུ་བཏང་བའི་ནམ་མཁའ་དང་ས་གཞི
འཚོ་བའི་ཡང་སྙིང་གང་དུ
ནམ་ཞིག་དམར་བོ་ཡིན་ལ་སྐྱ་བོའང་ཡིན་སྲིད་པའི་ལྷུང་བཟེད
2016/6/8 ས་སྲོད་དུ།
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག