སྙན་ངག་ཚན་པ་གསུམ།

རྒྱང་ལ་བཏབ་པ།

སྨྱུག་མདའ།

སྨུག་ནག་ཚོན་ཁ་དགུན་གྱི་ན་བཟའ་ངར་གྱིས་འགུལ་བའི་སྤུ་ལོང་གཡོ།།
དབུགས་ཀྱི་རླངས་པ་ཙག་གིས་ལྡག་པ་མི་སེམས་མཁའ་རུ་ཡུག་ཡུག་འདར།།
མི་ཚེ་སྔོན་མོ་མགོ་འཕང་འདེགས་པ་འཚོ་ཚིས་ངོས་ལ་འཇའ་ཚོན་སྒྲོན།།
སེམས་ཀྱི་ལོགས་མལ་ལུས་ཤུབས་དྲོ་བའི་མི་དེ་ཡི་གེའི་ཐིག་ལ་བཏབ།།

དབྱར་གྱི་ཡུལ་ལྗོངས་ལོ་མར་བཀང་བ་དུས་ཚོད་ནུར་བའི་རུས་ཚིགས་གྲུབ།།
རྨི་ལམ་འདབས་གཤོག་ག ལེར་རྐྱོང་བའི་བར་སྣང་ནམ་ཞིག་གཞིས་སུ་འདུ།།
ལམ་གྱི་ཁ་ཕྱོགས་རྒྱང་རིང་བསྡུས་པ་ཞེ་ཐག་སྦྲེལ་བས་སྟ་གོན་བགྱིད།།
སྣང་བ་རྒྱལ་མོའི་འཇིག་རྟེན་འདི་ཡང་མེ་ཏོག་དགོད་པའི་ནམ་ཟླ་ཙམ།།

བདག་གི་ལོ་ཟླ་ཞི་བདེ་འགོས་ཏེ་སྣེ་ཟུར་མཚན་མོའི་དབུ་ལ་འཕྲུག།
མཇུག་མཐའི་སྙན་ངག་སྤྲིན་པར་འདྲེས་ཤིང་གངས་ཀྱི་པང་ལ་ཚེ་རབས་བསྔོ།།
དོ་ནུབ་ཚོར་བའི་རླབས་རྒྱུན་འཕྱུར་ཏེ་ཟླ་འོད་ངོས་ལ་ཤུགས་ཀྱིས་གྱེར།།
རྩྭ་ལྡུམ་བརྒལ་བའི་ངལ་གསོའི་ས་ཚིགས་ཨ་མའི་གམ་དུ་རི་མོར་མཛད།།

༢༠༡༦/༩/༡༨ མཚན་མོར།


མདངས་ཕྱུང་བ།

ང་ཡི་ཁང་མིག་ན།།
སྒྱུ་མའི་ནོར་རྫས་འབར།།
སེམས་ཀྱི་ཉམས་སྣང་ལ།།
མེ་ཏོག་གམ་དུ་བཞད།།
ཉི་མ་སླར་ཡང་ཤར།།
ཟླ་བ་སླར་ཡང་ཡིབ།།
ནམ་མཁའི་ལྟོ་བར་རེག།
རང་ཉིད་ཁོ་ན་མཐོང་།།

ང་ཡི་ཡིག་སྒམ་ན།།
མིག་ཞགས་རིང་མོ་ཞིག།
མཇལ་སྐལ་སྨོན་པ་དྲག།
ཉམས་ཆ་རི་མོ་བྲིས།།
རོལ་དབྱངས་ཟེར་བཞིན་འོང་།།
ཁ་རླངས་གྱ་གྱུ་འཐིམས།།
ཡི་གེའི་འོད་དང་བསྡེབས།།
ཡིད་ཀ་སིམ་པར་ཤོག།

ང་ཡི་འཆར་ཡན་ཀློང་།།
དབྱངས་ཀྱི་རྩ་ཐིག་ཕབ།།
སྣང་བས་ཕྱི་རོལ་བཅུམས།།
དྲན་པ་ཆུ་ལ་བཀྲུས།།
མཛེས་པ་མཚར་དུ་ཕྱིན།།
རྟེན་འབྱུང་སྐྲ་ལོའི་ཚོགས།།
སྙན་ངག་འོ་ཡིས་བརླན།།
རྣོ་སྦྲེང་བྲོ་ལ་ཞུགས།།
ཚོར་བའི་རླབས་ཀ་ནས།།
ཨ་ཅག་མཛེས་པ་བརྐུས།།

2016/9/2 ཉིན།


ཝེ། མེ་ཏོག་ཁམ་བུ།

ཕར་འགྲོ་རྨི་ལམ་གྱིས་འཐུ་འཕྲོར་བཞག་པ།།
ཚུར་ཡོངས་མུ་ཏིག་གིས་བློ་ངོར་བྲིས་སོང་།།
མེ་ཏོག་འཇའ་ཚོན་གྱི་སྣང་བ་ཡ་ཡོ།།
ན་བཟའ་མཚོ་འགྲམ་གྱི་ཞོགས་སྒྲ་འདྲོགས་སོང་།།

ལྗོན་ཤིང་རླུང་བུ་ཡིས་ལྕུག་ལྕུག་གཡོ་དུས།།
མཛེས་པ་ས་རྡུལ་ལ་ཡོར་ཙམ་བྱས་སོང་།།
སྤྲིན་པ་ལང་ལོང་གིས་ཉི་ཐིག་བཀབ་འཕྲོར།།
ཕ་གིའི་གཉུག་གཤིས་ཀྱི་གཏིང་ཀ་འདྲིས་བྱུང་།།

སྨིན་མ་གཟབ་ནན་གྱིས་ཚོན་ཞིག་བསྣན་པ།།
མདུན་ལ་མེ་ལོང་གིས་སྡུག་པོ་བཏང་བྱུང་།།
ང་ནི་ཡིག་ཆུང་གི་ཟུར་ག་འཐམ་སྟེ།།
ཚོར་བའི་སྟོང་ཁམས་ལ་ནང་རྟེན་བཞེངས་སོ།།

རྐང་ལག་ཡོམ་ཡོམ་གྱིས་གནམ་ས་རེག་ཚེ།།
ཡི་གེའི་འདོགས་ཐག་ཀྱང་ཤ་ལ་ཟུགས་ཡོང་།།
དགོང་ཁའི་འོད་ཉག་ལ་མལ་ཐུལ་ངར་བ།།
སེམས་ཀྱི་ངོས་དག་ནི་དྲོས་རྒྱུ་དཀའ་འོ།།

ཚོན་གྱི་རི་མོ་ལ་འདབ་མ་ཐོགས་པ།།
ལག་པ་དལ་མོ་ཡིས་ཁེབས་པར་བྱས་འགྲོ།།
ཡང་སྙིང་རང་བྱུང་གི་ཐ་སྙད་སྣུམ་པོ།།
མིག་གི་རྒྱལ་མོ་ལ་འོད་དུ་ཀྲིག་གེར།།

2016/8/27 ཉིན།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s