བེ་རི་རིག་རྡོར་གྱིས།


དང་པོ།  གླེང་གཞི།

      གཞི་བྱེས་ཇོ་ནང་པ་ཡོངས་ཀྱིས་མི་ལོ་ཉི་ཤུའི་རིང་དྲང་བདེན་དང་།  རང་དབང་།  ཁྲིམས་ལུགས་གཞི་རྩར་བཟུང་ནས་བཙན་བྱོལ་གཞུང་ལ་རེ་འབོད་ཞུས་ཏེ།  ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་གསོལ་འདེབས་ལན་གྲངས་སྟོང་ཕྲག་ཙམ་ཕུལ་ཡང་།  བཀའ་སྤྱི་གཉིས་ནས་དེ་ལྟར་ཞལ་བཞེས་གནང་རྒྱུའི་ཚབ་ལ་ཉེས་འཛུགས་དྲག་པོ་བྱས་ཏེ།  ཇོ་ནང་བར་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཉུང་ཉུང་མིན་ལ།  ལྷག་པར་དུ་ད་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་གྱི་ཇོ་ནང་སྐུ་ཚབ་ལྷན་ཚོགས་ཀྱི་གྲོས་ཆོད་སྙན་ཞུ་སྤྱི་འཐུས་ཚོགས་གཙོ་སྐུ་ཞབས་བསོད་ནམས་བསྟན་འཕེལ་དང་།  སྲིད་སྐྱོང་སློབ་བཟང་སངས་རྒྱས།  གྲོས་ཚོགས་འཐུས་མི་རེ་རེར་དངོས་སུ་ཕུལ་ནས་སྐབས་ ༡༦ པའི་ཚོགས་དུས་ ༢ པའི་ཐོག  ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་གསོལ་འདེབས་ཞུས་ཀྱང་།  གྲོས་ཚོགས་ཐོག་དེའི་སྐོར་ལ་བགྲོ་གླེང་ཙམ་ཡང་མ་བྱས་པ་མ་ཟད།  ཐ་ན་ཚོགས་གཙོས་སྤྱི་འཐུས་རྒྱུན་ལས་ནང་དུ་སྒྲོག་སྦྱངས་ཙམ་ཡང་མ་བྱས་པ་ནི།  ང་ཚོར་འགྲོ་བ་མིའི་འདུ་ཤེས་ཙམ་ཡང་མ་བཞག་པར་ངོས་འཛིན་བྱེད་བཞིན་ཡོད།

     ཕྱོགས་གཞན་ཞིག་ནས་བཤད་ན།  སྲིད་གཞུང་ངམ་སྒྲིག་འཛུགས་ཀྱིས་སྲིད་ཇི་ལྟར་སྐྱོང་མིན་དེ་མི་མང་གིས་ངོས་ལེན་ཡོད་མེད་ལ་རག་ལས་པ་མ་ཟད།  དམངས་གཙོའི་ལམ་ལུགས་ནང་མི་མང་གཙོ་བོ་ཡིན་ཞིང་།  ཆབ་སྲིད་ཀྱི་དབང་ཚད་མཐོ་ཤོས་དེ་མི་མང་གི་ལག་ཏུ་ཡོད་པ་ལས་སྲིད་གཞུང་གི་མགོ་ཁྲིད་རྣམས་ལ་མེད།  སྲིད་གཙོ་རྣམ་པའི་དབང་ཚད་ནི་འཕྲལ་སེལ་ཙམ་ཡིན།  རྒྱུ་མཚན་ཁོང་རྣམ་པའི་དབང་ཚད་མི་མང་གི་ནང་ནས་ཚུར་བྱུང་དགོས་པ་རེད།  དེར་བརྟེན་ད་ཐེངས་ཇོ་ནང་མི་མང་གིས་གཞུང་ལ་རེ་འབོད་ཞུས་པ་སྣང་མེད་དུ་བཞག་པ་ངོས་ལེན་བྱེད་ཐབས་མེད་ལ།  ལྷག་པར་དུ་ཨ་རིར་ཡོད་པའི་ཇོ་ནང་མི་མང་བརྒྱ་ཕྲག་གཅིག་ལྷག་གིས་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་དང་།  པདྨ་ཕྱག་མཛོད་ཚང་གཉིས་ལ་དངོས་དང་བརྒྱུད་ནས་རེ་བསྐུལ་ཤུགས་དྲག་ཞུས་ཀྱང་།  གྲོས་ཚོགས་སུ་མི་མང་གི་དཀའ་སྡུག་ཟུར་ཙམ་ཡང་མ་ཞུས་པ་ནི་སྤྱི་འཐུས་ཀྱི་ལས་འགན་མ་བསྒྲུབ་པ་དང་།  མི་མང་ལ་མཐོང་ཆུང་བྱས་པ་ཡིན་པས་མི་མང་གི་ངོས་ནས་གནད་དོན་འདིའི་རིགས་ལ་བཟོད་སྒོམ་ནམ་ཡང་བྱེད་མི་སྲིད།


གཉིས་པ།  ཁྲིམས་ལུགས།

       དེས་ན་ང་ཚོས་གནད་དོན་དེའི་ཐོག་མཐའ་བར་གསུམ་ལ་བརྟག་དཔྱད་ཅིག་མི་བྱེད་ཐབས་མེད་རེད།  གཙོ་བོ་ཁྲིམས་ཐོག་ནས་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་འོས་མིན་དེ་ཡིན་ལ།  བཅའ་ཁྲིམས་ཀྱི་གཞི་འཛིན་ས་རང་དབང་དང་དྲང་བདེན་ཡིན་པས།  གནས་ལུགས་དང་དྲང་བདེན་ལ་གདོང་གཏད་ནས་གནད་དོན་འདི་ཐག་གཅོད་བྱེད་དགོས།  དེར་བརྟེན་གནད་དོན་གང་ཡིན་ན་ཡང་ཁྲིམས་ལ་གཏུག་རྒྱུ་གལ་ཆེ།  རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་དབང་དུ་བཏང་ན།  རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས།  ཕྱི་ལོ་ ༡༩༤༨ལོའི་ཟླ་༡༢ཚེས་༡༠ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་གཞི་ཨང་A/RES/217ལ་འོས་འཆམ་བྱུང་བ་དེའི་དོན་ཚན་གཉིས་པར།  “སྐྱེ་བོ་རེ་རེར་གསལ་བསྒྲགས་འདི་ནང་བཀོད་པའི་ཐོབ་ ཐང་དང་རང་དབང་སྟེ།  མི་རིགས་དང་།  ཤ་མདོག  ཕོ་མོ།  སྐད་ཡིག  ཆོས་ལུགས།  སྲིད་དོན་བཅས་སམ།  འདོད་ཚུལ་གཞན་དག་དང་།  རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འབྱུང་ཁུངས།  མཁར་དབང་།  རིགས་རྒྱུད།  དེ་མིན་གནས་ཚུལ་འདི་རིགས་གང་ཡང་རུང་བར་དབྱེ་འབྱེད་མེད་པའི་ཐོབ་དབང་ཡོད།  ད་དུང་རྒྱལ་ཁབ་བམ།  ས་གནས་གང་ཞིག་རང་བཙན་ཡིན་པ་དང་།  ལྟ་རྟོག་འོག་ཏུ་གནས་པ།  རང་སྲིད་རང་སྐྱོང་མ་ཡིན་པ།  གཞན་དག་བདག་དབང་ཚད་འཛིན་ཡོད་པ་བཅས་ཇི་ལྟར་ཡང་དེ་དག་གི་སྐྱེ་བོ་གང་ཞིག་སྲིད་དོན་དང་།  ཁྲིམས་དབང་།  རྒྱལ་སྤྱིའི་གནས་སྟངས་བཅས་ཀྱི་ཐོག་ཏུ་ཁྱད་པར་མི་དབྱེ་བ་ཡིན།”  ཞེས་བཤད་པར་གཞིགས་ན།  རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཐོབ་ཐང་ཐོབ་འོས་པ་ཞིག་རེད།  འདི་ལ་སྤྱི་འབངས་ཀྱི་ཐོབ་ཐང་ངམ་ཁྲིམས་མཐུན་གྱི་ཐོབ་ཐང་ཟེར་བ་རེད།

        དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་པ། ཆོས་དད་རང་དབང༌ཞེས་པར།  “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། བོད་མི་རེ་རེར་བསམ་བློ་དང༌། རྣམ་དཔྱོད། ཆོས་ལུགས་བཅས་རང་མོས་ལྟར་སྤྱོད་པ་དང༌། ཁེར་རྐྱང་ངམ། མཉམ་ཚོགས་ཀྱི་ཐོག་ནས་ཆོས་ལུགས་གང་ཞིག་ལ་དད་མོས་ཉམས་ལེན་དང༌། ཆོས་སྒོར་ཞུགས་པ། ཆོས་འཆད་སྤེལ་དང༌། ཆོས་སྤྱོད་ཅི་རིགས་བཅས་མངོན་གསལ་དུ་བྱེད་ཆོག་པའི་ཐོབ་ཐང་ཡོད།”  ཅེས་ཆོས་ལུགས་ཡོངས་སུ་རྫོགས་པ་ཁྲིམས་ཀྱི་མདུན་སར་དབྱེ་འབྱེད་མེད་པར་འདྲ་མཉམ་དང་གཅིག་མཚུངས་ཡིན་པ་གསལ་བོར་བསྟན་ཡོད་པས།  ཁྲིམས་ཐོག་ནས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཤིན་ཏུ་ནས་ཀྱང་སྤྲོད་འོས་པ་ཞིག་ཡིན།


གསུམ་པ།  ཁྲིམས་འགལ། 

      རྒྱལ་ཁབ་སུ་ཞིག་ཡིན་ན་ཡང་།  གཞུང་དམངས་གཉིས་ཀྱིས་རྒྱལ་ཁབ་དེའི་ཁྲིམས་བཟོ་ལྷན་ཁང་ནས་གཏན་ལ་ཕབ་པའི་ཁྲིམས་ཡིག་དེ་རྩ་འཛིན་བྱེད་དགོས་ཤིང་།  དེ་དང་འགལ་ན་ཁྲིམས་འགལ་དུ་བརྩི་བཞིན་ཡོད།  དམངས་གཙོའི་རྒྱལ་ཁབ་བམ་སྒྲིག་འཛུགས་ཤིག་ཡིན་ན།  རང་དབང་དང་དྲང་བདེན་གྱི་ཐོག་ནས་མགོ་ཁྲིད་འདེམ་བསྐོས་བྱེད་ཐུབ་པའི་ཆབ་སྲིད་ལམ་ལུགས་ཤིག་དང་།  སྤྱི་ཚོགས་ཀྱི་འཚོ་བ་དང་ཆབ་སྲིད་ཀྱི་ནང་དུ་མི་མང་གིས་མཉམ་ཞུགས་ཡོད་པ།  མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་།  ཆོས་དད་རང་དབང་སོགས་ལ་སྲུང་སྐྱོབ་ཡང་དག་པ་ཡོད་པ།  ཁྲིམས་དང་སྒྲིག་གཞི་ཁག་མཐོ་དམན་ཀུན་ལ་འདྲ་མཉམ་དུ་ཁྱབ་པ་ཞིག་ཡིན་དགོས།  དེ་ལས་ལྡོག་ན་དམངས་གཙོའི་ལུང་བར་ཚད་མཐོའི་ཁྲིམས་འགལ་དུ་བརྩི་བཞིན་ཡོད།

       དེར་བརྟེན་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མ་སྤྲད་པ་ནི།  རྒྱལ་སྤྱིའི་ཁྲིམས་ལུགས་དང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད།  དེ་ཡང་བཅའ་ཁྲིམས་དོན་ཚན་སོ་བདུན་པ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པའི་ནང་གསེས།  ཁ།  “རྙིང་མ་དང་།  བཀའ་བརྒྱུད།  ས་སྐྱ།  དགེ་ལུགས།  གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།”  ཆོས་བརྒྱུད་ལྔ་ཁོ་ན་ལས་ཇོ་ནང་པར་ཆོས་བརྒྱུད་ཀྱི་སྤྱི་འཐུས་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཡོད།  འདི་གོང་གི་དོན་ཚན་བཅུ་བའི་ནང་གི“ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་པ་དེ་དང་རྩ་འགལ་ཆགས་ཡོད་པས།  འདི་ལ་ཁྲིམས་འགལ་ཟེར་བ་རེད།  ཁྲིམས་འགལ་ཞེས་པའི་ཁྲིམས་ནི་རྒྱལ་ཁབ་བམ་སྒྲིག་འཛུགས་དེའི་བཅའ་ཁྲིམས་དང་།  འགལ་ཞེས་པ་ནི་རྩ་ཁྲིམས་སམ་བཅའ་ཁྲིམས་དེ་དང་འགལ་བ་ལ་ཟེར།

