ཐོ་ཡོར།༼དཀར་མཛེས།༽

ལས་དབང་ལྟར་སྨོན་ལམ་བརྒྱབ་པ།

ཕན་ཚུན་འཕྲད་དེ་ཡིད་འོང་ཆུ་ཕྲན་མིག་གི་མཐའ་ནས་འཕྱུར།།
ཆུ་བོ་རབ་མེད་གླིང་བུའི་བུ་གར་ལོ་མའི་བྱེའུ་འཕུར་བ་ཡང་།།
ཅི་ཕྱིར་དེང་ནས་བཟུང་སྟེ་ཡིད་ཙམ་མ་འགོར་རྡོ་ལ་ཐོགས།།
དེའི་ཚེ་ཆུ་ནང་ཞུགས་པའི་འགྲོ་བས་བདག་ལ་ཚིག་ལན་བྱུང་།།
ཤིན་ཏུ་དྭངས་བའི་ཆུ་ནང་ཟླ་འོད་དང་འགྲོགས་ནས།།
གྲང་བའི་ཉམ་ཐག་པདྨ་རླབས་ཀྱི་བརྩེ་བས་གསལ་བར་བྱས།
དེ་ནས་ཇ་སྐོལ་མེ་འབུད་ཡིད་མཐུན་སྒུག་པའི་ལོང་མ་བྱུང་།།
ལམ་འཛོལ་བྱུང་ལྟར་བྲང་ཁའི་སྙིང་ཆུང་ལིང་ལིང་འདར་བ་མཐོང་།།
འཁོར་བའི་རྒྱ་མཚོས་སྣུབ་པའི་མི་དག་རྗེས་སུ་འཛིན་པའང་མཐོང་།།

དེ་ལྟར་ནམ་ཡང་ལྷན་ཅིག་སྐྱོ་བའི་ཤུགས་ཀྱིས་འགྲོགས་པར་ཤོག།
དེ་ལྟར་ནམ་ཡང་གདུང་བའི་རྒྱུན་དང་ལྷན་ཅིག་བདེ་བར་ཤོག།

2016.7.15.ཉིན་སྲང་ལམ་ཞིག་ནས་ཙོག་པུར་བསྡད་དེ་བྲིས།


སེམས་གཏམ།

སྲིད་པའི་སྐྱོ་གར་ཧ་ཅང་དགོད་རེ་བྲོ།།
ལས་ལ་བསྐོས་པའི་མི་དག་རྒྱང་དུ་འགྲོ།
ལན་རེར་ཆ་རྒྱུས་མེད་པའི་མི་ཡི་སར།།
དགའ་སྡུག་སྣང་བ་ཆུ་བཞིན་ལྷུང་ལྷུང་འབབ།།
ལན་བུའི་མདངས་ལ་སྲོད་ཁའི་མཚམས་སྤྲིན་ངུ།།
སྨུག་པ་ཡང་ནི་སྨྲེང་བའི་ལམ་ནས་རྒས།།
ཁྱོད་ཀྱིས་ཕལ་བའི་གོས་ཀྱིས་མེ་ཏོག་གཙགས།།
ངོས་ཀྱིས་ཕལ་བའི་མིག་གིས་ཁྱེད་རང་མཐོང་།།

རྐང་སྣམ་སྔོན་པོ་འདབས་ཁ་ཅུང་ཙམ་རྫེ།།
དཀར་འཇམ་ཉྭ་ལ་བསིལ་རླུང་རན་ཙམ་ལྡང་།།
སྟོད་ལྭ་ནག་པོ་དེ་ཡང་ཡི་གར་འོང་།།
གདུང་བའི་ཉིན་སྲིབ་གཉིས་ཀྱི་མུན་པ་སེལ།།
ཚི་ལེན་སྐྱ་བོར་དྲན་པའི་ན་བུན་འཁྲི།།
ངོས་ནི་ཁྱེད་ཀྱི་ཟུར་ན་སྙིང་ཆུང་ལྡིང་།།
ངག་འཇམ་བསིལ་བའི་སྒྲ་ལ་སེམས་ཀྱིས་ཉན།།
མིག་གིས་ཕུར་ཚུགས་ཞལ་ལ་ལྟ་མི་ཕོད།།
ཡིད་འོང་གཞིས་འདི་ལོགས་སུ་བསྐྱུར་མི་ཕོད།།
གཞིས་འདིས་ཁྱོད་དང་འཕྲད་པའི་དུས་ཚོད་རུམ།།
ཉི་མ་ལ་མོ་བརྒལ་ཡང་སྣང་བ་དྲོ།།

ལྗོན་པའི་གྲིབ་འོག་འདི་ནས་མྱང་འདས་ཐོབ།།
ཁྱེད་རང་ལྗོན་པའི་ཡལ་གར་ཁེན་སྣང་ཤར།།
འཁོར་བའི་དཔྱིད་ཀ་འདི་ཀ་ཙམ་ཡིན་ཏེ།།
རླུང་བུའི་མཛེས་སྡུག་ཁྱེད་ཀྱི་སེམས་ནས་འཕྲོས།།
གཙང་བོའི་འཁྱག་རོམས་ཁྱེད་ཀྱི་གདོང་ནས་ཞི།།
སྲང་ལམ་འདི་ན་མེ་ཏོག་ཅི་ཙམ་བཞད།།
སྲང་ལམ་འདི་ན་སྲོག་ལྡན་ཅི་ཙམ་འཚོ།།
ཁྱེད་རང་མིག་ནང་བབས་པའི་བར་སྐབས་འདིར།།
ངོས་ཀྱིས་དེ་ལ་སེམས་ཁྲལ་བྱེད་མི་སྲིད།།

ཀྱེ་མ་ད་ཆ་ངོས་ཀྱི་མིག་མདུན་ནས།།
ཁྱེད་རང་ཕྱིན་པ་རྨི་ལམ་ཡིན་ནམ་སྙམ།།
མཛའ་བོའི་ལག་པར་འཁྱུད་ནས་རིང་སར་ཕྱིན།།
ཞབས་ཕྱགས་གཉིས་ཀྱི་ཐྲིག་སྒྲ་གྲག་པ་ནི།།
གཅོང་རོང་ཉམས་ངའི་ནང་གི་ཕྱིར་མིག་འདྲ།།
ཞེ་ཡི་གསང་བ་བྲུག་ན་ཅི་ལྟར་བྱ།།
རྣམ་ཤེས་ཕྱི་ནང་ཀུན་ཏུ་དགུན་ཁ་ཚེས།།
ཁྱེད་ཀྱི་རྒྱབས་གཟུགས་སྟེང་དུ་ཉི་ནུབ་འཆར།།
ངོས་ཀྱི་རྒྱང་མིག་ནང་དུ་མུན་ནག་འཕྱུར།།
ཚེ་འདིའི་མེ་ལོང་ནང་དུ་ཅི་ཞིག་བདོག།།
སྨྲེང་བའི་མཚོ་ནང་གླིང་བུ་འབུད་པ་འམ།།
གྲུ་ཤན་རྨས་མ་སེམས་ནས་གཏོང་བ་འམ།།
འཁྲེངས་བའི་རས་འདི་ཆུ་ལ་སྣུབ་པ་འམ།།
སྐྱོ་བའི་ཐབ་ཀ་བཙུགས་ཀྱང་སུ་ཞིག་བསུ།།

2016.3.28.ཉིན་གསེར་ཐང་ནས་བྲིས།


འོ་སྐོལ།

ཀྱེ་མ་འོ་སྐོལ་སེམས་ཀྱི་རབ་ཁ་ནས།
ཡི་མིག་གྲུ་ལ་ཞུགས་ནས་མགོ་བོ་དགྱེ།།
མདུན་གྱི་ནམ་མཁར་རྡོ་ཡི་ཉི་མ་ཤར།།
ཚེ་འདིའི་ལ་ཐང་གཉིས་ལ་ཚད་པས་དེད།།
འཁོར་བའི་རྩིག་པའི་ངོས་ཀྱི་འཛོམས་ཆིང་ཞིག།
ལས་ཀྱི་སྒོ་ལྕགས་བྲང་ལ་ཁེན་ཏེ་ངུ།།
མི་འདོད་འོབས་སུ་ལྷུང་བའི་འོ་སྐོལ་ཅག།
རྔུལ་ཆུས་བརླན་པའི་རྟ་ཕོ་ཞིག་ལ་ཞོན།།

ཤིང་སྒོ་ཤར་ནས་རྒྱག་ཅིང་ནུབ་ནས་ཕྱེ།།
ར་སྐོར་ནང་དུ་ཚེ་གཅིག་གོམ་བརྒྱབ།།
རྡུལ་དང་གྲིབ་མའི་སྣང་བ་དཔག་མེད་པ།།
དཔད་མེད་སྙིང་རྗེས་འགྲོ་བ་ཀུན་ལ་འགྱེད།།
ནམ་ཞིག་ཆར་བས་སྦང་ཚེ་ཟླ་འོད་ཀྱང་།།
དམིགས་གཏད་མེད་པའི་གནས་སུ་འཁྱམས་ནས་ནི།།
དགའ་དང་སྡུག་པའི་ནགས་ཚལ་རི་མོར་ཕབས།།
རི་མོའི་ཁོག་ལ་མེ་ཡི་སྙིང་བོ་བཅུག།
མྱ་ངན་མུན་པའི་ལག་པ་གསལ་བར་བྱས།།
སྔོན་ཚེ་ཉིད་ནས་འཁྲུལ་བའི་འོ་སྐོལ་ཀྱང་།།
བུམ་ནང་བླུགས་པའི་བུང་བ་ཞིག་ཏུ་གསལ།།

༢༠༡༦ ༦ ༢༢ ཉིན་ཕ་ཡུལ་ནས་བྲིས།


སྙན་ངག་པའི་མཚན་མོ།

ཁང་པའི་དཀྱིལ་དུ་འཁྱག་རོམ་སྔོན་པོ་བབས།།
སྙིང་རྗེའི་མིག་ནང་ཆུ་ཐིགས་བསགས་པའི་མཐར།།
སྔོན་གྱི་གངས་རི་ལས་ལ་གཏོགས་སོ་སྙམ།།
ཞག་སྨད་རྨི་ལམ་སྣེ་མོ་གཉིས་སུ་གྱེས།།
གཅིས་གིས་རི་མོ་འབྲི་ཞིང་གཅིག་གིས་བསུབ།།
སྐབས་ཤིག་འོ་བྱེད་རྒྱང་རིང་ཁུར་ནས་འོང་།།
མདུན་རྒྱབ་གཉིས་ནས་རྟ་དཀར་མང་པོ་འདྲོག།
སླད་མར་སྣང་ཚད་གྲིབ་མ་མི་དམིགས་པས།།
མེ་ལོང་ས་ལ་བརྡབ་དགོས་བློ་ཡང་ཤར།།
གཅིག་གིས་ཉིན་གྱི་མིག་ལ་གཙང་བོ་འདྲེན།།
ཚེ་ཡི་མུ་ཏིག་འཚེར་ཀྱང་ཅི་ཞིག་རུང་།།

གངས་རི་གྱོན་པའི་སེང་གེའི་ངག་སྒོ་འདར།།
གཅིས་གིས་མཚན་མོའི་ཞིང་ཁར་ནས་ཆང་བསྙལ།།
དེ་ནས་ཁྲུང་ཞུ་མ་ཡི་ལན་བུའི་འོད།།
རང་སར་མི་སྡོད་སྨུག་པའི་རྗེས་སུ་འཕུར།།
གར་འོང་མེད་པའི་སྤྲིན་སྟེང་དཀྱིལ་དྲུང་བསྡད།།
ལོ་བརྒྱའི་སྡིག་སྒྲིབ་བ་གམ་རས་གྱིས་བཏུམ།།
སྐམ་ཞིང་རིད་པའི་ངོ་གདོང་ཕྱེད་ཀ་ལ།།
འཁོར་བའི་ལྷིང་འཇགས་འབྲི་ཞིང་རྒྱ་སེ་ཡིས།།
མཚན་མོ་བརྒྱན་ཞིང་《མཇུག་མཐའི་མུན་ནག》་ནང་།།
ཞག་སྨད་ཅིག་གི་རྨི་ལམ་གསལ་བར་བྱས།།

2016.13.ཉིན་རང་ཤག་ནས་བྲིས།

《 མཇུག་མཐའི་མུན་ནག》  ནམ་ལངས་ཁའི་དུས་སྐབས་ལ་གོ་དགོས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading