བྱང་ཨ་རིའི་བོད་ཀྱི་སྐད་ཡིག་ཚོགས་ཆེན་

ཨ དོན་ཉི།

     ཕྱི་ལོ་༢༠༡༦ ཟླ ༡༠ ཚེས་༡ དང་༢ ཉིན་གཉིས་རིང་། བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པ། ཉིན་གཉིས་ལ་འཚོགས་པ།  ཨ་རིའི་ཞིང་ཆེན་མཱ་ནེ་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་ཁང་གིས་ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་གནངས།

      ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་། བཙན་བྱོལ་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འཐུས་ཚབ་པ་ཚེ་རིང་བསམ་འགྲུབ་ལགས། བྱང་ཨ་རིའི་བོད་ཀྱི་གཟའ་མཇུག་སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་འོད་སོགས་ཚོགས་འདུའི་གཙོ་བོ་རུ་ཕེབས་འདུག

      ཨ་རིའི་མངའ་སྡེ་སོ་སོ་དང་ཁྲོ་རིན་ཁྲོ་ནས་ཕེབས་པའི་བོད་ཀྱི་སྐད་ཡིག་དགེ་རྒན་གྱི་སྐུ་ཚབ་རྣམ་པས་སོ་སོའི་སློབ་གྲྭའི་གནས་ཚུལ་སྙིང་བསྡུས་བྱས་ནས་སློབ་ཁྲིད་སྒྲིག་གཞི་དང་བཟློས་གར་འཛིན་གྲྭ་སོགས་བོད་ཀྱི་རིག་གཞུང་རྒྱུན་འཛིན་ཀྱི་ཆ་ཤས་རེ་རེ་ཚོགས་ཐོག་ནས་སྒྲོག་སྦྱང་གནངས།

དེ་ནས་ཉེ་ལམ་ཚ་ཚ་འུར་འུར་གྱི་གླེང་གཞིར་གྱུར་བའི་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་སྐོར་གླེང་འགོ་ཚུགས།
སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་འོད་ཞུ་བ་དེས་བཤད་རྒྱུར།
སློབ་དེབ་དེ་བསྒྲུབས་པར་དཀའ་ལས་བསྐྱོན་པ།
བསམ་བློ་བཏང་བ། ཆུ་ཚོད་བཀོལ་བ། རྒྱུ་འབྱོར་བཏང་བ་སོགས་བྱས་ནས་དཀའ་ལས་ཞེ་བོ་བརྒྱབ་པ་ཡིན། འོན་ཀྱང་སྤྱི་ཚོགས་ཐོག་དེའི་ཐད་ལ་རྙོག་གླེང་ཆེན་པོ་བྱུང་པ་རེད། ཁྱེད་ཚོས་ཤེས་དགོས་པ་གཅིག་ནི་ཨ་རིའི་བོད་ཀྱི་གཟའ་མཇུག་སློབ་དེབ་དེ་ཁ་སྐད་སློབ་དེབ་རེད། བརྡ་སྤྲོད་སློབ་དེབ་མ་རེད་དཱ།
སྔོན་འགྲོའི་སྐབས་སུ་ང་ཚོས་ཕྲུ་གུ་ཚོར་སྐད་ཆ་བསླབ་དགོས་རེད། བརྡ་སྤྲོད་སློབ་དགོས་ཀི་མ་རེད།
དེ་འདྲ་ཡིན་ཙང་སློབ་དེབ་འདི་ལ་ཏན་ཏན་བོད་ཡིག་གི་བརྡ་སྤྲོད་དང་མི་མཐུན་པའི་ཆ་ཡོད་སྲིད་པ་རེད། ཡིན་ན་༼འོན་ཀྱང་༽དེ་གཙོ་བོ་མ་རེད། ང་ཚོས་ཕྲུ་གུ་རྣམས་ལ་ཐོག་མར་སྐད་ཆ་བསླབ་དགོས་རེད། བརྡ་འཕྲོད་དུ་འཇུག་དགོས་པ་རེད་ཅེས་སློབ་དེབ་དེའི་ནང་བོད་ཡིག་གི་བརྡ་སྤྲོད་ཆོས་ཉིད་ཀྱི་རྐང་ལག་ཞ་འཐེང་དུ་བསྒྱུར་ཡོད་པ་དེ་མི་སྐྱོན་མདོག་མདོག་གི་སྐད་ཆ་མང་དག་ཅིག་བཤད།
དེ་ལ་ཚོགས་བཅར་པ་དགེ་རྒན་ཞིག་གིས་ཨ་རིའི་བོད་ཀྱི་གཟའ་མཇུག་སློབ་དེབ་དེ་ཁ་ཕྱེས་ནས་སྣང་གསལ་འོད་ལགས། གལ་སྲིད་ཁྱེད་ཀྱིས་སློབ་དེབ་འདི་ཁ་སྐད་རྐྱང་བ་བྱས་ནས་བསྒྲུབས་པ་ཡིན་ན། ཁྱེད་ཚོས་གཤམ་གྱི་རི་མོ་འདི་དག་ངོས་འཛིན་བྱེད་ཐུབ་བམ་སོགས་ཀྱིས་མཚོན་པའི་ཚིག་གྲུབ་མང་བོ་ཞིག་བོད་སྐད་ཡིག་གི་བརྡ་སྤྲོད་འགྲོ་སྟངས་དང་ཡོངས་སུ་མཐུན་པོ་བྱས་འདུག་གཱ
དེ་ག་རེ་ཡིན་ནམ། ཁ་སྐད་སློབ་དེབ་ཡིན་ན་ཁ་སྐད་རྐྱང་རྐྱང་བྱས་ནས་མི་བསྒྲུབས་དོན་ཅི་ཡིན་གྱི་དྲི་བ་གནད་འགག་ཅན་བཏོན།
རྩོམ་སྒྲིག་པས་དེའི་ལན་ལ་འཛུམ་མདངས་མདོག་མེད་ཅིག་ཕྱུང་བ་དང་ལྷན་དུ་ཤེས་རིག་ལས་ཁུངས་ཀྱི་འཐུས་ཚབ་པར་ཟུར་མིག་གིས་བརྒྱབ་པ་དེ་རེད། ངག་མི་སྨྲ་བར་མགོ་བོ་ལྕོག་ལྕོག་ཙམ་བྱས་པ་དེ་རེད།
གཞན་ཡང་རྩོམ་སྒྲིག་པ་ཁོང་གིས་སློབ་དེབ་དེའི་སྒྲིག་གཞི་དང་ཇུས་འགོད། རི་མོའི་མཚོན་དོན་སོགས་ཀྱི་ཁྱད་ཆོས་ཡག་པོ་འགའ་རེ་ཏག་ཏག་གླེང་སོང་སྟེ་འདི་ནས་རྒྱས་འབྲི་བྱས་མེད།

མདོ་དོན། བོད་ཀྱི་ཡི་གེའི་བརྡ་སྤྲོད་ལུགས་དང་རྒྱབ་འགལ་དུ་གྱུར་བའི་བྱང་ཨ་རིའི་བོད་ཀྱི་གཟའ་མཇུག་སློབ་དེབ་དེ་སྤྱི་ཚོགས་ཐོག་བཀྲམས་ཟིན་ཀྱང་། བོད་ཀྱི་སློབ་གྲྭ་ཁག་ནས་སློབ་དེབ་དེ་སྤྱོད་མི་སྤྱོད་ཀྱི་སྐོར་རེད། དགེ་རྒན་ཚོས་དེའི་སྐོར་ལ་གླེང་སློང་རབ་དང་རིམ་པ་བྱས་ནས་བསམ་ཚུལ་མང་བོ་བཏོན།
གོ་བ་མེད་པའི་ཚོགས་བཅར་པ་གླང་རྒན་ལ་ལས་ཤེས་རིགས་ལས་ཁུངས་དང་རྩོམ་སྒྲིག་པ་ཚོས་སློབ་དེབ་དེའི་ཆེད་དུ་འགྲོ་སོང་བཏང་། དུས་ཚོད་བཀོལ། དཔར་བསྐྲུན་བྱས་ཟིན་པ་ན། སློབ་དེབ་དེ་རང་སོར་བཞག་ནས་སློབ་གྲྭ་ཁག་ནས་ཕྲུ་གུ་ཚོར་འཁྲིད་དགོས་རེད་ལབ་སོང་། སྐད་ཆ་དེ་ལ་རྩོམ་སྒྲིག་པ་དང་ཤེས་རིག་ལས་ཁུངས་ཀྱི་འཐུས་ཚབ་པ་གཉིས་ཀྱིས་མགོ་ལྕོག་དྲིལ་བུ་ལྟར་གཡུགས་ཤིང་འཛུམས་དམུལ་མུ་ཏིག་ལྟར་བཞད་སོང་།
དེ་མཚམས་ཤིག་ནས་ཡི་ཤེས་རྒྱ་མཚོ་ལགས་དང་དགེ་རྒན་གཞན་པ་ཞིག་གཉིས་ནས་དྲི་བ་གནད་ཅན་རེ་བཏོན་གནང་བ་སྟེ།
སློབ་དེབ་འདི་ལ་ནོར་འཁྲུལ་ཏན་ཏན་ཡོད་བསྡད་པ་ཞིག་རེད།
དེ་བས་བསྐྱར་ཞིབ་ཡག་པོ་མ་གནང་བ་ཡིན་ན་སློབ་དེབ་དེ་སྤྱི་ཚོགས་ཐོག་ཞེ་བོ་གཅིག་མ་དགྲམ་ན་ཡག་པོ་རེད། ང་ཚོས་ཤེས་གསལ་ལྟར་སློབ་དེབ་འདིའི་ཐད་ལ་བོད་ནང་ནས་ཀྱང་བསམ་འཆར་བཏོན་ཡོང་གི་འདུག་ཅེས་དགོངས་ཚུལ་བསྡུས་པ་བཏོན། ཕལ་ཆེར་ཁོང་གཉིས་ཀྱིས་བསམ་ཚུལ་གཅིག་པ་འདྲ་བོ་བཏོན་སོང་སྙམ་ནས་རེ་རེ་བྱས་ནས་འདིར་བྲིས་མེད།
དེ་ལ་རྩོམ་སྒྲིག་པ་དང་ཤེས་རིག་ལས་ཁུངས་འཐུས་ཚབ་པས་ལན་ཅི་ཡང་བཏབ་མ་སོང་ཡང་། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིག་ལགས་ཀྱིས་དེ་མ་ཐག་ཏུ་འདོད་ཚུལ་བཤད་པ་དེ་སོ་སོས་རང་དབང་རེད།
ཐག་ཅི་ལྟར་གཅོད་དགོས་མིན་དེ་གཞུང་ལ་ཐུག་ཡོད་ཟེར།
མདོར་དྲིལ་ན། བོད་དགེ་གཞན་པ་རྣམ་པས་འདོད་ཚུལ་གཅིག་སྤུངས་ལྟ་བུ་གནངས་ནས་མང་མོས་སྒོས་སློབ་དེབ་དེ་བསྐྱར་བཅོས་མ་བྱས་ན་སློབ་གྲྭ་སོ་སོ་ནས་དངོས་སུ་བཀོལ་སྤྱོད་བྱས་ན་ཡག་པོ་མེད་པའི་དགོངས་ཚུལ་བཏོན་ཅིང་གནས་ལུགས་བགྲངས། རེ་བ་ཞུས་ཤིང་ལག་པ་བཀྱགས།
མཐར། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་ད་འདི་འདྲ་བྱས་ན་ག་འདྲ་འདུག
སློབ་དེབ་དེ་དཔར་བསྐྲུན་བྱས་ཟིན་པ་རེད། སྤྱི་ཚོགས་སྟེང་བཀྲམས་ཚར་བ་བཅས་ཡིན་དུས། སོ་སོའི་སློབ་གྲྭའི་དགེ་རྒན་ཚོས་སློབ་ཁྲིད་གནང་ནས་ཚོད་ལྟ་ཞིག་བྱས་ན་འགྲིག་གི་འདུག་གམ། ནོར་བ་དེ་དག་མི་འགྲིག་འདོད་ན་དགེ་རྒན་གྱིས་སློབ་ཁྲིད་གནང་བའི་ཁ་ཐུག་དེར་བཟོ་བཅོས་བྱས་ནས་འཁྲིད་ན་ག་འདྲ་འདུག ཡང་ན་སློབ་གྲྭ་སོ་སོའི་ནང་ཚོགས་ཆུང་བསྡུས་ནས་གང་འགྲིག་མེད་པ་དེ་ཡི་གེར་བྲིས་ནས་ཤེས་རིག་ལས་ཁུངས་ལ་བསམ་ཚུལ་གྱི་ཚུལ་དུ་ཕུལ་ན་ཅི་འདྲ་འདུག་ཅེས་གང་མགྱོགས་སྒོས་སློབ་དེབ་བསྐྱར་བཅོས་བྱེད་པར་འདོད་མོས་དེ་ཙམ་མེད་པའི་བསམ་ཚུལ་བརྗོད།
འདིར་གསལ་བོར་ཞུ་ཡ་ཞིག་ལ། ངས་ནི་སློབ་དེབ་བསྐྱར་ཞིབ་བྱ་བར་ཐག་བཅད་བཞག་པའི་སྐད་ཆ་ཞིག་ཚོགས་ར་ནས་གོ་མ་སོང་ཡང་། གྲོགས་པོ་རེ་འགས། ད་འགྲིག་སོང་། སློབ་དེབ་བསྐྱར་བཅོས་བྱ་དགོས་པ་དེ་གཏན་ཁེལ་བྱས་སོང་ཞེས་ཁ་བརྡའི་ཚུལ་གྱིས་བརྗོད། དེ་ལྟར་ཡིན་པའི་རེ་བ་ངས་ཀྱང་བྱས་ནས་ཡོད།

ཚོགས་བཅར་དགེ་རྒན་རྣམ་པས་བསམ་ཚུལ་བཏོན་པའི་བར་གླགས་རེ་རེ་ནས་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་ལྷུག་དགོད་ཆུང་ཆུང་དང་བཅས་ཀུ་རེ་འདྲ་བོ་རྩེས་ཡོང་ནས་ཚོགས་རའི་ནང་འཁྲུག་ཆ་དིར་རེར་བཏང་འགྲོ་ལ། དེར་ཡོད་ལྷན་རྒྱས་རྣམ་པ་དགོད་ཙམ་དང་འཛུམས་ཙམ་བྱས་ནས་སྐུ་ངོ་ལགས་ཞེས་གུས་ཉམས་བསྟན།
མདོར་བསྡུས་ན། ཤེས་རིག་ལས་ཁུངས་དང་སློབ་དེབ་རྩོམ་སྒྲིག་པའི་ངོས་ནས་མ་འོངས་པར་འཛིན་རིམ་བཞི་བ་དང་ལྔ་པ། དྲུག་པའི་སློབ་དེབ་མ་ཕྱི་གྲ་སྒྲིག་བྱས་ཟིན་ནའང་། དཔར་བསྐྲུན་འགྲེལ་སྤེལ་བྱས་མེད་པ་རེད། དེར་བརྟེར་མ་འོངས་པར་སློབ་དེབ་དེ་དག་ཅི་ལྟར་བསྒྲུབ་དགོས་པའི་ཕྱོགས་ལ་བསམ་ཚུལ་སྤུངས་རོགས་ཞེས་ཡང་ཡང་རེ་སྐུལ་གནངས།
ཐེངས་འདིའི་བོད་སྐད་ཡིག་གི་ཚོགས་འདུའི་ཐོག་བགྲོ་གླེང་འཁྲུག་པོ་འདྲ་བོ་བྱས་སོང་ལ། མ་འོངས་པར་ཡིག་གཟུགས་དབུ་ཅན་དང་དབུ་མེད་གཉིས་ཀྱི་གང་ཞིག་དགོལ་དགོས་དང་མི་དགོས། ཡང་ན་དབུ་ཅན་དང་དབུ་མེད་གཉིས་ཀ་བཀོལ་དགོས་སོགས་བརྗོད་གཞི་ཁ་ཤས་སྟེང་ལ་ཕྱོགས་སོ་སོ་ནས་གྲོས་ཁ་བསྡུར་ཞིང་གླེང་བརྗོད་མང་བོ་སྤེལ་སོང་ནའང་ཀུན་པོ་ནི་འདིར་འགོད་ཐབས་མ་བྱུང་ངོ་། །

༢༠༡༦ ༡༠ ༢ ཉིན། ཨ དོན་ཉིས་ཚོགས་འདུའི་ཡུལ་དངོས་ནས་མཉན་ཞོར་དུ་བྲིས།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s