        དེ་དང་མཚུངས་པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་བཅུ་གསུམ་པ།  ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ཞེས་པའི་ནང་གསེས།  ཁ།  “ས་གནས་དེར་གཏན་སྡོད་ཆོལ་ཁ་རེ་ནས་མི་འཐུས་རེ་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མི་འཐུས་རེ།”  ཞེས་ཇོ་ནང་ཆོས་བརྒྱུད་འཛིན་མཁན་རྣམས་ལ་ཆོས་བརྒྱུད་ཀྱི་སྤྱི་འཐུས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཡོད།  རང་དབང་དང་དམངས་གཙོའི་ལུང་བ་ཞིག་ལ་མཚོན་ན།  མི་རིགས་སམ།  ཆོས་ལུགས་བྱེ་བྲག་པ་ཞིག་ལ་དད་པ་བྱེད་མཁན་ཚོར་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་ཟེར་བ་འདི་གནད་དོན་ཆུང་ཆུང་ཞིག་གཏན་ནས་མ་རེད།  དེར་བརྟེན་ཇོ་ནང་པ་རྣམས་ཀྱིས་སོ་སོར་ཁྲིམས་ཐོག་ནས་ཐོབ་འོས་པའི་ཐུན་མོང་གི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཆེད་འཐབ་རྩོད་བྱེད་བཞིན་ཡོད་ལ།  དེ་མ་སྤྲད་ན་གཞུང་དང་སྒྲིག་འཛུགས་ཀྱིས་ཁྲིམས་འགལ་བྱས་པ་རེད།  དེ་ཡང་བཙན་བྱོལ་བོད་མིའི་བཅའ་དོན་ཚན་དགུ་པ།  ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པར།  “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ ཡིན།  ཕོ་མོ་དང༌།  རིགས་རུས།  སྐད་ཡིག  ཆོས་ལུགས།  སེར་སྐྱ།  དབུལ་ཕྱུག  སྐྱེས་ཡུལ།  སྤྱི་ཚོགས་ཀྱི་འབྱུང་ཁུངས།  གོ་གནས།  གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།”  ཞེས་བཀོད་ཡོད།


བཞི་བ།  དབྱེ་འབྱེད།

        རྒྱལ་ཁབ་བམ་སྒྲིག་འཛུགས་གང་ཡང་རུང་བའི་རྩ་ཁྲིམས་སམ་བཅའ་ཁྲིམས་སུ་སྤྱི་འབངས་ཀྱི་ཐོབ་ཐང་ཁག་གཅིག་ལ་ཡོད་པ་འདྲ་བོ་དང་།  གཅིག་ལ་མེད་པ་འདྲ་བོ་བྱས་ན་ཁྲིམས་ཐོག་ནས་དབྱེ་འབྱེད་བྱས་པ་རེད།  ངས་འདི་ནས་གསལ་བོར་ཞུ་འདོད་པ་ཞིག་ནི།  ང་ཚོའི་བཙལ་བྱོལ་གཞུང་གི་བཅའ་ཁྲིམས་དང་།  ལྷན་ཁང་རྣམས་ཀྱི་སྒྲིག་གཞི་ཁག་ཏུ་ཆོས་ལུགས་ལ་དབྱེ་འབྱེད་བྱས་ཡོད།  དེ་དག་མདོར་བསྡུས་ནས་བཤད་ན།  དབྱེ་འབྱེད་ཆེན་པོ་བདུན་གྱི་ནང་དུ་བསྡུ་ཆོག

       དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པའི་ནང་གསེས།  “ཁ།  རྙིང་མ་དང་།  བཀའ་བརྒྱུད།  ས་སྐྱ།  དགེ་ལུགས།  གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།”  ཞེས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པའི་ནང་དུ་ཇོ་ནང་བཞག་མེད་པ་འདི་དབྱེ་འབྱེད་བྱས་པའི་བདེན་དཔང་དང་པོ་ཡིན།

        དེ་བཞིན་དུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་བཅུ་གསུམ་པ།  ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ཞེས་པའི་ནང་གསེས།  ཁ།  “ས་གནས་དེར་གཏན་སྡོད་ཆོལ་ཁ་རེ་ནས་མི་འཐུས་རེ་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མི་འཐུས་རེ།”  ཇོ་ནང་པར་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པར་བྱས་པ་འདི་དབྱེ་འབྱེད་བྱས་པའི་བདེན་དཔང་གཉིས་པ་ཡིན།

         ཡང་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག  དོན་ཚན་གསུམ་པ། ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར།  “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།”  ཞེས་ཇོ་ནང་པ་ཆོས་དོན་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་མེད་པར་བྱས་པ་འདི་དབྱེ་འབྱེད་བྱས་ཡོད་པའི་བདེན་དཔང་གསུམ་པ་ཡིན།

       ཡང་དེ་བཞིན་དུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་དང་།  ཕྱི་ལོ་ ༢༠༠༢ ལོར་པར་བསྐྲུན་བྱས་པའི་འཛིན་གྲྭ་བདུན་པའི་སློབ་དེབ།  རྒྱལ་རབས་ཆོས་འབྱུང་དང་རིགས་ལམ་ནང་ཆོས་ཞེས་པར།  བོན་གྱི་ལྟ་གྲུབ།  སྔ་འགྱུར་རྙིང་མ།  བཀའ་བརྒྱུད་པ།  ས་སྐྱ་པ།  བཀའ་གདམས་པ། དགེ་ལྡན་པ་ཞེས་ཇོ་ནང་ཆོས་གྲལ་དུ་མ་བཞག་པ་ནི་དབྱེ་འབྱེད་བྱས་ཡོད་པའི་བདེན་དཔང་བཞི་པ་ཡིན།

         ཡང་སྐབས་ ༡༦ པའི་གྲོས་ཚོགས་འཚོགས་དུས་ ༢ པའི་ཐོག་ཆོས་དོན་ལྷན་ཁང་གི་ལས་བསྡོམས་ཐོག  སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་བཏོན་པའི་ལན་དུ།  “ཝ་ར་ན་སའི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ།  རྙིང་མར་སློབ་དཔོན་ ༤ དང་ལས་བྱེད་ ༨  སློབ་ཕྲུག་ ༦༧ བཅས་ཁྱོན་ ༧༩ ཡོད་པ་དང་།  བཀའ་བརྒྱུད་ལ་སློབ་དཔོན་ ༤ དང་ལས་བྱེད་ ༨  སློབ་མ་ ༨༩ བཅས་ཁྱོན་བསྡོམས་ ༡༠༡  ས་སྐྱར་སློབ་དཔོན་ ༤ དང་ལས་བྱེད་ ༨  སློབ་མ་ ༦༤ བཅས་ཁྱོན་བསྡོམས་ ༧༦  དགེ་ལུགས་ལ་སློབ་དཔོན་ ༣ དང་ལས་བྱེད་ ༡༥  སློབ་ཕྲུག་ ༩༥ བཅས་ཁྱོན་བསྡོམས་ ༡༡༣ བོན་ལ་སློབ་དཔོན་ ༥ དང་ལས་བྱེད་ ༡ སློབ་ཕྲུག་ ༣༦ བཅས་ཁྱོན་ ༤༢ ཡོད་པ་དང་།  ཁྱོན་སློབ་དཔོན་ ༢༠  དང་།  ལས་བྱེད་ ༤༠  སློབ་ཕྲུག་ ༣༥༡  ཁྱོན་བསྡོམས་ ༤༡༡ བཅས་ཡོད”སྐོར་ཆོས་དོན་བཀའ་བློན་གྱི་ལན་འདེབས་གནང་བ་དབྱེ་འབྱེད་བྱེད་བཞིན་ཡོད་པའི་བདེན་དཔང་ལྔ་བ་ཡིན།

