རྫ་མེ་སྟག་གི་བཅད་གསར་འགའ།

࿑ཟུག་པ།

ཁ་བྱང་གི་འགྲེལ།____._ཚིག་ལ་མཚོན་ཆ་མེད་ཀྱང་། མི་སྙིང་དུམ་བུར་བཏུབ།

རྫ་མེ་སྟག

སེམས་ཀྱི་ཞེན་ཆགས་གཙང་པོའི་རླབས་དང་འགྲོགས།།
རེ་བའི་སྤྲིན་པ་ཤར་ནུབ་མཚམས་ནས་རྒྱུ།།
མགོ་བོ་རྒུད་པའི་སྡོང་པོའི་དབུ་རྩེ་ནས།།
ལོ་མ་དེ་ཡང་དེ་རིང་ས་རུ་ཐིམས།།

དུང་བའི་སེམས་པ་འཛུམ་གྱིས་འགུལ་བས་ན།།
ང་རྒྱལ་ལག་པས་ག་ལེར་སྙིང་རྩར་འཇུས།།
དེ་དུས་ཡུན་ནས་དེད་པའི་ལུག་ཁྱུ་དེ།།
ཞི་བདེའི་ལྷས་ནས་གཞན་ཞིག་ཀུན་ནས་དེད།།

དེ་རིང་ཡིད་ཀྱི་མེ་ཏོག་སད་ཀྱིས་འཁྱེར།།
ཟེའུ་འབྲུ་རེ་གཉིས་རྡུལ་གྱི་དབུས་ན་ལུས།།
ན་ནངས་དབྱར་དུས་ཆར་ཤུགས་ཆེ་བས་རེད།།
ད་ལོ་སྟོན་རླུང་རླུང་ཁ་རྒོད་པས་ཅི།།

མདའ་མོ་དེ་ཡིས་ཤག་སེ་རུས་པ་ཕུད།།
གཞུ་རྒྱུན་ཕྲ་མོས་ཏག་སེ་མིག་རྩ་བཅད།།
ཡུན་ནས་བསྒོམས་ཤིང་འདི་ནས་འགུལ་བའི་སྙིང་།།
ཁྲག་དྲི་ཐུལ་ལེར་ཕྱི་རུ་སྟོན་ནམ་གང་།།

ནད་ངན་ཐེབས་པའི་ཡི་གེ་ཡ་ང་འགའ།།
ངུ་ངག་འདོན་ཞོར་རྩ་སྦུག་ཀུན་ནས་འཕགས།།
མཆི་མ་རྡོག་པོ་རེ་གཉིས་རུམ་དུ་བཅུག།
དེ་དུས་ཟླ་བའི་ཁ་དོག་ནག་པོ་འོ།།

ཁྱོད་རང་དགའ་ན་ང་རང་དགོད་མྱོངས་མོད།།
ཁྱོད་རང་སྡུག་ན་ང་ཡང་ངུ་མྱོངས་མོད།།
མ་བཤད་ཚིག་གི་རི་མོ་བྲིས་མྱོངས་མོད།།
འོན་ཀྱང་བརྡ་དག་འདི་ཚོ་ནོར་རམ་ཅི།།

༢༠༡༦-༠༨-༡༥ནུབ་མོར་གྲུབ།


࿑ཚེ་བཅོ་ལྔའི་ལྡི་ལི།

སྤྲིན་གྱི་སྨན་གཡོག་ཅན་པོ་གཟབ་ཀྱིས་བལྟས་ན།།
ལག་པའི་ཕྱག་རྒྱ་རིག་ནས་བགོད་ཁ་འཆོར་ཡོང་།།
འདུ་འཛོམས་དུ་བའི་ཟུར་ནས་མ་ཎའི་སྒྲ་དེས།།
ཚེ་པ་བཅོ་ལྔའི་བརྡ་ཞིག་སྟོན་ནས་ཡོད་སྐད།།

ཉྭ་རྣམས་དོལ་གྱི་གསེང་ནས་ངུ་འབོད་འཐེན་ཞོར།།
ཕྱི་མའི་རི་བོའི་ཉག་གའི་དབུགས་དེ་བརྔུབས་ནས།།
ཟོག་གི་བ་སྤུ་གཡོ་བའི་དད་ལྡན་རྣམ་པར།།
ཕ་གིའི་རི་དེའི་རྒྱབ་ནས་འཕྲད་པ་བྱས་བྱུང་།།

ཟ་མ་མེད་པའི་ཁང་ཁྱིམ་ཁྲ་བོ་རོག་པོ།།
དུ་ཆང་རི་མོས་སྙིང་གི་ཕྱེད་ཀ་བརྒྱན་པས།།
སྟོན་པའི་ཞྭ་མོ་གོན་ནས་ངོ་ཙམ་སྟོན་ན།།
གསང་དོར་རྒྱབ་མདུན་དངུལ་གྱི་རི་མོ་དོད་ཁ།།

ས་ག་ཟླ་བའི་ཕྱི་ནང་རོལ་ཡག་བྱས་ནས།།
ལྡི་ལིའི་སྨན་ཆུང་ཁྱོད་ལ་ངོ་སོ་སྟོད་ཆོག།
ལག་པའི་སྤུ་ཉག་བཅད་པའི་དེ་རིང་ཉི་མ།།
སྐར་མ་སྐར་ཆའི་རྗེས་སུ་རྫོགས་ནས་ཕེབས་འགྲོ།

ཟམ་པ་རིང་པོ་དེ་དག་ཡིད་ཆད་ཐལ།།
ལྕགས་ཀྱི་ཕུར་པ་ནག་པོ་སྙིང་ལ་བཏབས་ཏེ།།
རྩྭ་ཡིས་རྐང་བྲོ་འཁྲབ་སའི་རི་སྒང་དེ་ནས།།
ཞྭ་མོའི་འོག་གི་མི་དག་ཀི་ཞིག་བཏབ་ཡོད།།

༢༠༡༦-༠༥-༢༣ལ་བྲིས། ༢༠༡༦-༠༥-༢༨ ལ་བཅོས།


࿑སྐར་མ་འགའི་རྗེས།

ང་ཡི་དབུགས་འདི་ག་ལེར་ག་ལེར་ལྷོད།།
ལུས་ཀྱི་སྤུ་དག་ཕར་ཚུར་རིག་རིག་བྱེད།།
རྩ་སྦུག་ཚོ་ཀྱང་བག་ཕེབས་མལ་དུ་བཞུགས།།
དེ་དུས་ཁྱོད་ཀྱིས་ང་ཞེས་གང་ནས་འཚོལ།།

ཤར་ནས་སྤྲིན་པ་འདར་བཞིན་ནུབ་དུ་འདུར།།
ཆར་ཐིགས་འགའ་རེ་ས་རུ་བབ་ཀྱང་སྲིད།།
ཉི་མས་ངོ་གདོང་ཟླ་བར་བརྣག་པའི་ཚེ།།
ཁྱོད་རང་ལྷོ་ནས་བསྡད་དམ་བྱང་དུ་བཞུད།།

རི་ན་རྩ་ཁ་སྡུག་ལ་སྨུག་པ་སྟུག།
ཐང་ལ་ཆུ་མོ་རྙོགས་ཏེ་ཉ་ཡང་འཆི།།
ལུག་གུས་མ་མོ་བཙལ་བཞིན་རབ་ཏུ་འབའ།།
ཁྱོད་ཀྱིས་ང་ལ་འདྲི་འམ་ཁ་རོག་བསྡད།།

སྐར་མ་འགའ་ཡི་རྗེས་སུ་སྟོན་ཀ་ཡིན།།
འཁོར་བ་འདི་ཡང་ལྗོན་རྩེའི་ལོ་མ་མཚུངས།།
རླུང་གིས་མཁའ་ལ་སྤུར་ཏེ་ཁུག་ཏུ་འཚངས།།
དེ་ཡང་ཁྱོད་ཀྱིས་སྡིགས་སམ་ཅི་འདྲ་བྱེད།།

_༢༠༡༦_༠༧_༢༣ ཉིན་གྲུབ།


࿑མཚམས།

མཚམས་རེར་འཇིག་རྟེན་འདི་ཡང་ནག་པོ་ཞིག།
ང་ལ་ལྟ་བཞིན་མཆི་མ་ནག་པོ་བཞུར།།
དེ་དུས་སྙིང་དང་རུས་པའི་གཏིང་རིམ་དུ།།
ཁྱོད་ཀྱང་རྒྱང་རིང་ཞིག་ནས་ཡིན་པ་ཚོར།།

མཚམས་རེར་སྤྲིན་པ་དག་ཀྱང་ཡ་རབ་ཅིག།
དགྲ་དགའ་གཉེན་སྡུག་མེད་པར་ཞབས་བྲོ་འཁྲབ།།
བོར་བའི་གས་ཁར་རོལ་བའི་འབུ་དག་ལ།།
ལྷག་པར་བརྩེ་བའི་བདུད་རྩི་འཛད་མེད་སྦྱིན།།

མཚམས་རེར་གློ་བ་འངི་ཡང་ལྐུག་པ་ལ།།
རྡོ་དང་ས་ལ་བརྡབ་ནས་ངུ་མ་དགོད།།
ཆང་ཕུར་གང་ལ་འཛུམ་མདངས་བརྒྱ་ཙམ་སྟོན།།
དེ་དུས་ངས་ཀྱང་ཁྱེད་རང་བརྗེད་ནས་ཡོད།།

༢༠༡༦-༠༥-༢༧ནུབ་མོར་གྲུབ། 


ཁྱོད་ནམ་ཡང་ངའི་ཡིན།

མི་ཁའི་རླུང་བུ་ཟུར་ནས་གཡུགས།།
ཞེན་ཆགས་བསྔགས་དེས་ཆར་བ་བཀག།
མགོ་མཇུག་མེད་པའི་དབྱར་དུས་འདིར།།
སེམས་ཀྱི་མེ་ཏོག་སད་ཀྱིས་འཁྱེར།།

གཅེས་པའི་མི་དེའི་མཆི་མ་བཞུར།།
དྲན་པའི་སེམས་འདིའི་ཕྱི་ནང་འགུལ།།
ཉེ་ལ་རིང་བའི་བརྩེ་སེམས་འདི།།
འདི་ལྟར་འཆི་ན་ཡིད་རེ་སྐྱོ།།

བརྩེ་བ་ཁྱོད་ཀྱི་གློ་སྙིང་རེད།།
དུང་བ་ང་ཡི་ཟུངས་ཁྲག་རེད།།
གློ་སྙིང་བར་གྱི་ཟུངས་ཁྲག་འདི།།
མ་ཤི་འཛད་པའི་དོགས་པ་མེད།།

དབྱར་འདི་ཐེངས་ཤིག་ཡིན་ཚོད་མེད།།
སྟོན་གྱི་ཁ་བའི་འདབ་མའི་ཁྲོད།།
ང་དང་གཅེས་པའི་གངས་མོ་གཉིས།།
འཛའ་བའི་གླུ་དབྱངས་དེ་དུས་ལེན།།

སེམས་ཀྱི་མེ་ཏོག་རྐང་གཅིག་མ།།
འགོག་མེད་འབྱུང་བཞིའི་འགྱུར་འགྲོས་ལྷན།།
སྐབས་རེར་བཞད་དང་མཚམས་རེར་སད།།
འགྱུར་མེད་འདབ་མོ་ང་ལ་དབང་།།

དེ་རིང་མཚན་གྱི་གནམ་ངོ་འཐིབས།།
སྤྲིན་པས་བསླུ་བྲིད་གཤོག་པ་དཔྱངས།།
དཀར་ལ་བསིལ་བའི་ཟླ་བ་ལགས།།
རེ་ཞིག་མཚམས་ནས་སླར་ཡང་མཇལ།།

སྙན་ངག་ང་ཡིས་ཤེས་ཀྱི་མེད།།
གཏམ་བརྗོད་ཁྱོད་ཀྱིས་འཁྲབ་དོན་མེད།།
བརྩེ་སེམས་སྦུབ་ཀྱི་གསང་བ་རེ།།
འདི་ལྟར་ཤོག་དཀར་ཐང་ལ་ཤོར།།

༢༠༡༦-༠༨-༡༣ ཉི་ནུབ་གྲུབ།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s