—— བྱ་མདོ་རིན་བཟང་།

༥༥
ལམ་ལུགས་འཕེལ་རྒྱས་ལ་ཞིབ་དཔྱོད་བྱེད་པའི་ཐབས་ལམ་གྱི་རྨང་གཞི་ནི་རྒྱུན་ལྡན་གྱི་བསམ་བློའི་ཕྱི་ནང་ཀུན་ཏུ་ཚང་དགོས་པ་ཞིག་རེད།རིག་གནས་ཞེས་པ་བསམ་བློའི་རིག་གནས་ཙམ་ལ་གོ་བ་དང་། དཔལ་ཡོན་ཞེས་པ་དེ་ཡང་ཕྱིའི་དངོས་པོའི་དཔལ་ཡོན་ཙམ་ལ་གཞི་རྐང་བཟུང་བ་དང་གོ་བ་ཡང་ཕྱོགས་ཙམ་ཞིག་རེད།

༥༦
ཞི་བདེ་མཉམ་གནས་དང་ཕན་ཚུན་ཚད་གཞི་མཐོ་བའི་ཡིད་ཆེས་ལྡན་དགོས་པ། མི་རིགས་དང་རིག་གཞུང་ལྟ་ཚུལ་ལ་ཡིད་ཆེས་དང་ཚད་ལྡན་གྱི་རྒྱབ་སྐྱོར་བྱེད་པ། རང་ཉིད་གང་དུ་གཏོགས་པའི་ལམ་ལུགས་ཀྱི་བྱེད་སྒོ་ཁག་ལ་ཐུན་མོང་གིས་ངོས་འཛིན་ཐུབ་པ་བཅས་ནི་ཚོགས་པ་དང་ཆབ་སྲིད་པའི་ལག་ཆ་གཙོ་བོའོ།

༥༧
ནུབ་ཕྱོགས་པའི་ཆབ་སྲིད་རིག་གཞུང་ནི་བདག་ཉིད་རིང་ལུགས་ཀྱི་ཁྲོམ་རའི་ལྟ་ཚུལ་དང་སྤྱི་ཡོངས་ཀྱི་ལྟ་ཚུལ་འཛིན་པའི་སྐྱིད་ཕྱོགས་ཀུན་མཐུན་བཅས་ཁེ་ཕན་གྱིས་ཀུན་ནས་བསླངས་ཏེ་བྱུང་བའི་འབྲས་བུ་ཞིག་གོ ། ཁྲིམས་ལུགས་ཀྱི་ཚོད་འཛིན་ཐེབས་ཀྱིན་པའི་བདག་དབང་ལ་ཚད་གཞི་ལྡན་པའི་ཆེས་མཐོའི་དབང་ཤུགས་དང་མངའ་འབངས་དབང་དུ་བསྒྱུར་བའི་ནུས་པ་རྟག་བརྟན་ཞིག་ལྡན།
༥༨
ཨུ་ཚུགས་ཀྱིས་བཞེངས་བསྐྲུན་བྱས་པ་དག་གནས་ལུགས་དང་བདེན་དོན་གྱི་རྒྱབ་སྐྱོར་མེད་ཚེ། མཐའ་མར་ཁྱོད་འཆི་ལམ་དུ་འདེད་བྱེདཡིན། ཚད་གཞི་མེད་པའི་ཀུན་སྤྱོད་དག་རྒྱུན་སྤྱོད་བྱས་ན་ནམ་ཞིག་ཁྱོད་འཆལ་སྤྱོད་པར་འགྱུར་སྲིད། ལྷག་བསམ་མིན་པའི་བྱ་འགུལ་དག་མཐའ་མཇུག་ཉོག་དྲའི་རུ་དཔུང་སྒྲིག་བྱེད་ཡིན།

༥༩
ཉོག་འཛང་ཅན་གྱི་བྱ་བར་བསམ་བློ་མང་དུ་གཏོང་རྒྱུ་ལས་བསྣབ་སེམས་མེད་པར་ལྷོད་ལ་བབས་ཏེ་འདུག་རྒྱུ་གལ་ཆེ། མི་མང་འཚོགས་སར་མི་སྒེར་གྱི་སེམས་ལ་ན་ཟུག་གཏེར་བྱེད་ཀྱི་ཚིག་ངན་མ་བཤད་ན་བཟང་། དེ་འདྲེའི་ཚིག་གིས་སྤྱི་ཚོགས་ཤིག་གིས་ཁྱེད་རང་དང་ལེན་བྱེད་མི་ཐུབ་པའི་རྒྱུ་རྐྱེན་བཟོ་སྲིད།

༦༠
རྒྱུན་དུ་འཆལ་གཏམ་འདྲ་བའི་སྐད་ཆ་མང་པོ་བཤད་མཁན་གྱི་མི་དེས་རང་གི་འཇོན་ཐང་དང་ནུས་པ་རྩ་ཆེན་དེ་གཏོར་སྐྱོན་གཏོང་ཉེན་ཡོད་པས་གཟབ་དགོས། རྒྱུན་དུ་རང་ཉིད་རྒྱལ་འདོད་ཀྱི་ཧམ་སེམས་དེས་རང་ཉིད་ཀྱི་བདེ་སྐྱིད་ཡོད་ཚད་རྩ་མེད་དུ་བཟོ་ཉེན་འདུག ལུས་སེམས་ཐམས་ཅད་རྒུད་འགྲོ་བའི་སྐབས་སུ་གསོ་བྱེད་ཀྱི་སྨན་ལྟ་བུ་ནི་བརྩེ་བ་རེད།
༦༡
དཀའ་སྡུག་ཐམས་ཅད་མི་རྟག་པ་ཡིན་པས་རྟག་པར་གནས་མི་སྲིད་བའི་གནས་ལུགས་ལ་བསམ་བློ་གཏོང་དགོས། འུ་ཅག་གིས་ཕན་ཚན་ལ་སློབ་གསོ་གཏོང་རྒྱུ་དེ་གཙོ་བོ་མ་རེད་ལ། བསམ་བློ་བརྗེ་རེས་དང་ཉམས་མྱོང་བསྡུར་རྒྱུ་དེ་གལ་ཆེན་པོ་རེད། སྐྱིད་སྐྱིད་དང་གུ་ཡངས་མོ་ནི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་རེད།

༦༢
འདས་ཟིན་པའི་གྲོགས་པོའི་ནོར་འཁྲུལ་ལ་འཁང་ར་མི་བྱེད་པར་གནས་བབས་ལ་འགྱུར་བ་འགྲོ་ངེས་བའི་གཏན་ཚིག་ལ་ཡིད་ཆེས་དགོས། གཞན་གྱིས་ཁྱེད་ལ་ལྟ་ཚུལ་བཟང་ངན་ག་འདྲ་བཤན་ནའང་དེ་གནད་དོན་མ་རེད་ལ། ལྟ་ཚུལ་བཟང་ངན་དེའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་ལ་བསམ་བློ་གཏོང་རྒྱུ་དེ་གནད་འགག་ཞིག་ཡིན།

༦༣
སེམས་ལ་གཡོ་འཁྲུགས་བྱུང་སྐབས་སུ་ཕན་ཚུན་ལ་སྐད་ཆ་ལྷོད་ཡངས་ཅན་བཤད་རྒྱུ་དེ་གལ་ཆེན་ཡིན། རྒྱུན་དུ་འགྲོགས་འདྲེས་བྱེད་མཁན་གྱི་མི་དེས་ཁྱེད་ལ་སྡང་སྡུག་ཅི་ཙམ་བསྟན་ནའང་ཁྱོས་རང་ཚུགས་མ་ཤོར་བའི་སྟེང་ནས་དེ་ལ་གུས་ཞབས་ཞུས་ན་མཐའ་མཇུག་གི་རྒྱལ་ཁ་དེ་དྲང་བདེན་གྱིས་བླངས་ནས་ཁྱེད་ལ་སྟེར། འོན་ཀྱང་ཁྱོས་རྒྱལ་ཁ་དེ་ལ་རེ་བ་དང་དེའི་ཆེད་དུ་རྩོལ་བ་བྱེད་མི་རུང་ངོ་།།
༦༤
རྒྱུན་དུ་ལུས་སེམས་ལ་འཛུམ་གྱི་ཁེངས་ཡོད་པ་ནི་བདེ་སྐྱིད་ཀྱི་གཞི་རྩ་དང་བདེ་སྐྱིད་དངོས་རེད། དེ་ལ་དགོད་སྒྲ་འཛད་མེད་ཅིག་དགོས།   རྒྱུ་ནོར་གྱི་བདེ་སྐྱིད་ནི་ཉིན་གཅིག་གི་ཟས་མགྲོན་ལྟ་བུ་རེད།
༦༥
རང་དབང་དང་སྒྲིག་གཞི་མི་འགལ་བར་འཛིན་རྒྱུ། ངོ་རྒོལ་དང་རེ་ཞུ་ལ་དབྱེ་མཚམས་འབྱེད་རྒྱུ། བཅོས་བསྒྱུར་དང་གཏོར་སྐྱོན་གྱི་དགེ་སྐྱོན་གསལ་རྒྱུ། རིགས་ཞེན་དང་ཕྱོགས་རིས་ལ་བར་མཚམས་དབྱེ་རྒྱུ། ཀུ་ཡངས་དང་རང་ཚུགས་ལ་དབྱེ་ཞིབ་གནང་རྒྱུ། འདི་དག་སྤྱི་ཚོགས་ཤིག་གི་བླངས་དོར་རེད།
༦༦
ཁྱོད་དང་འུ་གཉིས་འདྲ་མཉམ་དང་འཆམ་མཐུན་འོང་དགོས་ན། ཁྱེད་ཀྱིས་ངའི་གནས་སྟངས་དང་ངའི་སེམས་ཁམས་རིག་གཞུང་དང་བཅས་པར་རྒྱས་ལོན་བྱེད་དགོས། ཁྱོད་རྒྱ་ཆེན་པོ་ཞིག་དང་ང་གཞིས་ཆུང་ངུ་ཞིག་གི་གྲུ་ཟུར་ནས་འཆམ་མཐུན་ག་ནས་འོང་།
༦༧
ལས་དོན་དག་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་འགྲོ་བ་ལ་སྐྱོན་ཡོན་གཉིས་ཀྱི་ནང་ནས་སྐྱོན་གྱི་ཆའམ་མ་འདང་བའི་ཆ་ནས་གཙོ་བོར་གླེང་ན་འགྲིག་འདུག ཕན་ཚུན་གྱི་སྐྱོན་ཆ་གླེང་བ་ནི་ཡར་རྒྱས་ཀྱི་སྔོན་འགྲོ་ཞིག་ཡིན་ཟེར་ལྟར་རེད།
༦༨
བྱ་བ་དང་ལས་དོན་གང་ཐད་ནས་གཞན་ལ་ཁག་འགེལ་བ་ནི་དོན་ལ་རང་གིས་འགན་མ་ཁུར་བ་རེད། འགན་ཁུར་དང་རང་ཚུགས་དེའི་ཁྲོད་དུ།  འདུ་ཤེས་གསར་བ་དང་བསམ་བློ་གསར་བ།  ཆོས་ལུགས་གསར་བ་དང་རིག་གཞུང་གསར་བ་དག་ནང་འདྲེན་བྱེད་ཐུབ་པའི་མི་དང་མིའི་སྤྱི་ཚོགས་དེ་ནི་སྣ་འཛོམས་རང་བཞིན་ཅན་གྱི་སྒོ་རྩིས་ཚོང་ཁང་ཆེན་མོ་ཞིག་དང་འདྲ།
༦༩
རིག་གཞུང་དང་བསམ་བློ་ཡོད་ཚད་ཁྲིམས་འོག་དང་བཙན་མནོན་བྱེད་འདོད་པ་ནི་འཇིག་རྟེན་འདི་མུན་ནག་ཏུ་སྒྱུར་འདོད་པ་དང་རང་ཁོ་ནའི་ཆེད་དུ་འཛིན་འདོད་པའི་ཧམ་སེམས་རེད། གོ་རིམ་དང་བརྒྱུད་རིམ་ཁྲོད་གནས་དགོས་པ་དང་འགྲོ་དགོས་པ་རང་གནས་ཚུལ་ཁ་ཁ་རེད།
༧༠
བློ་སྟོབས་ཀྱི་ནུས་ཤུགས་ངར་མ་དེའི་ཁོར་ཡུག་ལ་དཔལ་ཡོན་དང་ལྡན་པའི་སྤྱི་ཚོགས་སྣུམ་པོ་ཞིག་གྲུབ་ཐུབ། དཔའ་གདེང་བརྗིད་པོ་ཞིག་གིས་བསྐྲུན་པའི་མི་རིགས་དང་རིག་གཞུང་དག་ནི་སུས་ཀྱང་འགོག་མི་ཐུབ་པའི་རང་རྐྱང་པའི་སྒེར་ཚུགས་ཤིག་ཡོད། འདི་ནི་མིའི་རིགས་ཀྱི་སྟོབས་ཤུགས་དང་མི་ཚེ་ནང་གི་མཛེས་པའི་གྲུབ་ཆ་ཞིག་ཀྱང་ཡིན།

༧༡
དཀའ་ཁག་ཡོད་པ་དེ་ལ་སྐྲག་མི་དགོས། དེ་ན་ཐབས་ལམ་ཡོད་ལ།  ཐབས་ལམ་དེ་སྤྱད་ནས་རེ་བ་ཡང་འགྲུབ་ངེས། རིན་ཐང་བྲལ་བའི་བྱ་བཞག་དག་ནི་དཔའ་ངར་དང་ཞུམ་པ་མེད་པའི་སྟོབས་ཤུགས་ལས་བྱུང་ཞིང་། དཀའ་ཚེགས་ཁག་ལ་གདོང་གཏད་པ་ལས་བྱུང་བ་རེད།
༧༢
མིའི་རྣམ་དཔྱོད་ནི་ཧ་ལས་དགོས་པ་ཞིག་རེད་ལ། རྒྱུན་དུ་བློ་རྩེ་གཅིག་སྒྲིམ་གྱིས་བྱ་བར་དོ་སྣང་བྱེད་ཐུབ་ཚེ། མི་ཡུལ་ལ་བློ་ཡུལ་ལས་འདས་པའི་བྱས་རྗེས་འཇོག་ཐུབ་ངེས། རྒྱུན་དུ་བློ་ཕམ་དང་ཡིད་ཆད་མེད་པ་ནི་བྱ་བ་ལེགས་འགྲུབ་ཀྱི་མན་ངག་ཟབ་ཤོས་དེ་རེད།
༧༣
མིའི་རིགས་ཀྱི་ཤེས་བྱའི་ཕྱོགས་བསྡོམས་དང་སྤྱི་ཚོགས་ལེགས་པའི་འཚོ་བཅུད་སྣུམ་པོ་དེ་ནི་དཔེ་དེབ་ལེགས་ཤོས་དེ་རེད། མི་རབས་ཤིག་གིས་མི་རབས་རྗེས་མར་བཞག་པའི་ཁ་ཆེམས་ལྟ་བུ་དཔེ་དེབ་དག་ཡིན། ནམ་ཡང་འགྱུར་བ་མེད་པའི་གྲོགས་མཆོག་ལྟ་བུའང་དཔེ་དེབ་ལེགས་པོ་དེ་དག་རེད།
༧༤
དཔེ་དེབ་ལེགས་ཤོས་དེ་ནི།  འདས་ཟིན་པའི་འཚོ་བའི་སྣང་བརྙན་གསོན་པོ་དང་ཟུངས་ཁྲག་དང་རྔུལ་ཆུ་ལས་བཏོན་པའི་བདེན་དོན། ད་ལྟའི་འཚོ་བར་གཡོ་འགུལ་ཐེབས་བྱེད་ཀྱི་བློ་གྲོས་ཅན་གྱི་གཞུང་ལུགས། དཀའ་ཐུབ་དང་དཀའ་ངལ་ཁྲི་སྟོང་ལ་གདོང་ལེན་བྱེད་ཐབས་ཀྱི་ལག་ཆ། མདོར་ན། མ་འོངས་པའི་མི་རིགས་དང་རིག་གཞུང་།  རྒྱལ་ཁབ་ཞིག་ཀྱང་ཡིན།
༧༥
དཔེ་དེབ་ལ་འདེམས་སེས་བྱེད་པ་དག་ནི་གྲོགས་བཟང་པོ་ཞིག་འཚོལ་བ་ལས་གལ་ཆེན་པོ་དེ་ཡིན། འཛམ་གླིང་གི་ཤེས་འཇོན་གཉིས་དང་ལྡན་པའི་མཁས་པ་དག་ནི་ཕན་བདེ་དང་ནང་དོན་ལེགས་པའི་དཔེ་དེབ་ཡག་པོ་ལྟ་ཀློག་བྱས་ནས་བྱུང་པ་མ་གཏོགས།  གང་བྱུང་གི་དཔེ་དེབ་དག་ལྟ་ཀློག་བྱས་ནས་བྱུང་བ་མ་རེད་དོ།། དཔེ་དེབ་ནི་ཤེས་བྱའི་འབྱུང་རྩ་དང་གལ་གནད་ཆེ་ས་ཡིན་པས། སྟབས་མ་ལེགས་ན་དེ་ལས་ལྡོག་པའི་ཉེས་པའི་འབྱུང་རྩ་ཡང་འགྱུར་སྲིད་པས་གཟབ་ནན་བྱེད་དགོས།
༧༦
སྐྱེས་བུ་དམ་པས་ཡ་རབས་ལ་སློབ་སྦྱོང་བྱེད་ཐབས་དང་བླུན་པོས་ཡ་རབས་ལ་ལད་ཟློས་བྱེད་སྟངས་གཏན་ནས་མི་འདྲ། གཞན་གྱིས་རང་ལ་བརྩི་བཀུར་འཐོབ་དགོས་ན་རང་ཉིད་ང་རྒྱལ་མེད་པར་རང་ཚོད་ཟིན་ན་དགའ། མི་ཞིག་གི་མི་ཚེའི་རིན་ཐང་ནི་བྱ་བར་གོ་རིམ་དང་འཆར་གཞི་མ་ནོར་བའི་བྱ་བཞག་ལ་རག་ལུས་པ་ལས་མི་ཚེ་རིང་ཐུང་ལ་ལྟོས་པ་མེད།
༧༧
རང་ཁོ་ནའི་ཆེད་དུ་འཚོ་གནས་འཚོལ་བ་ནི་དུད་འགྲོའི་བྱ་སྤྱོད་དང་། མི་རིགས་ཤིག་གི་མདུན་ནས་ངོ་ཚ་དགོས་པ་དང་ཁྲེལ་མེད་པ་ཞིག་རེད། གཞན་དོན་དུ་འཚོ་གནས་བྱེད་ཐུབ་ཚེ། ཁྱེད་ལ་སྟོབས་ཤུགས་མ་ལུས་པ་ཀུན་འཐོབ་ཐུབ་ལ། གཞན་གྱིས་ཡིད་སྨོན་འཆོར་སའི་ཁྱད་དུ་འཕགས་པ་ཞིག་ཡིན།
༧༨
མིའི་སྤྱི་ཚོགས་ཀྱི་ངོས་ནས་བཤད་ན་དབང་ཆ་སྟོབས་ཤུགས་ཅན་དང་དྲང་བདེན་བྱེད་མཁན་དེ་ཁྲིམས་ཡིན་ལ། མི་སྒེར་སོ་སོའི་ངོས་ནས་གླེང་ན་དབང་ཆ་སྟོབས་ཤུགས་ཅན་དང་དགོས་ངེས་པ་དེ་ལས་རྒྱུ་འབྲས་བརྩི་རྒྱུ་དེ་རེད། སྐྱ་སེར་ཐམས་ཅད་ལ་གལ་ཆེ་བ་དེ་ནི་གཤིས་རྒྱུད་དྲང་རྒྱུ་དེ་རེད། གཤིས་རྒྱུད་དྲང་ན་ལས་འབྲས་ངང་གི་བརྩི་ཡོང་།
༧༩
རང་ཉིད་ཀྱི་བདེ་ཐང་ལ་དགའ་ཞེན་མེད་པའི་མི་དེ་ནི་རང་ཉིད་ཀྱི་སྨན་པ་ལ་དགའ་བོ་མེད། རང་ཉིད་དཔེ་དེབ་དང་ཤེས་ཡོན་ལ་དགའ་བོ་མེད་ཚེ་བཤེས་གཉེན་དང་དགེ་རྒན་ལ་དགའ་ཞེན་དེ་བས་མེད། བཅོས་མ་དང་གཡོ་སྒྱུའི་རྣམ་པས་གཞན་ལ་བརྩི་བཀུར་གཡོ་ལེན་བྱེད་པ་ལས་ཕྱི་གསལ་ནང་གསལ་གྱིས་བྱ་སྤྱོད་ལས་གཞན་ལ་ཞེན་པ་ལོན་ཀྱང་གནས་ལུགས་དང་མཐུན།
༨༠
འདོད་ཧམ་ཅན་གྱི་མིས་རང་གི་སྙན་གྲགས་དང་རང་དོན་གཙོ་བོར་དོན་གཉེར་བྱེད་ལ། གཟི་བརྗིད་དང་ལ་རྒྱ་ཅན་གྱི་མིས་རང་གི་མི་རིགས་དང་རྒྱལ་ཁབ་གླེང་སློང་དང་དེའི་ཆེད་དུ་འབད་བརྩོན་བྱེད། རྫུན་གཏམ་ཅན་གྱི་མིར་ཐོབ་པའི་འབྲས་བུ་ནི། མཐའ་མར་དྲང་པོར་བཤད་ཀྱང་གཞན་གྱིས་ཡིད་ཆེས་འཐོབ་དཀའ་བ་དེའོ།།
༨༡
ལྷག་བསམ་དང་བརྩོན་འགྲུས་གཉིས་ནི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་གྲོགས་པོ་ཡག་ཤོས་གཉིས་ཡིན། བྱ་བ་ལམ་འགྲོ་མ་རྒྱུགས་པའི་སྐབས་ཁྱེད་ལ་དགོས་པ་ནི་བཟོད་སྒོམ་དང་ཡིད་ཆད་མེད་པ་དེ་ཡིན།    དེ་ནི་ལས་ངན་པའི་འབྲས་བུར་བསམ་བློ་བཏང་ནས་བདེ་བར་བཞུགས་དང་སྤྲོ་དགའི་དུས་ཤིག་འཆར་ཡོངས་ངེས།
༨༢
གནས་ལུགས་དང་ཤེས་ཡོན་བྱང་ཆུབ་པའི་མཁས་པའི་སློབ་སྟོན་གྱི་སྙིང་སྟོབས་ནི་དཔའ་པོའི་མཚོན་རྟགས་བླ་ན་མེད་པ་དེའོ།། རང་ཉིད་ལ་དྲང་བདེན་མིན་པའི་ཆག་སྒོ་བྱུང་ཡང་སྤྱོད་ལམ་ཚད་དང་ལྡན་པར་རྒྱུན་གཏན་ངེས་ལ། རང་ཚུགས་ཚད་ལྡན་ལ་འགྱུར་བ་མེད་པ་ནི་སྐྱེས་བུ་དམ་པའོ།།
༨༣
མིའི་རིན་ཐང་ནི་བྱས་རྗེས་བཞག་ཡོད་མེད་ལ་བལྟ་རྒྱུ་ལས་ཁོ་ལ་གོ་ས་ག་རེ་ཐོབ་ཡོད་མེད་ལ་བལྟ་རྒྱུ་དེ་མིན།འཚོ་བ་ཞིག་གི་ལམ་ལ་གདམ་ག་བྱས་རྗེས་སྙིང་སྟོབས་ཞུམ་པ་མེད་པར་མཐའ་འཁྱོལ་དགོས་པ་ལས་ཕྱི་བཤོལ་དང་བག་འཁུམས་གཏན་ནས་བྱེད་མི་རུང་། མི་ཚེ་ནི་ཚད་བཀག་ཅན་ཞིག་ཡིན་ནའང་སྙིང་སྟོབས་ནི་ཚད་བཀག་མེད་པར་འཕུར་བསྐྱོད་བྱས་ཆོག
༨༤
ཁྱེད་རང་གསོན་པོར་གནས་ཡོད་ཀྱང་ཤི་སོང་བ་དང་ཁྱད་པར་མེད་པ་དེ་ནི་ཤེས་ཡོན་དོར་བ་དེ་རེད། ཡང་ན་མི་ཞིག་འཚོ་བར་རེ་བ་གང་ཡང་མེད་པར་ཉི་མ་གང་འཁྱོལ་བྱས་ནས་འཚོ་སྡོད་བྱེད་པ་ནི་དོན་དངོས་ཐོག་ཁྱེད་རང་ཤི་སོང་བ་དང་ཁྱད་པར་མེད། མི་ཚེ་ངོ་མ་དེ་ནི་དཀའ་སྡུག་གི་འཐབ་རྩོད་བརྒྱུད་ནས་བྱུང་བའི་གྲུབ་འབྲས་དེ་རེད། དཀའ་སྡུག་བརྒྱུད་མྱོང་མེད་པའི་མི་ནི་མིག་ཡ་གཅིག་ཅན་དང་མཚུངས་སོ།།
༨༥
མི་ཚེའི་གྲུབ་འབྲས་ནི་བྱ་བ་གང་བརྩོན་ལེན་བྱས་པ་ལ་རག་ལུས་པ་ལས། ཁོར་ཡུག་གང་ཞིག་བདག་དབང་བྱས་པ་ལ་རག་ལུས་མེད། རྣམ་དཔྱོད་ཅན་གྱི་བློ་སྟོབས་ཆེན་པོས་ལས་དབང་གིས་བསླངས་པའི་སྡུག་བསྔལ་མཐའ་དག་སེལ་ཐུབ། ལས་ཀ་གཞན་ལ་ཁག་དཀྲི་བ་ནི་སེམས་ཤུགས་མེད་པའི་གཉོམ་ཆུང་ནུས་མེད་ཚོས་ཁ་གཡར་ས་ཞིག་ཡིན།
༨༦
བྱ་བ་གང་ཡིན་ཀྱང་ལེགས་འགྲུབ་བྱུང་རྒྱུའི་མན་ངག་ནི་རྐྱེན་དང་འཕྲད་སྐབས་རང་ཉིད་བློ་ཕམ་དང་ཡིད་ཆད་མེད་པ་དེ་རེད། ཕམ་ཉེས་ལས་བསླབ་བྱ་ལེན་ཤེས་རྒྱུ་ལས་ཕམ་ཉེས་ངོས་ལེན་དང་གདོང་ལེན་བྱ་རྒྱུར་སྐྲག་སྣང་སྐྱེས་མི་རུང་། ཕམ་ཉེས་ཀྱི་རྗེས་སུ་ཐབས་ཤེས་ཤིག་རྟོགས་ཐུབ་ན་ཕམ་ཉེས་དེ་ནི་ལེགས་འགྲུབ་དང་རིན་ཐང་གཅིག་མཚུངས་ཡིན།
༨༧
ཕྱོགས་རེས་པའི་བརྩེ་བ་དང་དུང་བའི་དབང་དུ་སོང་པའི་འཇིག་རྟེན་པའི་ཀ་ཕལ་ཆེ་བ་ལྐོག་ཟ་རུལ་སྲུང་བའི་རྣམ་པ་ལྟ་བུ་རེད། གནས་ལུགས་དང་བདེན་པའི་ལམ་ཀ་མང་ཆེ་བ་ཚོར་སྣང་ཙམ་ལ་བརྗེ་བའི་རྣམ་པ་འདི་ཡང་ཞེན་ཆགས་ཙམ་གྱིས་དྲུད་ནས་བྱུང་།
༨༨
མི་སེམས་ལ་རྨ་ཁ་བཟོ་བྱེད་ནི་ཁྱད་གསོད་ཀྱི་མཚོན་ཆ་དེ་རེད་ལ། མི་ལ་དང་བ་འདྲེན་བྱེད་ནི་གཞན་ཕན་ཀྱི་རྣམ་དཔྱོད་དེ་རེད། རྒྱུན་དུ་གཞན་གྱི་ཆེད་དུ་འབུལ་བཞིན་པའི་ལྷག་བསམ་ཅན་དེ་སེམས་ནང་གི་ནོར་བུ་ཡིན་ལ། རྒྱུན་དུ་རང་གི་ཆེད་དུ་གཞན་ལ་ཐུབ་ཚོད་བྱེད་མཁན་དེ་དག་མིག་ནང་གི་ཚེར་མ་ཡིན།
༨༩