      དེ་བཞིན་དུ་བོད་གཞུང་གི་མཛད་གཙོ་རྣམ་པས་ནམ་རྒྱུན་རྟག་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་།  གཡུང་དྲུང་བོན་དང་ལྔ་ཞེས་སྒྲོག་བཞིན་ཡོད་པ་དེ་དབྱེ་འབྱེད་བྱེད་བཞིན་ཡོད་པའི་བདེན་དཔང་དྲུག་པ་ཡིན།

      ཡང་ཆོས་རིག་ལས་ཁུངས་ཀྱི་དྲ་ཚིགས http://www.chorig.org/bo/ ཐོག་གི་ཆོས་བརྒྱུད་ཅེས་པའི་ནང་དུ་རྙིང་མ། བཀའ་བརྒྱུད།  ས་སྐྱ།  དགེ་ལུགས།  བོན་ཞེས་པ་ལས་དྲ་ཚིག་ཐོག་ཇོ་ནང་བཞག་མེད་པ་འདི་ཆོས་བརྒྱུད་དབྱེ་འབྱེད་བྱས་པའི་བདེན་དཔང་བདུན་པ་ཡིན།

      ད་དུང་བོད་གཞུང་གི་འབྲེལ་ཡོད་ཡིག་ཆ་ཁག་དང་།  མཛད་གཙོ་རྣམ་པའི་སྐབས་བབ་གསུང་བཤད་སོགས་སུ་དབྱེ་འབྱེད་གནང་དང་གནང་བཞིན་ཡོད་པ་གྲངས་ཀྱིས་མི་ལང་ཡང་རེ་ཞིག་གོང་དུ་བཤད་པའི་དོན་ཚན་བདུན་གྱི་ནང་དུ་བསྡུས་ནས་བཤད་པ་ཡིན་ལ།  གོང་དུ་བཤད་པའི་དོན་ཚན་བདུན་པོ་དེ་དབྱེ་འབྱེད་བྱས་པ་ཡིན་མིན།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དགུ་པ།   ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པར།  “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ ཀྱི་མདུན་སར་འདྲ་མཉམ་ཡིན།  ཕོ་མོ་དང༌།  རིགས་རུས།  སྐད་ཡིག  ཆོས་ལུགས།  སེར་སྐྱ།  དབུལ་ཕྱུག  སྐྱེས་ཡུལ།  སྤྱི་ཚོགས་ཀྱི་འབྱུང་ཁུངས།  གོ་གནས།  གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།”  ཞེས་པས་ངོ་སྤྲོད་གསལ་བོར་བྱས་ཡོད།


ལྔ་བ།  ཁྲིམས་གཏུག

    གོང་དུ་བཤད་པ་ལྟར།  རྒྱལ་སྤྱིའི་ཁྲིམས་ལུགས་སམ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བའི་གནད་དོན་མཐའ་དག  གཞུང་དང་སྒྲིག་འཛུགས་ལ་དྲང་བདེན་དང་རྒྱུ་མཚན་གྱི་ཐོག་ནས་ཞུ་བསྐུལ་བྱས་ཀྱང་།  ཁྲིམས་ལྟར་ཐག་གཅོད་མ་བྱས་ཚེ།  “མེས་ཚིག་མེར་བསྲེག་གི་དཔེ་ལྟར།”  ཁྲིམས་འགལ་གྱི་རིགས་ཁྲིམས་ལ་གཏུག་ནས་ཐག་གཅོད་བྱེད་དགོས་པ་ཡིན།  དེ་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་དང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བ་ལྟར།  ཁྲིམས་ལུགས་གཞིར་བཟུང་ནས་ཁྲིམས་གཏུག་མི་བྱེད་ཐབས་མེད་ཡིན།  འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོགས་ཧ་ཅང་དམན་པའི་རྒྱུ་མཚན་གྱིས་ནམ་རྒྱུན་ཁྲིམས་འགལ་གྱི་རྩོད་རྙོག་འབྱུང་བཞིན་ཡོད་ལ།  དེ་ཡང་སྤྱི་འབངས་ལས་གཞུང་གི་ངོས་ནས་འབྱུང་གིན་ཡོད།  རྒྱ་ནག་ལ་མཚོན་པ་ཡིན་ན།  སྲིད་གཞུང་ཁྲིམས་ཀྱི་སྒང་ན་ཡོད་སྟབས།  གཞུང་གིས་ཁྲིམས་འགལ་བྱས་བྱུང་ཟེར་བ་ཞིག་མེད་སྲིད་མོད།  བཙན་བྱོལ་བོད་གཞུང་ནི་ཡང་དག་པའི་དམངས་གཙོ་ཡིན་ཟེར་གྱིན་ཡོད་པས།  ཁྲིམས་ཀྱི་གོང་དུ་སུ་ཡང་མེད་ལ།  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱང་ཁྲིམས་ཀྱི་སྒང་ན་མེད།  དེར་བརྟེན་བཀའ་སྤྱི་གཉིས་སོགས་སྲིད་གཞུང་གིས་ཁྲིམས་འགལ་བྱས་ན།  ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་དམངས་གཙོའི་ལྟ་གྲུབ་ཀྱི་རང་དབང་དང་།  ཐོབ་ཐང་།  འདྲ་མཉམ།  དྲང་བདེན་བཅས་ཀྱིས་བདེན་དཔང་བྱས་ཡོད་ལ།  དམངས་གཙོའི་ལམ་ལུགས་ཟེར་བ་འདི་ཁྲིམས་དང་སྒྲིག་གཞིའི་འོག་ཏུ་ཡོད་པ་ལས།  མི་རེ་རེའི་དབང་བསྒྱུར་རམ་སྒེར་གཅོད་ཀྱི་བསམ་བློའི་འོག་ཏུ་ནམ་ཡང་མེད།


དྲུག་པ།  སྐྱོན་བརྗོད།

       དམངས་གཙོའི་ལུགས་སྲོལ་ཡང་དག་པ་ཞིག་ཆགས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན།  མི་མང་གི་ངོས་ནས་གཞུང་གི་སྲིད་ཇུས་ཁག་ལེགས་བཅོས་ཆེད་ཞུ་འབོད་དང་།  སྐྱོན་བརྗོད་སོགས་བྱེད་ཆོག་པ་མ་ཟད།  དམངས་གཙོའི་ལམ་ལུགས་ནང་འདི་དག་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད།  དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསལ་བསྒྲགས་ཞེས་པར།  “གཞུང་ལ་སྐྱོན་བརྗོད་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་ལེགས་བཅོས་ཐད་བསམ་ཚུལ་འདོན་པ་དང་།  ཞུ་གཏུགས་བྱེད་པའི་ཐོབ་ཐང་།  འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་ཚོར་ཉེས་ཆད་ཀྱི་འཇིགས་སྣང་ཡོང་མི་དགོས་པའི་ཐོག་ནས།  རྒྱལ་ཁབ་ཀྱི་ཐག་གཅོད་བྱས་པའི་སྲིད་ཇུས་ཁག་ལ་ཡོངས་བསྒྲགས་དོགས་སློང་བྱ་རྒྱུའི་ཐོབ་ཐང་ཡོད།”  ཅེས་གསལ་བ་ལྟར་ཡིན་མོད།  བཙན་བྱོལ་སྤྱི་ཚོགས་ནང་མི་མང་གིས་དམངས་གཙོའི་ལམ་ལུགས་དང་།  བཅའ་ཁྲིམས་ཡག་པོ་ཤེས་ཀྱིན་མེད་སྟབས།  ཇོ་ནང་པས་རང་དབང་དང་སྤྱི་འབངས་ཐོབ་ཐང་གི་ཆེད་དུ་རང་གཞུང་ལ་ཞི་འབོད་བྱས་པར་སྐྱོན་བརྗོད་བྱེད་མཁན་འབྱུང་བཞིན་ཡོད་ལ།  དེ་ཡང་གཞུང་གི་ཁྱབ་བསྒྲགས་དང་།  གཞུང་འབྲེལ་མི་སྣའི་གཏམ་བཤད་དང་འབྲེལ་བ་ཆགས་ཡོད་པས།  འདི་ཡང་དམངས་གཙོའི་ལམ་ལུགས་ནང་རྒྱབ་འགལ་ཆགས་ཡོད།

       དམངས་གཙོའི་སྲིད་གཞུང་ཞིག་ཡིན་ན།  དེར་མི་མང་མཉམ་ཞུགས་བྱེད་དགོས་ལ།  གལ་ཏེ་མི་མང་མཉམ་ཞུགས་མ་བྱས་པ་ཡིན་ན།  སྲིད་གཞུང་དེ་དམངས་གཙོའི་གཞུང་ཡིན་པའི་སྒྲུབ་བྱེད་ཅི་ཡང་མེད་ལ།  དམངས་གཙོའི་གཞུང་གི་མཚན་ཉིད་མ་ཚང་བ་རེད།  དེར་བརྟེན་མི་མང་གིས་རང་དབང་དང་།  འདྲ་མཉམ།  སྤྱི་འབངས་ཀྱི་ཐོབ་ཐང་ཆེད་ཞི་འབོད་བྱེད་པ་ནི་མི་མང་མཉམ་ཞུགས་བྱས་པ་ཡིན་པས་དམངས་གཙོའི་ལམ་ལུགས་ཤིག་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞིང་།  དེ་སྲིད་གཞུང་དེའི་གཟི་བརྗིད་དང་སྤོབས་པར་བརྩི་ཆོག


བདུན་པ།  མཐའ་བསྡོམས།

      དམངས་གཙོའི་ལམ་ལུགས་ཤིག་ཡིན་ན།  མི་མང་ལ་སུས་ཀྱང་འཕྲོག་ཏུ་མི་འོས་པའི་ཐོབ་ཐང་རེ་ཡོད་ཅིང་།  ཐོབ་ཐང་དེ་རྒྱལ་ཁབ་བབ་སྒྲིག་འཛུགས་དེའི་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་ཐུབ་པར་ཁག་ཐེག་བྱེད་དགོས།  དེ་བཞིན་དུ་སྤྱི་འབངས་རྣམས་ཆོས་ལུགས་གང་ལ་དད་མིན་དང་།  བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་།  སྨྲ་བརྗོད་རང་དབང་།  རང་རང་གི་བསམ་ཚུལ་ཅི་ཞིག་འདོན་མིན་སོགས་ཀྱི་ཐོབ་ཐང་ཆ་ཚང་ཡོད་དགོས།  དཔེར་ན།  མི་སུ་ཞིག་ཡིན་རུང་རིགས་མཐུན་གྱི་སྡེ་ཁག་གམ།  ཚོགས་པ་དང་ལྷན་དུ་རང་གི་ཆོས་ལུགས་དང་།  རིག་གཞུང་སྲུང་སྐྱོབ་དང་ལག་བསྟར་བྱེད་པའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད།  ཐ་ན་ཚོགས་པ་ཆུང་ངུ་ཞིག་ལས་མེད་ཀྱང་ཆོས་དད་རང་དབང་དང་།  རིག་གཞུང་སྲུང་སྐྱོབ།  བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཆ་ཚང་བ་ཡོངས་སུ་རྫོགས་སུ་རྫོགས་པ་ངེས་པར་དུ་ཡོད་དགོས།  དེ་བཞིན་དུ་མི་རིགས་དང་།  ཆོས་ལུགས།  གྲངས་ཉུང་།  ཕོ་མོ་སོགས་ཀྱི་དབྱེ་འབྱེད་མེད་པར་མཐོ་དམན་དྲག་ཞན་ཐམས་ཅད་ཁྲིམས་ཀྱི་འོག་ཏུ་འདྲ་མཉམ་ཡིན་དགོས་སོ།།

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༩ ཉིན།  སྐབས་བཅུ་དྲུག་པའི་གྲོས་ཚོགས་འཚོགས་དུས་གཉིས་པ་གྲོལ་མ་ཐག  བེ་རི་རིག་རྡོར་གྱིས།  རྡ་ས་ནས།

ངེད་དྲ་ཚིགས། 

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading