ཁ་བ་གཡང་།

ཆུང་དུས། བྱིས་པ་ཚོ་ཁ་མ་མང་།
མི་ཆེན་པོའི་ལས་ཀ་ནི་བྱིས་པའི་འཇིག་རྟེན་ལ་འབྲེལ་བ་མེད་ཟེར།
བྱིས་པའི་རྩེད་ར་གྲུ་བཞི་དེ་ལག་པ་ཆེན་པོ་དེ་ཚོས་བཅའ་དུས།
འབྲེལ་བའི་ངོ་བོ་འབག་གིས་གཡོགས་པ་ལོས་ཤེས།

དུས་རབས་འདི་ལ།
མིག་ཆེ་ཆེ་གིས་བལྟ་བ་དང་སེམས་ཟབ་ཟབ་ཀྱིས་སེམས་པ་ལས།
གོ་ཁའི་ཐབ་རྡོ་ལྕགས་ཐོ་ཡིས་གཏོར་རུང་།
ཐོ་བའི་རྒྱབ་ལ་སྟ་རེ་ཡོད་སྙམ་ནས།
ཁ་གྲག་ཐུབ་གི་མི་འདུག
ང་ཚོ་ལ་ནད་ཅིག་བཏང་པ་ཡིན་ནམ།

དུས་རབས་འདི་ལ།
སྙིང་ཉེ་ཉེ་ཡིས་སེམས་སྡུག་གྲོགས་ལ་བཤད་རུང་།
བློ་དཀར་དཀར་གྱིས་གཞན་ལ་ཁྱབ་མི་ཉན་ཞེས་གདམས་དུས།
ཁྱིམ་མཚེས་ཀྱི་ལུག་ཁྱི་སྤྱང་གིས་གཏོར་རུང་།
ལུག་ར་གསོ་ཐབས་དང་སྤྱང་ཀི་འགོག་ཐབས་ཙམ་ཀྱང་གླེང་མ་ཕོད་བ།
ང་ཚོ་ལ་ཁ་མི་གྲག་ཐུབ་མེད་པའི་ནད་ཅིག་བཏང་བ་མིན་ནམ།

དུས་རབས་འདི་ལ།
སྟོད་ཀྱི་གུ་གེ་ནས་སྨད་ཀྱི་དར་མདོ་ཡན་ཆད་ལ།
རྔམ་ཆེ་བའི་གྲོང་ཁྱེར་གྱི་ནགས་ཀློང་ནས།
རི་གྲོང་གི་སྒོ་དར་མེ་ལ་བསྲེགས་རུང་།
ང་ཚོ་ལ་རྒྱང་ཐག་རིང་། ཡང་ན།
མིག་རྒྱང་མེད་པའི་ཡིག་རྨོངས་ཚོ་ཞཨེས།
ཁོག་འདིང་དང་རེ་དོགས་ཀྱིས་རྣང་ནས་བསྡད་དུས།
ང་ཚོ་ལ་ཁ་གྲག་མི་ཐུབ་པའི་འགོ་ནད་ཅིག་བཏང་ཡོད་ཐག་ཆོད།

དུས་རབས་འདི་ལ།
རིག་གཞུང་བ་ཚོས་མཐོང་དུ་མེད་པའི་ལོ་རྒྱུས་རལ་་པོ་འགའ་ཡི་ལོ་མཇུག་སྒྲིག་བ་དང་།
དཔྱད་རྩོམ་ཐད་པོ་འགའ་ཡིས་དུས་དང་སེམས་་ཀྱི་བར་སྟོང་བཀང་།
ཡང་ན་ལས་གཞི་ཅིག་ཅིག་གིས་ཆང་གི་དམ་ལ་བཏགས་དུས།
བདེན་དོན་དང་འཚོ་བ་དངོས་ནི།
གོ་མི་བཏུབ་པའི་སྙན་ངག་འགའ་དང་།
ཞབས་བྲོ་ཁྲ་སིང་སིང་དང་གླུ་དབྱངས་འུར་ཟིང་ཟིང་འགའ་ལས་ཐར་མེད།
ང་ཚོ་ལ་ངོ་མ་གནད་དོན་བརྗོད་མི་དོ་པའི།
ཁ་མི་གྲག་པའི་ནད་ཅིག་བཏང་བ་ཡིན་ནམ།

དེ་རིང་སྐྱ་རེངས་མ་ཤར་སྔོན།
ངས་ཀྱང་ཡིག་འབྲི་འགའ་བཙན་གྱིས་བསྒྲིགས་རུང་།
གཡས་ལྟ་གཡོན་ལྟ་བྱས་ཏེ་སུ་ལ་བཀླག་ཏུ་འཇུག
བཀླགས་ནས་ཅི་བྱ།
ང་ཡང་ཁ་མི་གྲག་པའི་ནད་ཀྱིས་འཆིངས་ཡོད།

རོམ་གྱི་སྲང་ལམ་ནས་སྤྲང་པོ་ཞིག་གིས།
ཁྱོད་ཀྱི་མཐོང་ལམ་དང་ཐོས་ལམ་གྱི་སྡུག་བསྔལ་་ལ་དོ་སྣང་མ་བྱས་ན།
ཁྱེད་རང་ཉེས་ཅན་རེད་ཅེས་དང་།
གྲོགས་མོ་ཞིག་གིས་སྐད་འཕྲིན་ནས།
ང་ཚོ་འཇིག་རྟེན་འདིའི་དཀའ་རྙོག་གི་གཉེན་པོ་ཞིག་མ་ཡིན་ན།
དེ་ཡི་བྱེད་པོ་ཡིན་ཟེར།

དུས་རབས་འདི་ཡི།
ང་ཚོ་་ཁ་མི་གྲག་ལ་ལག་མི་འགལ་བའི་མི་ཚོའི་ཉེས་པ་དེ།
ཇི་ལྟར་མེས་པོ་གོང་མ་རྣམས་ལ་འགྱོད་བཤགས་བྱ།
ཇི་ལྟར་མ་འོངས་རྗེས་རབས་པ་རྣམས་ལ་ངོ་ལན་སྤྲད།
ཇི་ལྟར་རང་ཉིད་ཀྱི་རྣམ་ཤེས་ལ་འགྲེལ་བཤད་རྒྱག

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d