——-སྐུ་འབུམ་ཁྱུང་ཐར་སྡེ་བ།
ཁྲི་སྐལ་བཟང་བརྩོན་འགྲུས།
     སྐུ་འབུམ་ཚོ་དྲུག་ནི་བོད་མདོ་སྨད་ཕྱོགས་ཀྱི་ཚོ་བ་ཆེ་ཤོས་ཤིག་ཡིན་ལ། ལོ་རྒྱུས་ཐོག་མཚན་སྙན་རབ་ཏུ་འབར་བའི་མི་སྣ་མང་པོ་ཞིག་གི་འཁྲུངས་གནས་ཡིན་པ་བོད་ཀྱི་ལོ་རྒྱུས་ལ་ངེས་ཆ་ཅུང་ཙམ་ཡོད་མཁན་ཞིག་ཡིན་ཚེ་མཁྱེན་ངེས། ཚོ་བ་འདི་དག་གི་ལོ་རྒྱུས་ནི་བོད་མདོ་སྨད་ཕྱོགས་དང་། ལྷག་པར་ཙོང་ཁའི་རིག་གནས་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་པས་རྟོག་དཔྱོད་ཀྱི་རིན་ཐང་ཤིན་ཏུ་ཆེ་བར་སེམས།

      དེ་རིང་།  སྐུ་འབུམ་བྱང་ཆུབ་ལོ་མའི་དཔེ་ཚོགས་རྩོམ་སྒྲིག་ཁང་གི་ལས་གྲོགས་རྣམས་དང་མཉམ་དུ།   རྗེ་སྐུ་འབུམ་དགོན་པའི་ཤར་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་ན་ཡོད་པའི་ཁྱུང་ཐར་ (群塔) སྡེ་བར་ལྗོངས་རྒྱུ་དང་འབྲེལ་ཏེ་གནའ་བོའི་རིག་གནས་ལོ་རྒྱུས་རྟོག་དཔྱོད་དུ་སོང་།
     ཁྱུང་ཐར་སྡེ་བ་ནི་སྐུ་འབུམ་ཚོ་དྲུག་གི་ནང་ཚན་ཞིང་སྐྱོང་ཚོ་བའི་ནང་གསེས་ཤིག་ཡིན་ལ། སྔོན་གྱི་དུས་ནས་བཟུང་ “ཁྱུང་ཐར་” ཞེས་འབོད།  གནའ་རབས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བོད་ཀྱི་རུས་ལ་ཁྱུང་ཚ་ཞེས་འབོད་པའི་རུས་རྒྱུད་ཆེན་པོ་ཞིག་ཡོད་ལ། དེང་གི་ཟི་ལིང་ལྷོ་ཕྱོགས་ཀྱི་ལུང་པར་ཆགས་པའི་རུས་མིང་ལ་ཝང་ (王) ཟེར་བའི་རྒྱ་མི་དང་མི་རིགས་གཞན་པ་མང་པོ་ཡོད་པ་ཡང་བོད་ཀྱི་ཁྱུང་ཚའི་རིགས་ཡིན་ཞེས་ལོ་རྒྱུས་ཉམས་ཞིབ་པ་མང་པོས་བཤད། དེས་ན་ཁྱུང་ཐར་ཞེས་པ་འདི་ཡང་བོད་ཀྱི་རུས་མིང་ཁྱུང་ཚ་ནས་མཆེད་པས་མི་དེ་ལྟར་ཐོགས་པ་ཨེ་ཡིན་སྙམ། སྡེ་འདི་སྐུ་འབུམ་གདན་རབས་རྣམས་སུ་མཁས་ཆེན་དང་སྐྱེས་ཆེན་མང་པོ་ཞིག་གི་འཁྲུངས་གནས་ཀྱང་ཡིན་པར་བཤད། དཔེར་ན། སྐུ་འབུམ་ཁྲི་ཆེན་དགུ་བ་ཁྱུང་ཐར་བ་བསོད་ནམས་རིན་ཆེན་དང་ཁྲི་ཆེན་བཅོ་ལྔ་བ་ཁྱུང་ཐར་བ་སངས་རྒྱས་ལྷུན་འགྲུབ། རྒྱུད་པའི་ཁྲི་རབས་བཅུ་བ་ཁྱུང་ཐར་བ་དོན་འགྲུབ་རིན་ཆེན་སོགས་ཁྲི་ཆེན་དང་།  རབ་འབྱམས་པ་མང་པོ་ཞིག་གི་འཁྲུངས་གནས་སུ་གྱུར་ཡོད།