འཇིག་རྟེན་འདིར་མཚོན་ཆ་སྤུ་གྲི་རྣོན་པོ་ལས་རྣམ་པར་རྒྱལ་བྱེད་ནི་རྣམ་དཔྱོད་ལྡན་པའི་སྙིང་སྟོབས་དེ་རེད། མི་ཚེའི་བདེ་སྐྱིད་ནི་ཤེས་རབ་ཀྱིས་བསྐྲུན་པའི་ཀུན་སྤྱོད་བཟང་པོ་ལས་གསེར་དངུལ་དང་རྒྱུ་ནོར་ལ་བལྟོས་པ་མེད། མི་རྣམས་ལ་ཀུན་སྤྱོད་ཀྱི་ཚད་གཞི་མི་ལྡན་ཚེ་འཇིགས་སུ་རུང་བ་དང་མི་ཡུལ་གྱི་མཚོན་ཆ་རྣོན་པོ་ཞིག་རེད།
༩༠
གཞན་གྱི་འཚོ་བ་དང་སྤྱོད་ཚུལ་ལ་སྣང་ཆུང་བྱས་དྲགས་ན་ན་གཞོན་ཚོའི་སྤྱོད་ངན་ཡ་ང་བ་དེ་དག་ཐོན་གྱིན་ཡོད། ངོ་ཚ་ཁྲེལ་གཞུང་མེད་པའི་མི་དེ་ནི་རེ་བ་དང་ཡིད་ཆེས་བཅོལ་ས་མེད་པ་དེ་རེད། རང་ཉིད་གནས་སའི་ཁོར་ཡུག་ཏུ་མི་ཡོད་མེད་ལ་མ་བལྟོས་པར་ངོ་ལྐོག་མེད་པར་ཚུལ་ཁྲིམས་དང་ཀུན་སྤྱོད་དག་བརྩི་སྲུང་བྱེད་དགོས།
༩༡
དོན་དངོས་དང་ལྡན་པའི་བསམ་བློ་བ་བྱ་རྒྱུ་ལས་བསམ་བློ་བར་ལད་ཟློས་བྱས་ནས་ཕྱི་ཚུལ་གྱི་བསམ་བློ་བ་བྱེད་མ་རུང་། མཁས་པ་ལ་རང་སྐྱོན་ངོས་ལེན་བྱེད་ཐུབ་པའི་སྙིང་སྟོབས་ཡོད་ལ། བླུན་པོ་ལ་རང་ཉིད་མཁས་པར་རློམ་པའི་ང་རྒྱལ་ཡོད། རྒྱུན་དུ་འཁང་ར་འབའ་ཞིག་བྱེད་མཁན་གྱི་མི་དེ་ལ་བསམ་ཚུལ་ཡང་དག་པ་གང་ཡང་མེད་ཅིང་། ལས་ཀ་སྒྲུབ་མི་ཤེས་ལ་ལས་ཀར་གཡོལ་མཁན་དེ་ཁོ་ཡིན།
༩༢
ངོ་ཚབ་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་ཀྱི་དེང་རབས་དམངས་གཙོའི་ཆབ་སྲིད་ནི་འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་པའི་ལམ་ཀ་དེ་རེད། ལམ་ཀ་དེས་ནི་མི་ཉུང་ཤས་ཤིག་འགེབས་སྲུང་དང་སྐྱོང་རྒྱུ་མ་གཏོགས། མི་མང་ཤོས་ཤིག་འགེབས་སྲུང་དང་སྐྱོང་རྒྱུའི་འཆར་གཞི་སྔ་ས་ནས་མེད། སྒེར་གཅོད་ནི་དྲག་ཤུགས་རྨང་གཞིར་བྱས་པའི་གྲུབ་འབྲས་རེད། དམངས་གཙོའི་ཆབ་སྲིད་ངོ་མ་ནི་སྤྱི་ཡོངས་ཀྱི་བསམ་བློའི་རྣམ་དཔྱོད་རྨང་གཞིའི་སྟེང་བཙུགས་པ་ཞིག་ཡིན།
༩༣
དྲང་པོའི་གཏམ་གླེང་ནས་ཉེས་རྡུང་གཟེད་དགོས་ནའང་སྐྱག་རྫུན་དང་གཡོ་སྒྱུས་ཉེས་པ་གཡོལ་ཐབས་གཏན་ནས་བྱེད་མི་རུང་། ཁས་ལེན་ཉུང་ཙམ་དང་བྱ་བ་མང་ཙམ་བསྒྲུབས་ན་དགའ། གནོད་སེམས་གཞན་ལ་བཅངས་དྲགས་ན་ལས་ལམ་རང་ལ་འཁོར་ངེས་ཡིན། རང་ཚོད་མེད་པར་རང་སྣང་གང་དྲན་བྱས་ཚེ་གནོད་འཚེ་ལས་བདེ་སྐྱིད་མེད།
༩༤
ལྷག་བསམ་དང་བློ་རིག་གསལ་བའི་གྲོགས་མཆོག་ཞིག་ཡོད་པ་ནི་མི་ཚེ་བདེ་སྐྱིད་དང་ནོར་གྱི་མཆོག་དེ་ཡིན། རྒྱུན་དུ་གཞན་ལ་བྱམས་བརྩེ་དང་གུས་བཀུར་བྱེད་དགོས་པ་ལས་གཞན་གྱི་གྲུབ་འབྲས་དང་ཡོན་ཏན་ལ་ཕྲག་དོག་གི་བསམ་པ་གཏན་ནས་འཆང་མི་རུང་།  སྦྱང་བའི་ཡོན་ཏན་ཅན་ལས་གཤིས་བརྒྱུད་བཟང་པོ་ཅན་གྱི་གྲོགས་དེ་བདམས་དགོས།
༩༥
དོགས་པ་བྱེད་སའི་མི་དེ་གནད་འགག་སྐབས་སྐྱོབ་མཁན་དང་ཡིད་ཆེས་བྱེད་སའི་མི་དེ་ལྐོག་ནས་རང་ཉིད་བཙོང་མཁན་དུ་འགྱུར་བའང་ཡོད་སྲིད་པས། རྒྱུན་དུ་ཡིད་གཟབ་དང་རང་ཚུགས་བརྟན་པོ་གནང་དགོས། སྡུག་བསྔལ་དང་ཡིད་སྐྱོ་བའི་གནས་ཚུལ་ལས་སྦྱོང་བརྡར་དང་གོ་བརྡ་མང་པོ་ཞིག་འཕྲོད་ངེས།
༩༦
མི་རིགས་དང་མི་རིགས་ཤིག་གི་རིག་གནས་འཚོ་བ་དག་ནི་འཐབ་རྩོད་དང་རང་སྲོག་བློས་གཏོང་བྱས་ནས་ཐོབ་པ་ཤ་སྟག་ཡིན་ལ། འདི་དག་གི་མ་འོངས་པ་ཡང་ཐབས་ལམ་འདི་ལྟར་བརྩོན་ལེན་བྱས་ནས་འགྲུབ་དགོས། འདི་ཡང་ཤེས་འཇོན་གཉིས་ལྡན་ཅན་གྱིས་ལས་དོན་སྒྲུབ་རྒྱུ་དང་རྣམ་དཔྱོད་ཤེས་རབ་ཅན་གྱི་གསར་གཏོད་བྱས་ནས་འགྲོ་དགོས།
༩༧
མི་ཚེ་ནི་དཀའ་ཚེགས་ཆེན་པོ་ཅན་ཞིག་ཡིན་ལ། ལེ་ལོ་ནི་ཉེས་པའི་འབྱུང་ཁུངས་དང་དབུལ་ཕོངས་ཀྱི་གཞི་རྩ་དེ་ཡིན། བདེ་སྐྱིད་ནི་དཀའ་སྡུག་བཟོད་བསྲན་བྱེད་ཐུབ་པ་དེ་ཡིན། དེའི་གཞི་རྩ་ཡང་ཤེས་ཡོན་ལ་རག་ལས་ཡོད། མི་ཡུལ་ནི་འཐབ་ར་ཆེན་པོ་ཞིག་ཡིན་ལ། འཐབ་རྩོད་ལས་རྒྱལ་དགོསན་རྣམ་དཔྱོད་བེད་སྤྱོད་གཏོང་དགོས།
༩༨
རང་ཉིད་མི་གཞན་གྱིས་གཙིགས་མཐོང་ཆེན་པོ་བྱེད་སྐབས་རང་ཉིད་ཀྱི་ཤེས་ཡོན་ཐད་ཀྱི་ཞན་ཆ་དང་འཐུས་ཤོར་དག་འགེབས་སྲུང་བྱེད་མི་རུང་། སྤོབས་པ་ཆེན་པོ་ཅན་གྱི་མི་ལ་ངོ་བསྟོད་བྱེད་མཁན་མང་ན། ཉེན་ཁ་ཆེན་པོ་བཟོ་སྲིད་པས་གཟབ་དགོས།
༩༩
དུས་རབས་ཀྱི་འཕེལ་འགྲིབ་རེ་རེར་བདེན་དོན་རེ་རེ་མངོན་གསལ་དོད་ནས་འབྱུང་སྲིད། འདི་ཡང་ཤེས་རབ་ལས་འཁྲུངས་པའི་དགའ་ཞེན་ཡིན། ནོར་འཁྲུལ་དང་གཡོ་སྒྱུའི་ཁ་གཏད་ནས་བདེན་དོན་དེ་རྣམ་པར་རྒྱལ་ཡོང་། མི་ཚེ་བདེན་དོན་གྱི་ཆེད་དུ་འཐབ་རྩོད་དང་འབད་བརྩོན་བྱེད་པ་ནི་དགའ་འོས་པ་དང་སྤྲོ་སྣང་ལྡན་པ་ཞིག་རེད།
༡༠༠
བདེན་དོན་དང་མིའི་ཐོབ་ཐང་ནི་སྨྲ་བརྗོད་རང་དབང་ནས་དཔལ་འབྱོར་འདྲ་མཉམ་བར། རྟགས་མཚུངས་གཉེན་བསྡེབས་ནས་ཆབ་སྲིད་བདག་དབང་བར། མི་སེར་དཀྱུས་མ་ནས་རྒྱལ་ཁབ་སྲིད་འཛིན་བར་ཐོབ་དགོས་པ་དང་རྩོད་དགོས་པའི་གནད་དོན་དེ་རེད། རང་དབང་།  དད་མོས། བདེ་འཇགས། གཉའ་གནོན་ལ་ངོ་རྒོལ་བྱེད་པ་བཅས་ནི་རང་བྱུང་ལྟ་བུ་འགྱུར་བ་མེད་པའི་ཐོབ་ཐང་ཡིན། ཁྲིམས་བཟོ། ཁྲིམས་འཛིན། སྲིད་སྐྱོང་བཅས་དམངས་གཙོ་ཀ་བ་རྣམ་གསུམ་མམ་དབང་ཆ་སུམ་ཚུགས་ཅན་གྱི་མདུན་སར་ཡང་བདེན་དོན་དང་ཐོབ་ཐང་གཙོ་བོ་ཡིན།
༡༠༡
སྟེས་དབང་གི་འདི་འདྲའི་ལས་བཟང་པོ་ཐོབ་པ་ངོ་ཤེས་དགོས་ལ།  གཡོ་ཐབས་ཟོལ་སྦྱོར་ལྟ་བུའི་བྱ་བྱེད་དག་ནི་རང་གཞན་ཐམས་ཅད་ཀྱི་གཟབ་དགོས་པའི་གནད་དོན་དེ་རེད། ལ་ལ་སྟེས་དབང་རེད་ལ། ཡོན་ཏན་ནི་བརྩོན་འགྲུས་ཀྱིས་རྗེས་་འགྲོ་ལས་ཐོབ་ཞིག་ཡིན་པ་ཧ་གོ་དགོས།
༡༠༢
ཐབས་རྡུགས་དང་ཅོལ་ཆུང་གི་བསམ་བློ་ནི་དམིགས་ཡུལ་འགྲུབ་ཐུབ་མེད་པའི་ལམ་ཀ་དེ་རེད། བྱ་བར་ཞིབ་འདང་ཕོག་ནས་དེ་འཕྲད་ལག་ལེན་བྱེད་པ་ནི་འཚོ་བའི་དགོས་མཁོ་རེད། ཕམ་ཁ་ཅི་ཙམ་འཁུར་ཡང་ཡིད་མི་ཆད་པ་ནི་དམིགས་ཡུལ་མངོན་འགྱུར་བྱེད་ཐབས་ལེགས་ཤོས་དེ་རེད།
༡༠༣
སྒྲུབ་ན་འགྲུབ་ངེས་སྙམ་པའི་ཡིད་ཆེས་ཡོད་པ་ནི་གོ་སྐབས་ཤིག་ཡིན་པས་དམ་འཛིན་བྱེད་དགོས། གོ་སྐབས་ནི་སྐབས་འགར་མ་གཏོགས་མེད་པའི་གནད་འགག་དེ་ཤེས་དགོས། འདི་ཡང་དུས་ཚོད་ལ་གཅེས་སྤྲས་བྱེད་དགོས་པ་དེ་རེད།
༡༠༤
གཤིས་རྒྱུད་བབས་ཆགས་དང་བརྗིད་ཉམས་ལྡན་པའི་མི་ནི་རྒས་པའི་གནས་སྐབས་དང་ཕམ་པའི་སྐབས་ལའང་འཇིགས་མེད་ཀྱི་སྤོབས་སེམས་ཤིག་ཡོད། གཤིས་ཉམས་འདིས་སྐབས་ལ་ལར་དམག་དཔུང་བཟློག་ཐུབ་པའི་མཚོན་ཆ་ཞིག་ཀྱང་ཡིན་སྲིད།
༡༠༥
ཁྱེད་ལ་ལས་ཀ་ཅི་ཡང་མེད་དུས་ཁྱོད་འཇིག་རྟེན་འདིར་ཆེས་ཐབས་རྡུགས་དང་སྡུག་བསྔམ་ཅན་དེ་ཡིན། རང་ཉིད་ཀྱི་ཕུགས་བསམ་དང་སེམས་འདུན་མིའི་མདུན་ནས་ངོམས་སོ་བྱས་ན་བར་ཆད་འབྱུང་ངེས།མྱུར་དུ་བྱ་བའི་ལས་ལ་འཇུག་རྒྱུ་ནི་གྲུབ་འབྲས་ཐོབ་པའི་རྒྱུ་རྐྱེན་ཨང་དང་པོ་དེ་ཡིན།
༡༠༦
སྤོབས་པ་དང་སྙིང་སྟོབས་ནི་སྦྱོང་བརྡར་ཁྲོད་སྐྱེད་སྲིང་བྱེད་ཐུབ་པ་ཞིག་ཡིན། རང་ཚུགས་བརྟན་པོ་དང་བློ་རིག་སྦྱང་གྲུང་ལྡན་པའི་མི་ལ་བརྩེ་དུང་གིས་བསྒུལ་ཤུགས་ཐེབས་མི་སྲིད། སྤྱོད་ལམ་ཐམས་ཅད་རུལ་སུངས་སུ་གྱུར་ཚེ། དགའ་ཞེན་ཟེར་བ་ཡང་མ་རབས་ཐ་ཤལ་བ་ཅན་ཡིན།
༡༠༧
ཚད་ཡོད་དང་ཚད་གཞི་ཅན་གྱི་ན་ཚོད་ལ་བརྟེན་ནས་ཚད་མེད་པའི་ཡོན་ཏན་སྦྱོང་རྒྱུ་འདི་མི་ཚེ་སྙིང་བོ་ལེན་སྟངས་གཅིག་རེད། དཀའ་ཚེགས་ཁྲོད་དཀའ་ངལ་སེལ་ཐུབ་ལ། འཐབ་རྩོད་ཁྲོད་དཔའ་ངར་འཐོབ་ཐུབ།ཕྲུག་གུ་དཀྱུས་མ་ཞིག་ལའང་སློབ་གསོ་ཡག་པོ་ཐེབས་ཚེ།ཕུལ་བྱུང་མི་སྣ་ཞིག་ཆགས་རྒྱུར་དཀའ་ཁག་མེད།
༡༠༨
བསམ་བློ་བ་ཞིག་ཡིན་ཚེ། རང་ཁོ་ནའམ་ཁྱིམ་ཚང་གཅིག་གི་ཆེད་དུ་འཚོ་བ་དོན་དུ་གཉེར་བ་ནི་སྒེར་སེམས་ཅན་གྱི་དུད་འགྲོའི་བྱ་སྤྱོད་རེད་ལ། ངོ་ཚ་དགོས་པ་ཞིག་ཀྱང་རེད། རྒྱུ་ནོར་ལོངས་སྤྱོད་ལ་རྔམས་དྲགས་པ་ནི་རྒྱུ་ནོར་ལོངས་སྤྱོད་ཀྱི་བྲན་གཡོག་ཏུ་ཚུད་པའི་རྟགས་རེད། མི་ཚེ་དང་དུས་ཚོད་ནི་ཚེ་སྲོག་གི་གྲུབ་ཆ་ཡིན་པས་རྒྱུ་ནོར་གྱི་ཆེད་དུ་གཏོང་མི་རུང་ངོ་།།       རྫོགས་སོ།།

༢༠༡༥

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d