ཉི་ཧོང་དང་ང་ཚོའི་བར་ཁྱད།

མཁན་པོ་ཚུལ་ཁྲིམས་བློ་གྲོས།

   དཔེར་ན། ཉི་ཧོང་(japan)ལ་ས་འགུལ་བྱུང་བའི་སྐབས་སུ། ཉི་ཧོང་གི་མིའི་སྤུས་ཀ་ཟེར་རྒྱུ་ངོ་མ་བཤད་མི་ཤེས་པའི་སྐད་གྲགས་འཛམ་གླིང་ལ་བཞག་པ་རེད། ཉིས་སྟོང་བརྒྱད་ཀྱི་ལོར་རྒྱ་ཡུལ་ལའང་ས་འགུལ་བྱུང་། བོད་ཡུལ་ལའང་ས་འགུལ་བྱུང་། ངེད་ཁ་གཉིས་ཀ་ཕལ་ཆེར་འདྲ་འདྲ་རེད། དཔེར་ན་རྒུད་སྐྱོབ་ཅིག་སོང་ནའང་ཡར་ཐོན་ལོང་མི་འཇུག་པར་ལམ་ནས་འཕྲོག་ནས་བུད་འགྲོ་བ་འདྲ་འདྲ། ཡུལ་ཤུལ་ལ་ས་འགུལ་བྱུང་དུས། གུར་འཕྲོག་རེས་བྱེད་པ་འདྲ་བ་དང་། ཟ་རྒྱུ་འཕྲོག་རེས་བྱས་པ་འདྲ་བ། གུར་ཁྱིམ་ཚང་གཅིག་གིས་གཉིས་གསུམ་རེ་བླངས་ནས། ལ་ལ་རྗེས་ནས་བཙོང་གིན་ཡོད་པ་དེ་འདྲ་ཡོད་ཟེར། ད་དུང་གུར་འཕྲོག་རེས་བྱས་ནས་མི་བསད་པ་རེད་ཟེར། ལ་ལས་བསད་པ་མ་རེད་ཟེར་གང་ཡིན་མི་ཤེས་ཀྱང་། མདོར་ན་དེ་ལྟ་བུའི་ཧབ་ཤ་རྒྱག་ནི་ཡོད་པ་རེད། འོན་ཀྱང་དེ་མང་ཚོགས་ཚང་མ་ཡིན་པ་མ་རེད། དེའི་ནང་གི་གཅིག་གཉིས་རེ་རེད། ཡུལ་ཤུལ་པ་ཁོ་ཚོས་བཤད་ན། དེ་དག་ས་ཆ་གཞན་ནས་འདི་ལ་འོང་པ་རྣམས་རེད་ཟེར། དེ་ཡིན་ནའང་ཐང་། ཁོ་ཚོ་ལ་ས་འགུལ་བྱུང་ནས་བཟའ་ཚང་ཡོངས་བསད་པ་ལ་ཡོངས་དང་། ཕྱེད་བསད་པ་ལ་ཕྱེད་བསད་ཡོད་སྐབས། དེ་ན་སུས་འཕྲོག་ནས་འདུག་རྒྱུའི་ཡི་ག་ཨེ་ཡོད་མི་ཤེས། ས་ཆ་གཞན་ནས་འོང་བ་ཡིན་ནའང་ཐང་མོད། ས་ཆ་གཞན་ནས་འོང་ན་ཡང་དེ་དག་བོད་པ་ཏག་ཏག་ཡིན་ནི་རེད། ས་འགུལ་དེ་འདྲ་ཞིག་བྱུང་ནས་མི་དེ་འདྲའི་མང་པོ་བསད་ནས་ཡོད་དུས། དེ་ལ་རོགས་ཤིག་མ་བྱས་ནའང་།  དེའི་སྐབས་སུ་དེ་ལ་རྐུ་བྱས། ཇག་བརྒྱབ་དེ་འདྲ་བྱས་ན་ཅི་འདྲ་ཞིག་རེད་བསམ་བློ་ཐོངས་དང་། དེ་འདྲ་བ་ཁྲི་ཚང་(汶川)ལ་ས་འགུལ་བྱུང་དུས་ཀྱང་བྱས་པ་རེད།  མང་ཉུང་ལ་ཅུང་ཙམ་ཡུལ་ཤུལ་ན་ཉུང་ས་རེད། དེ་འདྲའི་མང་པོ་ཡོད་ས་མ་རེད་མོད། གང་ལྟར་དེ་འདྲའི་གནད་འགག་ད་སྔ་མང་པོ་བྱུང་བ་རེད། ཉི་ཧོང་ལ་ས་འགུལ་བྱུང་བའི་སྐབས་སུ། ཟ་རྒྱུ་འཐུང་རྒྱུ་ཅི་ཡོད་ན། ཐ་ན་ཆུ་ཞིག་ལས་བགོ་རྒྱུ་མེད་ཀྱང་། ཚང་མས་སྒོ་ཁ་ནས་ཕར་ཕྲེང་བསྒྲིགས་ནས་ཕར་འཁྱོག་ཚུར་འཁྱོག་བྱས་ནས་འགྲོ་བ་ལས། ཧབ་ཤ་བྱས་ཐོབ་ཤོར་བྱས་ནས་ལེན་ནི་གཅིག་ཀྱང་མ་ཡོད་པ་རེད།

       དེ་བཞིན་ཚོང་ཁང་དག་གིས་ཟ་རྒྱུ་འཐུང་རྒྱུ་འདི་དག་བཙོང་དུས། གཞན་པ་རྣམས་ཀྱིས་སྒོ་ནས་ཡར་ཕྲེང་བསྒྲིགས་ནས་འོང་སྐབས། རྗེས་མ་རྣམས་ཀྱིས་ཡར་བལྟས་ན་ཁོ་ཚོའི་ལག་ཏུ་མི་འོང་རྒྱུ་སེམས་ཐག་ཡིན་ཡང་། ད་དུང་ནང་དུ་འཚང་ཁ་བརྒྱབས་ནས་རྒྱུག་ནི་མི་གཅིག་ཀྱང་མ་ཡོད་པ་རེད།   དེ་བཞིན་དུ་ཅ་ལག་གང་ཡིན་ཡང་སྔོན་ཆད་གོང་ཅི་ཡིན་ན་དེ་ལས།  ས་འགུལ་བྱུང་བས་ཇེ་ཆེར་སྐར་གང་ཡང་མ་སོང་བ་རེད། ཁྲི་ཚང་ལ་ས་འགུལ་བྱུང་སྐབས་སུ། ཅ་ལག་དག་གི་གོང་ཆེ་སོང་ནི་ཟེར་བ། རྒྱལ་ཁབ་ཀྱིས་གོང་གི་མཐོ་ས་ནས་ཡིག་ཆ་མགོ་དམར་པོ་ཅན་ཕུད་རྒྱུར་སོང་བ་རེད། དེ་འདྲའི་འཕྲོག་རྒྱུ་སོགས་ཧབ་ཤ་འདྲ་མི་འདྲ་འོང་བ་རེད།      ང་ཚོ་བོད་པའི་ནང་ལའང་ཡུལ་ཤུལ་ལ་ས་འགུལ་བྱུང་དུས་ཡོད་སོང་། དེ་འདྲ་ཡིན་པས་འདི་དག་ཐམས་ཅད་ལ་རྒྱུན་དུ་སློབ་གསོ་བཏང་ནས།  དེ་འདྲ་ཉན་ནི་མ་རེད་མ་གཏོགས།  དེ་འདྲ་སྤྱིར་ཉན་ནི་མ་རེད་ལ། དེའི་སྐབས་སུ་དེ་བས་ཀྱང་ཉན་ནི་མ་རེད།  འཛམ་བུ་གླིང་གཅིག་གི་མི་དུང་ཕྱུར་བདུན་ཅུའི་མིག་དུང་ཕྱུར་བརྒྱ་དང་བཞི་བཅུ་ཕལ་ཆེར་གྱིས་དེ་ལ་བལྟས་ནས་བསྡད་ཡོད་པ་རེད།  ཡག་པོ་ཡོད་ནའང་གྲགས་འགྲོ་ལ། བཙོག་པ་ཡོད་ཀྱང་གྲགས་འགྲོ་བ་རེད། དཔེར་ན་དེ་འདྲ་རེད། རྒྱ་དང་བོད་ཚང་མས་སྟེང་ལ་འོང་།  མིའི་རྒྱུ་སྤུས་གཞི་ནས་མ་འདྲ་བ་རེད། ཉི་ཧོང་ལ་ས་འགུལ་བྱུང་མ་ཐག་ཏུ་མི་ཚང་མ་མདུན་ཐང་ཆེན་མོ་ཞིག་ལ་འཚོགས་ནས་ཆུ་ཚོད་གསུམ་ལ་བསྡད་སྐབས། ཆུ་ཚོད་གསུམ་གྱི་རིང་དེ་ལ་མི་མང་གི་གྲལ་ན་དུ་བ་འཐེན་མཁན་གཅིག་ཀྱང་མེད།   དེ་བཞིན་དུ་ཐམས་ཅད་ཀྱིས་རྒ་རྒས་དང་བུད་མེད་སོགས་ལ་རོགས་བྱེད་པ་ལས། རང་མགོ་གར་ཐོན་མི་བྱེད།  དེ་བཞིན་དུ་དུ་ཆུ་ཚོད་གསུམ་གྱི་རྗེས་སུ་མི་ཚང་མ་གྱེས་ནས་སོང་ཤུལ་ན་གད་སྙིགས་ཤོག་བུ་ལིང་ཚེ་ཞིག་ཀྱང་མི་འདུག་ཅེས་རྒྱ་ནག་གི་མི་རྣམས་ཀྱིས་བཤད་ཡོད།

       རྒྱ་མི་རྣམས་ཀྱིས་བཤད་སྐབས། ཡང་བསྙད་ནས། ཉི་ཧོང་ཞེས་པ་ང་ཚོའི་དགྲ་རེད། ཁྱོད་དགྲ་ཡི་ཕྱོགས་རེད་ཅེས་བཤད་པ་རེད། ཕྱིར་ལན་འདེབས་པ་རྣམས་ཀྱིས་ཀྱང་། བདེན་གི་ཉི་ཧོང་གིས་གནའ་རྒྱ་ནག་གི་མི་མང་བསད་པའི་གློག་བརྙན་ཁོ་ཚོས་ཀྱང་རིག་མྱོང་། དེ་འདྲ་ཞིག་གིས་གླིང་ཕྲན་ཞིག་བརྩད་ནས་ཐུག་ཡོད་པའང་གོ གོ་མ་གོ་ཡོད་པ་མ་རེད། མི་དང་མི་མི་འདྲ་བས།  སྡེ་ཚང་ལ་འདི་འདྲ་ཡོད་འདུག  འདི་ང་ཚོས་སློབ་སྤྱོང་བྱེད་དགོས་ས་ཞིག་ཏུ་ལོག་ཡོད་འདུག་ཅེས་དེ་འདྲའི་རྩོམ་ཡིག་མང་པོ་སྤེལ་ཡོད། དེ་འདྲ་ཞིག་རེད། ཁྲི་ཚང་ལ་ས་འགུལ་བྱུང་བའི་སྐབས་སུ། ཁྲི་འདུར་ངོ་མ་བཤད་ན་ཅི་ཡང་བྱས་ཡོད་པ་མ་རེད་ཀྱང་། མི་ཚང་མ་ཕྱི་རུ་བུད་ནས་དགོང་མོར་རླངས་འཁོར་ལམ་ཁ་དག་ཏུ་གུར་ཆུང་དག་ཕུབ་ནས་བསྡད་ཐལ།  ཕྱིར་ཉིན་དེའི་ཤུལ་ན་ཤོག་སྒམ་དང་ཆུ་ཤོག་བཏུང་ཆུའི་ཤུབས་སོགས་ཀྱིས་གླིང་བར་ཡོངས་རྫོགས་ཁྲ་ལེབ་ལེབ་ཅིག་བྱས་ཡོད་འདུག་དེ་འདྲ་ཡིན་པས་མི་ཟེར་བ་རྩ་བ་ནས་འདྲ་མི་འདུག  དེ་བཞིན་དུ་ཉི་ཧོང་གིས་དེའི་སྐབས་སུ་ཅི་འདྲའི་མི་ཁོམ་པ་ཞིག་བྱས་ཀྱང་ཁ་པར་རྒྱག་ས་ཡིན་ན་འདྲ། མེ་འཁོར་ས་ཚུགས། རླངས་འཁོར་ས་ཚུགས་སོགས་སུ་ཐམས་ཅད་ཀྱིས་ཕྲེང་བསྒྲིགས་ནས་འགྲོ་རྒྱུ་མ་གཏོགས། དེའི་ཐོག་ལ་ཧབ་ཐོབ་བྱས་ནས་སྔོན་ལ་རྒྱུག་ནི་མི་གཅིག་ཀྱང་ཡོད་པ་མ་རེད།  ཁྲི་འདུ་ནས་དེའི་དགོང་དྲོ་རླངས་འཁོར་ཐམས་ཅད་འཕྲེད་ལ་རྒྱུག་བསམ་ནི་འཕྲེད་ལ།  འཛོང་ལ་རྒྱུག་བསམ་ནི་འཛོང་ལ་བརྒྱུགས་ནས་འགྲིམ་འགྲུལ་ཉེན་རྟོག་པ་གཅིག་གཉིས་རེ་ཡོད་ཀྱང་ཅི་བྱེད་འདི་བྱེད་མི་ལོན་པ་ཞིག་ཏུ་ལོག་ནས་བསྡད་ཡོད་པ་དེ་འདྲ་རེད།   དེ་སློབ་གསོ་ཐེབས་དང་མ་ཐེབས་ཀྱི་རྒྱུ་མཚན་གྱིས་བུད་སོང་བ་རེད་མ་གཏོགས།  དེ་བས་ལྷག་པའི་མི་གང་ཡིན་ཡང་སོ་སོ་སྐྱེ་བོ་ཐམས་ཅད་རང་འདོད་ཡིད་བྱེད་ཡོད་ནི།  འདོད་ཆགས་ཞེ་སྡང་ཡོད་ནི།   ལུས་པོ་ཐམས་ཅད་ཤ་དང་ཁྲག་རྒྱ་ནག་ཡིན་ན་ཡང་དེ་རེད།  བོད་ཡིན་ནའང་དེ་རེད།  ཉི་ཧོང་ཡིན་ནའང་དེ་རེད་ཀྱང་།   སློབ་གསོས་ཐུལ་དང་མ་ཐུལ་གྱི་སྟོབས་ཀྱིས་དེ་འདྲའི་ལོག་སོང་བ་རེད། ང་ཚོ་བོད་པ་ཡིན་ནའང་དེ་འདྲ་རེད།  བླ་མ་ཞིག་ལ་མཇལ་ནའང་ཀན་ཞིག་ན་གཞན་ཞིག་གི་ཐོག་ལ་ཤོར་གྱིན་ཡོད་པ་འདྲ་བ་མ་གཏོགས་པར། ཕྲེང་བསྒྲིགས་ནས་འཇམ་པོ་བྱེད་རྒྱུ་རྩ་བ་ནས་ཤེས་ནི་མ་རེད།  གཞན་ཞིག་གི་ཐོག་ལ་ཤོར་ནས་རོགས་པ་འགས་བཟུང་།  དེ་འདྲའི་རྒྱག་རེས་བྱེད་ཀིན་ཡོད་པའི་རྣམ་པ་ཞིག་ལས་ཡོད་པ་མ་རེད།  དེ་འདྲ་བྱས་སོང་ན་དེ་དག་ཐམས་ཅད་ང་ཚོའི་སྐྱོན་ཡིན་ནི་རེད།   སྐྱོན་འདི་ཚོ་ཐམས་ཅད་ལ་སྒྱུར་བཅོས་བྱེད་དགོས་པ་རེད། སྒྱུར་བཅོས་ཅི་ཞིག་གིས་བྱེད་ཐུབ་པ་མ་རེད།  སློབ་གསོ་ཡིས་བྱེད་དགོས་པ་རེད།  བྱིས་པ་ཆུང་ཆུང་ལོ་གསུམ་བཞི་ནས་བཟུང་འདི་འདྲའི་སློབ་གསོ་བྱས་འོང་ན་ཡག་པོ་འོང་།  གོང་དུ་བཤད་པ་བཞིན་ལོ་བརྒྱ་ཡར་མར་གྱི་ནང་ལ་བོད་ཀྱི་སྤུས་ཀ་འདི་ཡག་པོ་ཞིག་ཡོད་དང་མི་ཡོང་བནྡེ་ཚོས་སློབ་གསོ་རྒྱག་ཐུབ་ལ་ཐུག་ཡོད།

ཡོང་ཁུངས་བོད་ནང་གི་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s