      ཞོགས་པའི་དུས་ཚོད་དགུའི་སྟེང་། ང་ཚོ་རླངས་འཁོར་ཆུང་ངུ་དག་ལ་བསྡད་དེ་ཞོགས་པའི་ཉི་ཟེར་དང་འགྲོགས་ནས་ལམ་ལ་ཆས།  མདང་དགོང་ཆར་བ་བབས་པས་ཞོགས་པའི་ཁ་དབུགས་དྭངས་ཤིང་བསིལ།  རི་ལུང་ཀུན་ལ་སྔར་ལས་ལྷག་པའི་སྔོ་ལྗང་གི་རྣམ་པ་ཞིག་ཤར་འདུག  དུས་ཚོད་གཅིག་ཙམ་ལ་བསྐྱོད་མཐར། ངེད་ཅག་སྐུ་འབུམ་ཁྱུང་ཐར་སྡེ་བ་ཞེས་འབོད་པའི་གྲོང་སྡེ་དེ་ལ་འབྱོར། ཐོག་མར་ང་ཚོས་རྒན་པ་རྣམས་ཀྱི་ངག་རྒྱུན་ན་འདུག་པའི་ཁྱུང་ཐར་རི་ཁྲོད་བཙལ་ཀྱང་།  ཐག་རིང་གི་རི་སྒང་ཞིག་ན་ཁྱུང་ཐར་རི་ཁྲོད་ཀྱི་མཁར་ཤུལ་ཙལ་ལས་གང་ཡང་ལྷག་མི་འདུག  ཡུལ་འདིའི་རྒན་པོ་ལོ་ན་བདུན་ཅུ་ཅན་ཞིག་གིས་བཤད་ན། ཁྱུང་ཐར་རི་ཁྲོད་དེ་ཁོ་ལོ་ན་ཆུང་དུས་ནས་མཁར་གྱང་ཞིག་གི་ཤུལ་ལས་མི་འདུག་ཟེར། འདི་ལ་བསམས་ན་ཕལ་ཆེར་ལོ་བརྒྱའི་སྔོན་ནས་རི་ཁྲོད་འདི་མེད་པར་ཆགས་ཟིན་པ་འདྲ། ༼མདོ་སྨད་ཆོས་འབྱུང་༽དུ་”ཁྱུང་ཐར་རི་ཁྲོད་”ཅེས་མིང་ཙམ་ལས་དུས་ནམ་ཞིག་ལ་བཏབ་པ་དང་སྐབས་དེའི་གནས་ཚུལ་སོགས་གང་ཡང་བཀོད་མི་འདུག་པས། ཕལ་ཆེར་༼མདོ་སྨད་ཆོས་འབྱུང་༽རྩོམ་དུས་(1865)ཀྱི་སྐབས་ནས་རི་ཁྲོད་འདི་མེད་པར་ཆགས་ཟིན་པ་ཨེ་ཡིན་ནམ།
     དྲོས་ཇ་འཐུང་རྗེས། ཁྱུང་ཐར་རི་ཁྲོད་ཀྱི་ཕར་ཁའི་རི་སྒང་ན་གཡང་སྒང་རི་ཁྲོད་ཡོད་པ་ལ་མཇལ་དུ་སོང་། གཡང་སྒང་རི་ཁྲོད་འདི་མདོ་སྨད་ཆོས་འབྱུང་སོགས་སུ་མ་མཐོང་ཡང་། རི་ཁྲོད་འདབས་སུ་བསླངས་པའི་རྡོ་རིང་ངོས་སུ་ཡོན་རྒྱལ་རབས་ཀྱི་རྒྱལ་བོ་ཀྲི་ཀྲིས་ཁྲི་ལོ་གཉིས་པ་ཕྱི་ལོ1322ལོར་རི་ཁྲོད་ཐོག་མར་བཏབ་པར་བཤད། འདེབས་མཁན་སུ་ཡིན་སྐོར་གྱི་ལོ་རྒྱུས་གསལ་བོ་ཞིག་ད་ལྟའི་རི་ཁྲོད་དུ་འདུག་པའི་བླ་རྒན་ཁོ་ལ་ཡང་བཤད་རྒྱུ་མི་འདུག
      ཡུལ་འདིའི་རྒན་པ་རྣམས་དང་བླ་རྒན་ཁོང་གི་ངག་རྒྱུན་ན། སྔོན་གྱི་དུས་ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་ཡུལ་འདི་བརྒྱུད་ནས་བྱ་ཁྱུང་དགོན་དུ་ཕེབས་དུས། ཆོས་རྗེ་ཁོང་ཉིད་རི་ཁྲོད་འདིར་ཕེབས་ཏེ་ཡུན་རིང་དུ་མཚམས་ལ་བཞུགས། དེ་དུས་འཇམ་མགོན་བླ་མ་ཙོང་ཁ་པ་མཆོག་ཀྱང་ཡུལ་འདིར་ཆོས་རྗེ་དམ་པ་ཁོང་གི་སྐུ་མདུན་དུ་ཕེབས་ཏེ་ཡི་གེ་འབྲི་ཀློག་དང་དཔེ་ཆ་བསླབས་མྱོང་། བྲག་ཕུག་འགའ་ཡོད་པའི་གཅིག་གི་ཕུགས་ན་བྲག་ཕུག་ཆུང་ངུ་ཞིག་འདུག་པ་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་སྒྲུབ་ཕུག་ཡིན་ཞེས་དཀོན་གཉེར་ཨ་ཁུས་རྟེན་བཤད་སྐབས་བཤད།  རི་ཁྲོད་དུ་རྟེན་བཤད་རྒྱག་མཁན་གྱི་བླ་རྒན་ལས་གྲྭ་བ་གཞན་མི་འདུག  སྒྲུབ་ཁང་འགའ་ཡོད་པའི་ནང་ས་རྡུལ་གྱིས་ཁེངས་པའི་སྐུ་བརྙན་ཆེ་ཆུང་མང་དུ་འདུག  རི་རྐེད་ན་སྨན་ཆུ་ཟེར་བའི་ཆུ་མིག་ཆུང་ངུ་ཞིག་བཞུར་ཀྱིན་མཆིས།
      རི་ཁྲོད་ཀྱི་ཐག་མི་རིང་བའི་ལུང་བའི་ཕུགས་ན་མདོ་སྨད་ཙོང་ཁའི་ཡུལ་གྱི་གནས་རི་མཐོན་པོ་མགོན་པོ་བྲག་ནག་དང་། དེ་དང་ཐག་མི་རིང་པའི་གནས་ན་ཙོང་ཁའི་སྐྱེས་རིའི་རི་རྩེ་དགུང་ལ་ཟུག་ཅིང་། རི་ཐོད་སྨུག་སྤྲིན་གྱིས་གཡོགས་འདུག   མགོན་པོ་བྲག་ནག་གི་ཕར་ཕྱོགས་ན་གསེར་ཁང་རི་ཁྲོད་ཡོད་ཟེར།
      ང་ཚོས་ཁྱུང་ཐར་སྡེ་བའི་ལོ་རྒྱུས་ལ་རྒྱུས་ལོན་ཆེད་ཡུལ་འདིའི་རྒན་རབས་གཉིས་དང་ཁ་བརྡ་བྱས་པ་ཡིན། བློ་ཡུལ་ལས་འདས་པ་ཞིག་ལ་རྒན་པོ་གཅིག་སོག་པོའི་རུས་རྒྱུད་ཡིན་ཟེར། རྒན་པ་ཁོང་གཉིས་བརྒྱུད་ནས་ང་ཚོས་སྡེ་འདིའི་ལོ་རྒྱུས་ཤེས་རྟོགས་བྱུང་བ་ནི། སྔོན་མ་ཁྱུང་ཐར་སྡེ་བའི་མི་རྣམས་བོད་པ་ཤ་སྟག་ཡིན་ལ། སྐུ་འབུམ་མཆོད་གཞིས་ཚོ་བ་དྲུག་གི་ནང་ཚན་ཡིན། དུས་རབས་བཅུ་གསུམ་པའི་ནང་སོག་པོའི་ཆབ་སྲིད་ཀྱི་དབང་ཤུགས་ཆེ་རུ་འཕེལ་ཏེ། ཡོན་རྒྱལ་རབས་བཙུགས་ནས་འཛམ་གླིང་གི་ཡུལ་གྲུ་དུ་མ་དབང་བསྒྱུར་སྐབས་སོག་དམག་མང་པོ་ཡུལ་འདིར་ཡང་སླེབས་ཏེ་གཞིས་ཆགས། སོག་དམག་གི་དབང་བསྒྱུར་བཙན་གནོན་འོག་ཡུལ་འདིའི་བོད་ཀྱི་རུས་གཏོགས་ཁྱུང་ཐར་ཚོ་བའི་བོད་པ་དག་སྡོད་མ་ནུས་པར་བྲོས་ཏེ། རི་བོའི་ཕ་རོལ་དུ་བཙན་བྱོལ་དུ་སོང་བ་ད་ལྟའི་སྐུ་འབུམ་ཁྱུང་ཀྱཱ་ཡིན།
     དེ་ནས་བཟུང་ཁྱུང་ཐར་སྡེ་བར་སོག་པོ་མང་པོ་གཞི་སྡོད་བྱས་ཏེ་འཕེལ། རྗེས་སུ་དུས་རབས་བཅུ་བཞི་བའི་སྨད་དུ་ཀྲོའུ་ཡོན་ཀྲོས་ཡོན་རྒྱལ་རབས་བསྣུབས་ཏེ་རྒྱ་ནག་མིན་རྒྱལ་རབས་ཀྱི་སྲིད་དབང་བཙུགས་སྐབས། སྐབས་དེའི་རྒྱལ་ས་ནན་ཅིན་གྱི་རྒྱ་མི་སྲང་ལམ་གཅིག་ལྷག་ཙོང་ཁ་ས་ཁུལ་ལ་གཞི་སྡོད་དུ་མངགས་དུས། སྡེ་འདིར་ཡང་རྒྱ་མི་མང་པོ་ཡོང་སྟེ་གཞིས་ཆགས། རིམ་གྱིས་རྒྱ་རིགས་མང་དུ་འཕེལ་ཏེ་དར་རྒྱས་སུ་སོང་། མན་ཇི་ཆིན་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་(雍正)སྐབས་ཕྱི་ལོ1723ལོར་མཚོ་སྔོན་དུས་འཁྲུགས་བྱུང་སྟེ་མན་ཆིང་སྲིད་གཞུང་གི་དམག་དཔོན་ཉན་ཀོང་ཡོས་(年羹尧)དམག་ཆེན་དྲངས་ནས་མཚོ་སྔོན་གྱི་བོད་སོག་གཉིས་དང་དམག་འཁྲུག་བྱུང་དུས། སྡེ་འདིར་ཡོད་པའི་སོག་པོ་མང་པོ་ཞིག་ཀྱང་བསད་མྱོང་ལ། ལྷག་པར་ཀྲུང་ཧ་མིན་གོའི་དུས་སུ་ཡུལ་འདིར་དམག་འཁྲུག་ཆེན་པོ་བྱུང་སྟེ་སོག་པོ་མང་དུ་བསད་པས་སོག་པོའི་རུས་གཏོགས་ཀྱི་ཁྱིམ་ཚང་འགའ་ལས་མ་ལྷག  སྔོན་སྡེ་འདིའི་ལོ་རྒྱུས་ཀྱི་ཡིག་ཚགས་ཤིག་ཡོད་པ་ཉར་ཚགས་བྱས་ཏེ་སྡེ་བའི་ལྷ་ཁང་ནང་ཡོད་པ་རྐུན་མས་བརྐུས་པས་དེང་རྙེད་རྒྱུ་མ་བྱུང་། ཡིག་ཚགས་དེ་རྙེད་ཐུབ་ཚེ་སྡེ་འདིའི་ལོ་རྒྱུས་གསལ་བོ་ཡིན་ཟེར།
      ད་ལྟའི་སྡེ་འདིའི་གནས་ཚུལ་གླེང་སྐབས། ད་ལྟ་ཁྱུང་ཐར་སྡེ་བ་ལ་ཡང་ཕོ། ཁྱུང་ཐར། གོ་ཐང་ཙིས་བཅས་སྡེ་བ་གསུམ་དུ་དགོས་པ་ལ་ཁྱིམ་ཚང་ཉིས་སྟོང་ལྷག་དང་། སོག་པོའི་ཁྱིམ་ཚང་འགའ་ལས་ལྷག་མེད་ལ། བོད་ཁྱིམ་གཅིག་ཀྱང་མེད། སྔོན་མ་སོག་པོ་ཡོང་དུས་བོད་པ་དག་བྲོས་ནས་དེང་གི་ཁྱུང་ཀྱཱ་ཕྱོགས་སུ་གཞིས་ཆགས་པ་ཡིན། སྔོན་མ་བོད་སྡེ་རྐྱང་བ་ཡིན་པའི་ཞོལ་གྱི་ཉ་ཀྱཱ་སྡེ་བར་ཡང་བོད་ཁྱིམ་གཅིག་ཀྱང་མེད། རིའི་ཕར་ནང་གི་སྟག་མཚེར་ཕྱོགས་ཀྱི་ཟོར་ཀྱཱ་སྡེ་བ་རུ་དེང་བོད་ཁྱིམ་འགའ་ཡོད་ཀྱང་བོད་སྐད་ཤེས་མཁན་མེད་ཟེར།
     རྒན་པོ་གཉིས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས། ཙོང་ཁའི་སྔོན་མའི་ལོ་རྒྱུས་བཤད་སྲོལ་སྤྱི་དང་མཐུན་ཞིང་། གོ་མ་མྱོང་བའི་ངག་རྒྱུན་གྱིས་ཟུར་བརྒྱན་ནས་སྡེ་འདིའི་བྱུང་རིམ་བཤད་ཚར་དུས། ངའི་ཡ་ཆུང་སེམས་ལ་གར་ཡོང་མི་ཤེས་པའི་སྐྱོ་བ་ཞིག་སྐྱེས་བྱུང་ལ། ཁྱུང་ཐར་སྡེ་བ་ནི་བོད་ཀྱི་རུས་རྒྱུད་དུ་གཏོགས་པའི་སྐུ་འབུམ་ཚོ་དྲུག་གི་ནང་གསེས་ཤིག་ཏུ་བསམ་པའི་ད་ནངས་ཀྱི་དགའ་དུངས་དུངས་ཀྱི་བདག་གི་བསམ་བློ་དེ་རྩ་བ་ནས་འགྱུར་དུ་བཅུག
     ལོ་རྒྱུས་ཀྱི་རྒྱུད་ལམ་རིང་མོའི་ཁྲོད། སྔོན་མའི་ཁྱུང་ཐར་སྡེ་བ་དངོས་ནི། སྔར་ནས་རི་བོའི་ཕ་རོལ་དུ་བྲོས་ཏེ་བཙན་བྱོལ་བར་ཆགས་འདུག  ཤུལ་གྱི་ད་ལྟའི་ཁྱུང་ཐར་སྡེ་བ་རུ་འབོད་པའི་སྡེ་ཆེན་འདི་གསུམ་བོད་དང་འབྲེལ་བ་མེད་ལ། ལྷག་པར་སྐུ་འབུམ་ཚོ་དྲུག་དང་འབྲེལ་བ་མེད་པར་ཆགས་འདུག་པ་དེ་རིང་གཞི་ནས་ཤེས།
     གཞན་སྐུ་འབུམ་གདན་རབས་རྣམས་སུ་སྔོན་མའི་ཁྲི་ཆེན་དང་མཁན་པོ་མང་པོ་ཞིག་ཁྱུང་ཐར་སྡེ་བར་འཁྲུངས་བ་མང་དུ་མཐོང་རྒྱུ་འདུག་ཀྱང་། རྗེས་ཀྱི་ཁྲི་རབས་དང་ལོ་རྒྱུས་སུ་”ཁྱུང་ཐར་”ཞེས་པའི་མིང་འདི་ཇེ་ཉུང་ནས་མེད་པར་གྱུར་ཏེ།  ཚབ་ཏུ་”ཁྱུང་ཀྱཱ་”ཞེས་བའི་མིང་ཞིག་ཐོན་དགོས་ཚུལ་དང་།  “ཁྱུང་ཐར་”དང་”ཁྱུང་ཀྱཱ་”གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་དེ་ཡང་། དེ་རིང་གཞི་ནས་ཤེས་ཐུབ་པ་བྱུང་།
     རྒན་པོ་ཁོང་གཉིས་ཀྱི་སྐད་ཆའི་ནང་ལྟར་ན། ཡོན་རྒྱལ་རབས་ཀྱི་སོག་དམག་སླེབས་དུས་ཁྱུང་ཐར་སྡེ་བའི་མི་ཡོངས་རིའི་ཕ་རོལ་གྱི་དེང་སང་ཁྱུང་ཀྱཱ་ཟེར་བའི་ཕྱོགས་སུ་བྲོས་བས། ད་ལྟ་སྡེ་འདིར་བོད་པ་གཅིག་ཀྱང་མེད་པར་བཤད་ཀྱང་། ཞིབ་ཏུ་བསམ་ན་དེ་ཁོ་ནའི་རྐྱེན་ཡིན་མི་སྲིད་སྙམ་སྟེ།  རྗེས་ཀྱི་མཚོ་སྔོན་དུས་འཁྲུག་སྐབས་སྐུ་འབུམ་ཚོ་དྲུག་གཙོས་ཡུལ་འདིའི་བོད་སྡེ་མང་པོ་ཞིག་མན་ཇི་དང་རྒྱ་དམག་གི་གཉའ་གནོན་གྱིས་བོད་སྐད་བཤད་མི་ཆོག་པའི་ཁྲིམས་སོགས་ལ་མ་བཟོད་པར། ཡུལ་ཕྱོགས་གཞན་ལ་སོང་བར་བཤད་པ་བཞིན།  ཁྱུང་ཐར་བ་མང་པོ་ཞིག་ཀྱང་མཚོ་སྔོན་དུས་འཁྲུག་གི་རྗེས་སུ་ཡང་། ཁྱུང་ཀྱཱ་སོགས་ཡུལ་གཞན་དུ་བྲོས་བྱོལ་ལ་སོང་བས། ད་ལྟའི་རྣམ་པ་འདི་རིམ་གྱིས་གྲུབ་པ་ཨེ་ཡིན་ནམ་སྙམ།
     ཞིང་ཁྱིམ་གསོལ་ཁང་ཞིག་ཏུ་དགོང་ཟས་ལ་རོལ་རྗེས། སྔར་གྱི་གཞུང་ལམ་དེད་ནས་ཕྱིར་ལམ་ལ་ཞུགས།  སེམས་ཁམས་ནི་ད་ནངས་ཀྱི་ཞོགས་པ་དང་མི་འདྲ་བར། ཅི་ཞིག་བོར་སོང་བ་བཞིན་སྟོང་ལྷང་ངེར། བརྗོད་འདོད་པ་མང་པོ་ཞིག་མིད་ནས་ཕྱིར་འོང་དགོས་བྱུང་།
     ལུང་ཆེན་གྱི་ཕུ་མདའ་བར་གསུམ་ན་ཆགས་པའི་ཁྱུང་ཐར་སྡེ་ཤུལ་གྱི་གྲོང་སྡེ་དག  བྱིས་དུས་ཀྱི་རྩེད་ར་ཆུང་ཆུང་ཞིག་འདྲ་བར་གོ་རིམ་མེད་པར་དགོང་ཁའི་ཉི་ཟེར་གྱི་འོག་ན་ལྷིང་ཞིང་འཇགས་ལ།  བརྗིད་ཆགས་པའི་ཨ་མྱེས་ཙོང་ཁའི་སྐྱེས་རི་དང་མགོན་པོ་བྲག་ནག་ནི།  མི་ལོ་ཁྲི་ཕྲག་ལ་འགྱིང་བའི་འབྲོང་ཡག་དར་མ་ཞིག་དང་འདྲ་བར།  རྒྱང་རིང་གི་གནམ་སའི་མཚམས་ནས་ངེད་ཅག་ལ་སྐྱེལ་མ་བྱེད་པ་དང་མཚུངས།
རིན་ཆེན་བསྐྲུན་པའི་བུམ་པ་ལས།།
ལེགས་འཁྲུངས་ཆུ་ཐིགས་ཕྲེང་བ་ཉིད།།
སྐྱེ་དགུའི་གདུང་བ་གཞོམ་པའི་སླད།།
སྨན་མཆོག་རྫིང་བུ་གཏན་དུ་གྲུབ།།
   ཡོང་ཁུངས་ཕྱི་ལོ2016ལོའི་ཧོར་ཟླ5པའི་ཚེས22 ཉིན་སྐུ་འབུམ་མཆོད་གཞིས་ཁྱུང་ཐར་སྡེ་ཤུལ་དུ་ཟིན་ཐོ་རུ་ཁྲི་སྐལ་བརྩོན་གྱིས་བཀོད་པའོ།།

དཔྱད་མཆན་སྤེལ།

%d